སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་གཅིག་པ། ནད་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་གཅིག་པ། ནད་ཀྱི་མཚན་ཉིད་བསྟན་པ།

བཞི་པ་སོ་སོའི་མཚན་ཉིད་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ། གཞུང་དོན་རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བསྟན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ནད་འཇུག་པའི་ཚུལ་བསྟན་ཟིན་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །རྣམ་པར་གྱུར་པ་ཉེས་པ་དངོས་འབྱུང་བར་འགྱུར་བའི་མཚན་ཉིད་ནི་རང་རང་གི་ལྡང་ཚད་ལས་མང་དུ་འཕེལ་བ་དང༌། དེ་ལས་ཉུང་དུ་ཟད་པ་དང༌། ཕན་ཚུན་འཁྲུགས་པ་དེ་རྣམ་པ་གསུམ་གྱིས་བསྡུས་སོ། །འཕེལ་ཟད་འཁྲུགས་གསུམ་པོ་དེ་ཡང་རླུང་ལ་སོགས་པའི་ནད་དང༌། དངས་མ་ལ་སོགས་པའི་ལུས་ཟུངས་དང༌། བཤང་གཅི་ལ་སོགས་པའི་དྲི་མ་དང་རྣམ་པ་གསུམ་པོ་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དེ་གསུམ་པོ་ལའང་འཕེལ་ཟད་ཀྱི་རྒྱུ་རེ་རེ་དང༌། དེའི་མཚན་མའམ་རྟགས་རེ་རེ་སྟེ་རྣམ་པ་གཉིས་གཉིས་ཀྱི་སྒོ་ནས་གསལ་པོར་བསྟན་པར་བྱའོ། །ཞེས་པའོ། །གཉིས་པ་གཞུང་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། འཕེལ་ཟད་བཤད་པ། འཁྲུགས་རྟགས་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས། འཕེལ་ཟད་ཀྱི་རྒྱུ་དང་དེའི་རྟགས་བཤད་པའོ། །དང་པོ་ལ་གསུམ། ནད་འཕེལ་ཟད་ཀྱི་རྒྱུ། ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ། དྲི་མ་འཕེལ་ཟད་ཀྱི་རྒྱུ་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ཟས་དང་སྤྱོད་ལམ་གཉིས་ཀ་མི་འདོད་པ་དེ་མི་འཕྲོད་ལ། དེ་བྱིན་ན་འཕེལ་བར་གྱུར། སྤངས་ན་ཟད་པར་འགྱུར་བའོ། ཕྱོགས་གཅིག་དཔེར་མཚོན་ན། རོ་ཁ་བ་དང་ནུས་པ་རྩུབ་ཡང་གི་ཟས་དང་སྤྱོད་ལམ་རླུང་སྐྱེད་པར་བྱེད་པ་རྣམས་རླུང་གི་ནད་ལ་མི་འདོད་པ་དེ་མི་འཕྲོད་ལ། དེ་རྣམས་བྱིན་ན་རླུང་འཕེལ་བར་འགྱུར། སྤངས་ན་ཟད་པར་འགྱུར་བའོ། །མཁྲིས་པ་བད་ཀན་གཉིས་ཀྱང་དེ་དང་འདྲའོ། །ཟས་དང་སྤྱོད་ལམ་གཉིས་སློང་བ་དེ་འཕྲོད་ལ། དེ་བྱིན་ན་ཟད་པར་འགྱུར། སྤངས་ན་འཕེལ་བར་འགྱུར་བའོ། །དེ་ཡང་ཕྱོགས་གཅིག་མཚོན་ན། རོ་ལན་ཚྭ་དང་ནུས་པ་སྣུམ་དྲོའི་ཟས་དང་སྤྱོད་ལམ་རླུང་སེལ་བར་བྱེད་པ་རྣམས་རླུང་ནད་ལ་འདོད་ཅིང་སློང་བ་དེ་འཕྲོད་ལ། དེ་བྱིན་ན་ཟད་པར་འགྱུར་ལ། སྤངས་ན་འཕེལ་བར་འགྱུར་བའོ། །བད་མཁྲིས་གཉིས་ཀྱང་དེས་འགྲེའོ། །ཞེས་འདོད་དོ། །འདི་འདྲ་བ་ནི་འཐད་པའི་སྐབས་ནམ་ཡང་མེད་དེ། ཟས་སྤྱོད་མི་འཕྲོད་པ་བསྟེན་ན་ནད་འཕེལ་བ་ནི་ཡིན་དུ་ཆུག་ཀྱང༌། སྤངས་ན་ཟད་པ་མི་འཐད་ལ། དེ་བཞིན་དུ་འཕྲོད་པའི་ཟས་སྤྱོད་བསྟེན་པས་ཟད་ལ་སྤངས་པས་འཕེལ་བར་འགྱུར་བ་ག་ལ་ཡིན། ཟས་སྤྱོད་འཕྲོད་མི་འཕྲོད་ཀུན་ཀྱང་བསྟེན་པ་དང་སྤང་བ་གཉིས་ལས་ནམ་ཡང་མ་འདས་ཤིང༌། སྤང་བླང་གཉིས་ཀས་ཀྱང་ནད་བསྐྱེད་ན་རེ་ཞིག་ཁྱེད་ཅག་རྣམས་ལ་ཀླན་ཀ་ཅི་ཡང་བརྗོད་དུ་མེད་དེ། མངོན་སུམ་དང༌། གྲགས་པ་དང༌། ཡིད་ཆེས་ཀྱི་ཚཛ་མ་གསུམ་ལས་འགོངས་པའི་ཕྱིར། འོན་ཀྱང་དེ་ལྟ་ན་རྟག་པར་འཕེལ་ཟད་ཀྱི་ཟུག་རྔུ་དང་ལྡན་པ་འབའ་ཞིག་ཏུ་ཐལ་བས་ནད་མེད་ཐ་མལ་དུ་གནས་པའི་སྐབས་ཤེས་བྱ་ལ་མི་སྲིད་པར་འགྱུར་རོ། །

གཞན་ཡང་ཁ་ཅིག་ན་རེ། ནད་ཟུངས་དྲི་མ་གསུམ་གྱི་དང་པོ་ཉེས་པ་འཕེལ་བ་དང་ཟད་པའི་སྐྱེས་བུ་གང་ཞིག་ཟས་སྤྱོད་མི་འདོད་སློང་དང་ཞེས་པ་མི་འཕྲོད་པ་དེ་བྱིན་ན་ཉེས་པ་འཕེལ་བར་འགྱུར་ཞིང༌། འཕྲོད་པ་བྱིན་ན་ཟད་པར་འགྱུར་ལ། དེ་བཞིན་དུ་འདོད་པ་སྤང་བ་དང༌། མི་འདོད་པ་བྱིན་པ་དེ་དང་དེས་ནད་འཕེལ་བ་དང་ཟད་པར་འགྱུར་ཞེས་པའོ། །ཞེས་ཟེར་བ་ཡང་གོང་མ་དང་ཆ་མཚུངས་ཏེ་ལུང་རིགས་ལས་འདས་ཤིང༌། ཁྱད་པར་གོང་དུ། རྒྱུ་ལས་འཁྲུགས་བྱེད་མི་མཐུན་ཡོན་ཏན་འདོད། །ཅེས་པའི་སྐབས་སུ་གསོག་པ་དེ་ཉིད་ཀྱི་རྒྱུ་ལས་འཁྲུག་པར་བྱེད་ཅིང་རང་རང་དང་མི་མཐུན་པའི་ཡོན་ཏན་འདོད་དེ། རླུང་འཁྲུགས་པས་ན་སྣུམ་པ་ལ་སོགས་པ་འདོད་ཅིང༌། མཁྲིས་པ་འཁྲུགས་པས་ན་བསིལ་བ་འདོད་ལ། །བད་ཀན་འཁྲུགས་ན་དྲོ་བ་འདོད་པའོ། །ཞེས་རང་གིས་བཤད་པ་དང་འགལ་ལ། ཟླ་ཟེར་གྱི་ཚིག་དྲངས་པ་དེ་ཡང་ནེ་ཙོའི་འདོན་པ་བཞིན་དུ་སོང་བ་ཡིན་ཏེ། དེ་ཉིད་ལས། ཟས་གང་མི་འདོད་དེ་བཞིན་སློང༌། །དེ་ལ་མི་འཕྲོད་འཕྲོད་པ་ནི། །སྤང་དང་སྦྱིན་པར་བྱ་བ་དང༌། །དེ་དང་དེས་འཕེལ་ཟད་པར་འགྱུར། །ཞེས་བྱ་བ་ལ། བཟའ་བར་བྱ་བའི་ཟས་གང་སྐྱེས་བུ་མི་འདོད་ཅིང་འགྲངས་པ་དང༌། ཡང་ཟས་གང་སློང་ཞིང་འདོད་པར་བྱ་བ་དེ་དང་དེ་ལས་ཟས་མི་འཕྲོད་པ་དང་ཞི་འགྲས་པ་ནི་སྤང་ཞིང་མི་བཟའ་བ་དང༌། འཕྲོད་པ་དང་ཡིད་ལ་འདོད་པ་ནི་སྦྱིན་ཞིང་བཟའ་བར་བྱ་བ་གང་ཡིན་པ་དེ་དང་དེས་ནི་ནད་འཕེལ་བ་དང་ཟད་པར་འགྱུར་རོ། །དེ་ཡང་འདོད་ཅིང་སློང་བའི་ཟས་མི་འཕྲོད་པ་མེད་པར་གྱུར་ན་བཟའ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཉེས་པ་ཕྱིན་ཅི་ལོག་པ་དང༌། མཐུན་པས་སྲེད་པ་སྐྱེད་བྱེད་དེ། །ཕལ་ཆེར་འཕེལ་དང་ཟད་པ་དག །མི་མཁས་པས་ནི་མི་ཤེས་སོ། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པས་ཉེན་པ་དག་ནི་ཕྱིན་ཅི་ལོག་པ་དང༌། མཐུན་པ་དག་གི་སྲེད་པ་སྐྱེད་པར་བྱེད་དེ། ཇི་ལྟ་བུར་བྱེད་ཅེ་ན། འཕེལ་བ་དང་ཟད་པ་དག་གིས་བྱེད་དེ། དེ་ཡང་འཕེལ་བར་འགྱུར་བ་ནི་རང་གི་ཡོན་ཏན་དང་མི་མཐུན་ཞིང་ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱི་ཡུལ་དེ་ལ་སྲེད་ཅིང་དགའ་བ་བསྐྱེད་པར་བྱེད་དེ། དེ་ཡང་ཕལ་ཆེར་ཏེ་ཐམས་ཅད་ལ་ནི་མ་ཡིན་ནོ། །ཟད་པ་ནི་ཟས་ཀྱི་རིགས་སུ་གཏོགས་པ་དང་ཆ་འདྲ་ཞིང་མཐུན་པའི་ཡོན་ཏན་གྱི་ཡུལ་དེ་ལ་མཐུན་པའི་ཡོན་ཏན་གྱི་ཡུལ་དེ་ལ་མཐུན་པའི་སྲེད་པ་བསྐྱེད་པར་བྱེད་དེ། ཇི་ལྟར་རླུང་འཕེལ་བ་ལས་ཟས་སྣུམ་པ་དང་སྐྱུར་བ་དང་མངར་བ་ལ་དགའ་བ་བསྐྱེད་པར་བྱེད་པའོ། །མཁྲིས་པ་འཕེལ་བས་ནི་གྲང་བ་དང་བསིལ་བ་ལའོ། །བད་ཀན་འཕེལ་བས་ནི་ཁ་བ་དང་རྩུབ་པ་ལ་སྲེད་པ་སྐྱེད་པར་བྱེད་པའོ། །དེ་ལ་ཟད་པས་ཏེ་རླུང་ཟད་པས་ནི་སྣུམ་པ་དང་ལན་ཚྭ་ལའོ། །མཁྲིས་པ་ཟད་པས་ནི་སྐྱུར་བ་ལ་སོགས་པ་ལའོ། །བད་ཀན་ཟད་པས་ནི་ཟས་སྣུམ་པ་དང་མངར་བ་ལ་སོགས་པ་ལ་དགའ་བ་སྐྱེད་པར་བྱེད་པ་ནི་དངོས་པོའི་རང་བཞིན་ནམ་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ཉེས་པའི་རང་བཞིན་ནི་སྨན་པ་མི་མཁས་ཤིང་ཤེས་རབ་ཆུང་བས་མི་ཤེས་ཤིང༌། ཡུལ་དེའི་རང་བཞིན་ཤེས་པ་དེ་ལ་མི་སྐྱེ་འོ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པ། རང་ཉིད་ཀྱི་འདོད་པ་དང་ལུང་གི་དོན་འགལ་བར་མ་རྟོགས་པ་ཡིན་ནོ། །གཞན་ཡང༌། སློབ་དཔོན་གྱིས། ཡང་ན་ནད་པ་ལ་ནད་དམིགས་དང་སྦྱར་ཏེ་ཟས་སྦྱིན་པ་ལས། ཕན་པའི་ཟས་དེ་མི་འདོད་ཅིང་ཁ་ཟས་མི་འཕྲོད་པ་གཞན་འདོད་ཅིང་སློང་ན་སྨན་པས་དེ་ལ་ནད་དང་ཟས་སུ་མི་འཕྲོད་པ་ནི་མ་བྱིན་ཅིག་ནད་ལ་ཟས་ཕན་ཞིང་མི་འཕྲོད་པ་མེད་ན་ནི་ཅི་འདོད་པ་བྱིན་ཅིག ཡོངས་ནི་ནད་པའོ་ཅོག་ནད་དང་མི་འཕྲོད་པའི་ཟས་ལྟ་བུ་ཡི་གར་འོང་ཞིང་ཕྱིན་ཅི་ལོག་ཏུ་བྱེད་པའང་ཡོད། ལ་ལ་ནི་ནད་ལ་ཕན་པའི་ཟས་འདོད་ཅིང་ཡི་གར་འོང་ཞིང་མཐུན་པ་ཡང་ཡོད་དེ། དེ་ལྟ་བུ་ནད་དང་ཁ་ཟས་འཕྲོད་དམ་མི་འཕྲོད། ནད་ཀྱི་ཚུལ་དང་འཕྲོད་དམ་མི་འཕྲོད་བརྟགས་ལ་ཁ་ཟས་བྱིན་ནོ། །ཡོངས་ནི་མི་མཁས་མི་ཤེས་པ་ཀུན་ལུས་ལ་ཕན་ཞིང་བརྟ་བར་གྱུར་པ་དང༌། ནད་པའི་ལུས་ལ་གནོད་ཅིང་ཟད་པར་བྱེད་པའི་དམིགས་མི་རྟོག་མི་སེམས་ཏེ། རླུང་དང་མཁྲིས་པ་དང་བད་ཀན་ལྟ་བུ་སོ་སོའི་ནད་དཀྱེལ་སྐྱེས་ནས་ནད་ཀྱི་མཐུར་གྱུར་ན་ལུས་ལ་ནད་ཀྱིས་རྒྱས་ནས་ལུས་བདེ་བའི་ཉམས་ཆགས་ནི་བྲི་ཞིང་ཟད། ནད་ཀྱི་དཀྱེལ་ནི་ཞུགས་པ་ཡིན་ནོ། །ཞེས་བཤད་པ་དག་གིས་ཀྱང་ཁྱོད་གཉིས་ཀ་ལ་གནོད་པར་འགྱུར་བའི་ཕྱིར་རོ། །ཡོངས་ནི་ལུང་འདི་གཉིས་ཀའི་དོན་མཐུན་པར་ནད་འཕེལ་ཟད་དུ་གྱུར་ཟིན་པའི་ཟས་སྤྱོད་ཀྱི་དབང་དུ་བྱས་པར་སྣང་ལ། བཤད་བྱའི་གཞུང་འདིར་ནི། ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲོད། །ཅེས་པ་ལ་སོགས་པ་ནད་འཕེལ་ཟད་དོན་གྱིས་འབྱུང་བའི་རྒྱུར་བཤད་པའི་དགོངས་དོན་སོ་སོར་ཤེས་དགོས། གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་ཟད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཟུངས་དྲི་མ་གསུམ་ལས་དང་པོ་ཉེས་པ་རླུང་ལ་སོགས་པ་འཕེལ་བ་དང༌། ཟད་པར་འགྱུར་བའི་རྒྱུའི་གཙོ་བོ་ནི་གང་གིས་བྱེད་པར་འགྱུར་སྙམ་ན། དེ་ཡང་གཞུང་འདི་ལ་དགོས་པ་མང་པོ་ཞིག་ལ་སེང་གེའི་ལྟ་སྟངས་དང༌། རུས་སྦལ་མཆོངས་འགྲོས་སོགས་ཀྱི་སྒོ་ནས་འཆད་དགོས་པ་མང་དུ་ཡོད་ཀྱང༌། ཕལ་ཆེར་མགོ་འཁོར་ཞིང་གཞུང་འདི་ནི་མ་དག་གོ་སྙམ་ནས་འཆོས་པར་འགྱུར་བའི་ཉེན་ཡོད་པས་ན་སྔར་བཞིན་ཐེམ་སྦྱོར་གྱི་ཚུལ་དུ་བཤད་པར་བྱའོ། །འདི་ཡང་དུས་ལ་བལྟོས་པ་སྟེ། མི་གང་ཞིག་ནད་འཕེལ་བ་དང་ཟད་པ་གང་ཡང་རུང་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ཟས་དང་སྤྱོད་ལམ་ལོག་པར་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ཡང་ལོགས་སུ་བཀར་ནས་དམིགས་ཀྱིས་བསལ་ན། རླུང་ལྟ་བུ་དོད་ཀྱི་འཕེལ་བ་དང་ཟད་པར་འགྱུར་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ཤ་ཆང་ལ་སོགས་པ་མངར་བའི་ཟས་རྣམས་ཡི་གར་མི་འདོད་ཅིང༌། དེའི་དབང་གིས་སྤངས་ཤིང་མ་ཟོས་པ་དང༌། སྐྱབས་ཁུར་དང་ཇ་ལ་སོགས་པ་ཁ་བསྐའི་བཟའ་བཏུང་སྙིང་ལ་འདོད་པས་སློང་ཞིང་དེ་ལ་བྱིན་ནས་ཟོས་པ་དང༌། དེ་བཞིན་དུ་དྲོ་ཞིང་དལ་བའི་སྤྱོད་ལམ་མི་འཕྲོད་དོ་སྙམ་པ་དང༌། ཡང་རྩུབ་ཀྱི་སྤྱོད་ལམ་འཕྲོད་དོ་སྙམ་ནས་དེ་གཉིས་རིམ་པ་ལྟར་སྔ་མ་སྤང་བ་དང་ཕྱི་མ་གཞན་གྱིས་གནང་བ་བྱིན་ཞིང་བརྟེན་པ་དེ་ལྟ་བུས་རླུང་ནད་འཕེལ་ཞིང་ཡང་ན་ཟད་པར་འགྱུར་བ་ཡིན་ནོ། །དེ་ཡང་ཟས་མི་འདོད་པ་དང་སྤྱོད་ལམ་མི་འཕྲོད་དོ་སྙམ་པ་སྤངས་པས་འཕེལ་ཞིང་ཟས་འདོད་ནས་སློང་བ་དང་སྤྱོད་ལམ་འདི་ནི་འཕྲོད་དོ་སྙམ་པ་གཞན་གྱིས་སྦྱིན་པའམ་རང་གི་བློས་བརྟགས་ནས་སྤྱད་ཀྱང་རུང་ཟད་པར་འགྱུར་ཏེ་གཞན་ལའང་ཤེས་པར་བྱའོ། །གཉིས་པ་ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ལུས་ཀྱི་མེ་དྲོད་མཁྲིས་པ་འཇུ་བྱེད་དེ་མ་ཉམས་པར་རང་གནས་ན་འདུག་པ་དེའི་ཆ་ཤས་ཀྱི་མེ་དྲོད་ལུས་ཟུངས་བདུན་པོ་ཀུན་ལ་གནས་པ་སྟེ་མེ་དྲོད་རྣམས་འབར་ན་ལུས་ཟུངས་འཕེལ་བར་འགྱུར་ལ། མེ་དྲོད་དེ་རྣམས་བྲི་ན་ལུས་ཟུངས་ཟད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕོ་བའི་མེ་དྲོད་དེ་འབར་ན་ཟས་སྐོམ་ཞུ་བས་ལུས་ཟུངས་ཀྱི་དང་པོ་དྭངས་མ་རྒྱས། དྭངས་མ་རྒྱས་པས་ཁྲག་རྒྱས། ཁྲག་རྒྱས་པས་ཤ་ཚིལ་རུས་རྐང་ལ་སོགས་པ་ཕྱི་མ་རྣམས་རྒྱས་པར་བྱེད་དོ། །ཕོ་བའི་མེ་དྲོད་བྲི་བས་ཟས་མ་ཞུ་སྟེ་དངས་མ་འགྲིབ། དངས་མ་འགྲིབ་པས་ཁྲག་སོགས་ལུས་ཟུངས་དྲི་མ་རྣམས་འགྲིབ་པར་བྱེད་པའི་ཕྱིར་ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ་མེ་དྲོད་འབར་བ་དང་བྲི་བ་ལས་ཤེས་པར་བྱའོ། །ཞེས་པ་དང༌། ཡང་ཁ་ཅིག་ན་རེ། གཉིས་པ་ལུས་ཟུངས་ཀྱི་མེ་དྲོད་མཁྲིས་པ་འཇུ་བྱེད་དེ་མཉམ་པར་རང་གནས་སུ་འདུག་པའམ། དེའི་ཆ་ཤས་ལུས་ཟུངས་ལ་གནས་པ་སྟེ། ཕོ་བའི་མེ་དྲོད་འབར་བས་ཟས་སྐོམ་ལེགས་པར་ཞུ་བ་དང༌། ཕོ་བའི་མེ་དྲོད་བྲི་བས་ཟས་སྐོམ་མ་ཞུ་སྟེ་ལུས་ཟུངས་རྣམས་འཕེལ་བ་དང་ཟད་པར་བྱེད་པར་འགྱུར་ཏེ། ལུས་ཟུངས་ཀྱི་དང་པོ་དངས་མ་རྒྱས་པས་ཕྱི་མ་ཁྲག་ལ་སོགས་པ་རྒྱས་པར་བྱེད་པ་དང༌། དངས་མ་ཟད་ན་ཕྱི་མ་ཁྲག་ལ་སོགས་པ་འགྲིབ་པར་བྱེད་པ་ཡིན་ཞེས་པའོ། །ཞེས་ཟེར་རོ། །འདི་འདྲ་བས་ནི་ཕྱོགས་ཙམ་ཡང་མ་རྟོགས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གོང་དུ། མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས། །སྟོབས་རྒྱས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ། །ཞེས་སོགས་ཀྱི་དོན་དང་གཅིག་ཏུ་འཁྲུལ་པའི་ཕྱིར་རོ། །དེ་ཡང་གོང་དུ་བཤད་པ་དེ་ནི། མེ་དྲོད་རང་གི་ལྡང་ཚད་ལས་མ་གཡོས་པར་གནས་པ་དེ་དངས་མ་ལ་སོགས་པ་ལུས་ཀྱི་སྟོབས་རྒྱས་པར་བྱེད་པའི་གཞི་ཡིན་པས་ན་ལུས་བདེ་བའི་རྒྱུ་ཡིན་ལ། སྐབས་འདིར་ནི་ལུས་ཟུངས་ལོག་པར་འཕེལ་བའམ་ཟད་པས་ལུས་ལ་ནད་སྐྱེད་པར་བྱེད་པའི་ཚུལ་སྟོན་པ་ཡིན་ཏེ། ནད་ཟུངས་དྲི་མ་གསུམ་ག་འཕེལ་ཟད་དུ་འགྱུར་བའི་རྒྱུ་བཤད་པའི་སྐབས་ཡིན་པའི་ཕྱིར། གཞན་ཡང་འོག་ནས། དྭངས་མ་འཕེལ་བས་བད་ཀན་དང་འདྲ་ལ། ཞེས་སོགས་ཀྱི་དྭངས་མ་འཕེལ་ཟད་ཀྱི་རྟགས་སྟོན་པའི་སྐབས་སུ་ལུས་ཟུངས་འཕེལ་བ་ནད་ཡིན་པར་བཤད་ཅིང༌། འདིར་ལུས་ཟུངས་འཕེལ་བ་ཡོན་ཏན་དུ་འདོད་པ་ནང་འགལ་ལ། ཁྱད་པར་དུ་ཉེས་པའི་མཚན་ཉིད་སྟོན་པའི་སྐབས་ཡིན་པ་ཙམ་ཡང་མ་ཤེས་པས་ནོངས་སོ། །གཞན་ཡང་གཞུང་མ་དག་པའི་རྗེས་སུ་འབྲངས་པས་ཀྱང་འཁྲུལ་ཏེ། གཞུང་རྙིང་དག་པ་རྣམས་ན། བྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། །ཞེས་འབྱུང་བའི་ཕྱིར།

དེ་ལྟར་ཡང་སློབ་དཔོན་གྱིས། ཡང་ལུས་ཀྱི་སྲོག་ཟུངས་བདུན་པོ་ཀུན་ལ་ལུས་ཀྱི་མེ་དྲོད་རང་རང་གི་གནས་ན་རན་པར་འདུག་པ་དེ་ལྟ་བུ་མེ་དྲོད་སྙོམས་པ་ནི་ལུས་ཀྱི་སྲོག་ཟུངས་ལ་བདེ་ཞིང་བརྟ་སྟེ་ཕན་པ་ཡིན་ནོ། །དེ་ལས་ལུས་ཀྱི་མེའི་དྲོད་ཧ་ཅང་འབར་ཆེས་ཏེ་ཚ་བར་གྱུར་ན་ལུས་ཀྱི་སྲོག་ཐམས་ཅད་འཚིག་ཅིང་ཟད་པར་བྱེད་དེ་གནོད་དོ། །དེ་ལ་དང་པོ་ཟས་ཀྱི་བཅུད་དྭངས་མ་རྒྱས་ཤིང་བརྟས་ན་དེ་བཞིན་དུ་སྲོག་ཟུངས་བདུན་པོ་གཅིག་ནས་གཅིག་ཏུ་ལེགས་པར་བརྟས་ཏེ་བདེ་བ་ཡིན་ནོ། །དེ་བཞིན་དུ་དང་པོར་ཟས་ཀྱི་བཅུད་དྭངས་མ་ཉམས་པར་གྱུར་ན་སྲོག་ཟུངས་བདུན་པོ་གཅིག་ནས་གཅིག་ཏུ་གནོད་ཅིང་ཟད་པར་བྱེད་དོ། །དེ་ལྟ་བས་ན་ཟས་ཀྱི་བཅུད་དྭངས་མ་ཉམས་པ་དེས་ནི་རླུང་ལས་མཁྲིས་པ་དང༌། མཁྲིས་པ་ལས་བད་ཀན་གྱི་ནད་གང་ཡང་སློང་བར་བྱེད་དོ་ཞེས་པ་དང༌། ཟླ་ཟེར་ལས་ཀྱང༌། ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་རྣམས་ལ་བསྟེན། །དེ་རྣམས་འགྲིབ་དང་རབ་འབར་བས། །ལུས་ཟུངས་འཕེལ་དང་ཟད་པར་འགྱུར། །ཞེས་བྱ་བ་ལ་ལུས་ཀྱི་མེ་དྲོད་ཅེས་བྱ་བ་ནི་ཕོ་བའི་མེ་དྲོད་དོ། །རང་གནས་འདུག་ཅེས་བྱ་བ་རང་གི་གནས་ཞུ་བ་དང་མ་ཞུ་བའི་བར་ན་འདུག་པ་དེའི་ཆ་ཤས་གང་ཡིན་པ་རྣམས་ལུས་ཟུངས་ལ་བརྟེན་ཅིང་གནས་པའི་ཆ་དེ་རྣམས་བྲི་ཞིང་ཉམས་དམད་པས་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་འཕེལ་བར་འགྱུར་ལ། ཆ་ཤས་དེ་རྣམས་ཉིད་དུ་རབ་ཏུ་འབར་ཞིང་སྟོབས་ཤིན་ཏུ་ཆེ་བར་གྱུར་པས་ན་ལུས་ཟུངས་རྣམས་ཟད་པར་འགྱུར་རོ། །ལུས་ཟུངས་དང་པོ་ཕྱི་མ་ནི། །རྒྱས་བྱེད་ཟད་པའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ལུས་ཟུངས་དང་པོ་དྭངས་མ་ཞེས་བྱ་བ་རྒྱས་པར་གྱུར་ན་དེའི་ཕྱི་མ་ཁྲག་ཅེས་བྱ་བའི་ལུས་ཟུངས་རྒྱས་པར་བྱེད་ལ། ལུས་ཟུངས་ཀྱི་དང་པོ་དྭངས་མ་ཟད་ན་ཕྱི་མ་ཁྲག་ཀྱང་ཟད་པར་འགྱུར་རོ། །ཞེས་གསལ་བར་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། གཉིས་པ་ཞེས་པ་ནས་འགྲིབ་བྱེད་ཡིན་ཞེས་པའི་བར་གྱིས་བསྟནཏེ། གཉིས་པ་ལུས་ཟུངས་འཕེལ་བ་དང་ཟད་པ་ཉེ་བར་བསྐྱེད་པའི་རྒྱུའི་གཙོ་བོ་ནི་ལུས་ཀྱི་མེ་དྲོད་མཁྲིས་པ་འཇུ་བྱེད་དེ་ཉིད་རང་གི་གནས་ཞུ་བ་དང་མ་ཞུ་བའི་བར་ན་འདུག་པ་དེའི་ཆ་ཤས་ལུས་ཟུངས་རེ་རེ་ཀུན་ལ་སོ་སོར་གནས་པ་དེ་རྣམས་ཀྱི་སྟོབས་བྲི་བ་དང་ཆེས་ཆེར་འབར་བས་ལུས་ཟུངས་རྣམས་རིམ་པ་བཞིན་དུ་འཕེལ་བ་དང་ཟད་པར་འགྱུར་ཏེ། དེ་ཡང་དང་པོ་འཕེལ་བ་ནི་ཕྱི་མ་རྣམས་ཀྱང་འཕེལ་ཞིང་རྒྱས་པར་བྱེད་པ་དང༌། དང་པོ་ཟད་པས་ནི་ཕྱི་མ་རྣམས་ཀྱང་འགྲིབ་པར་བྱེད་པར་འགྱུར་བ་ཡིན་ཏེ། དཔེར་ན་ཕོ་བའི་མེ་དྲོད་དང་ཁྲག་ལ་སོགས་པ་རང་རང་གི་མེ་དྲོ་ད་བྲི་ཞིང་ཉམས་པ་ན་ཕོ་བར་ཁ་ཟས་མ་ཞུ་བས་དྭངས་མའི་ཉེས་པ་ཆེར་འཕེལ་ཏེ་འོག་ནས་འབྱུང་བའི་ནད་རྟགས་རྣམས་སྟོན་ཞིང༌། དྭངས་མ་མ་ཞུ་བ་དེས་རྒྱུ་བྱས་ནས་ཁྲག་དང་ཤ་ལ་སོགས་པ་རྣམས་ཀྱང་རང་རང་གི་མེ་དྲོད་ཀྱིས་མ་སྨིན་པས་ན་ཕྱི་མ་ཕྱི་མ་རྣམས་ཀྱི་ཉེས་པ་ཚབས་ཆེར་འཕེལ་ཞིང་རྒྱས་ཏེ། སོ་སོའི་ནད་རྟགས་སྟོན་པར་བྱེད་ལ། དེ་བཞིན་དུ་ཕོ་བའི་མེ་དྲོད་སོགས་སྟོབས་ཆེར་འབར་དྲགས་ན་ཁ་ཟས་ཀྱི་དྭངས་མ་བསྐམ་པར་འགྱུར་ཞིང༌། དེ་བསྐམས་པས་ནི་ཟུངས་ཕྱི་མ་རྣམས་ཀྱང་ཟད་ཅིང་འགྲིབ་པར་གྱུར་ནས་རང་རང་གི་ནད་རྟགས་འོག་ནས་འབྱུང་བ་ལྟར་སྟོན་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་དྲི་མ་འཕེལ་ཟད་ཀྱི་རྒྱུ་བཤད་པ་ནི། དྲི་མ་ཞེས་སོགས་རྐང་པ་གཅིག་སྟེ། གཞན་ནས་བཤད་ཀྱང་དྲི་མ་འཕེལ་བའི་རྒྱུ་ནི། ནད་ཟུངས་གཉིས་འཕེལ་ཟད་དུ་གྱུར་པ་དེ་ཉིད་ཡིན་ལ། དེས་དྲི་མ་ལ་གནོད་ནས་འཕེལ་བའམ་ཟད་པར་འགྱུར་ཏེ། དེ་ཡང་དྲི་མ་རྣམས་རང་རང་གི་གནས་ལས་མི་འབྱུང་བར་ཐོགས་པ་དང༌། ཤིན་ཏུ་འབྱུང་བའི་མཚན་ཉིད་གཉིས་ལས་ཤེས་ཤིང་གོ་བར་བྱའོ། །གཉིས་པ་ནད་ལ་སོགས་པ་འཕེལ་ཟད་དུ་འགྱུར་བའི་རྟགས་བཤད་པ་ལ་གཉིས་ཏེ། འཕེལ་བའི་རྟགས་དང༌། ཟད་པའི་རྟགས་སོ། །དང་པོ་ལ་གསུམ། ནད། ལུས་ཟུངས། དྲི་མ་འཕེལ་བའི་རྟགས་སོ།།

དང་པོ་ནི། དེ་རྟགས་ཞེས་པ་ནས་དབུགས་མི་བདེ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ཉེས་པ་ལ་སོགས་འཕེལ་ཟད་ཀྱི་རྒྱུ་དང་རྟགས་དེ་གཉིས་སུ་ཡོད་པའི་དང་པོ་རྒྱུ་བཤད་ཟིན་ནས། གཉིས་པ་རྟགས་འཆད་པར་བྱེད་པ་ལས། འཕེལ་བའི་རྟགས་རྣམས་ཀྱི་ནང་ནས་རླུང་འཕེལ་བའི་རྟགས་ལུས་ཀྱི་ཆ་སྐེམ་ཞིང་ནག་པ་དང༌། དྲོད་ལ་དགའ་ཞིང་ལུས་འདར་བ་དང༌། ལྟོ་བ་སྦོ་ཞིང་བཤང་བ་སྲི་བ་དང༌། ཤིན་ཏུ་སྨྲ་བ་མང་ཞིང་མགོ་བོ་ཟི་ཐོམ་དུ་འཁོར་བ་དང༌། ལུས་སྟོབས་དང༌། གཉིད་དང༌། མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་བྱ་བ་ཉམས་ཏེ་རང་རང་གི་ཡུལ་ལ་མི་འཇུག་པ་ཡིན་ནོ། །དེ་བཞིན་དུ་མཁྲིས་པ་འཕེལ་བའི་རྟགས་སུ་རང་གི་བཤང་གཅི་དང༌། པགས་པ་དང༌། མིག་རྣམས་སེར་པོར་འགྱུར་ཞིང༌། གསུས་ཀྱང་བཀྲེས་ཤིང་སྐོམ་པ་དང་ལུས་དྲོད་ཚ་ཞིང་གཉིད་ཆུང་བ་དང༌། ཐུར་དུ་འཁྲུ་བར་བྱེད་པ་རྣམས་འབྱུང་ལ། བད་ཀན་འཕེལ་བས་ཀྱང་ལུས་ཀྱི་དྲོད་ཉམས་ཤིང་ཁ་ཟས་མི་འཇུ་བས་སྦོ་བ་དང༌། ལུས་ལྕི་ཞིང་པགས་མདོག་དཀར་བ་དང༌། ཁོང་སྙོམ་ཞེས་པ་བརྡ་རྙིང་སྟེ། ཟླ་ཟེར་ལས། ཁོང་སྙོམ་པ་ནི་སྤྲོ་བ་ཆུང་ཞིང་སྒྱིད་ལུག་པའོ། །ཞེས་པ་ལྟར་ཁོང་སྙོམ་ཞིང་ཡན་ལག་གི་ཚིགས་པ་རྣམས་ལྷོད་པ་དང༌། མཆིལ་མ་དང༌། ལུད་པ་མང་ཞིང་གཉིད་ཆེ་བ་དང༌། དབུགས་མི་བདེ་བ་རྣམས་འབྱུང་བ་ཡིན་པས་དེ་ལྟར་ཤེས་པར་བྱའོ། །

གཉིས་པ་ལུས་ཟུངས་འཕེལ་བའི་རྟགས་བཤད་པ་ནི། དྭངས་མ་ཞེས་པ་ནས་བུད་མེད་དད། ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཟུངས་རྣམས་ཀྱི་དང་པོ་དངས་མ་འཕེལ་བའི་རྟགས་ནི་བད་ཀན་འཕེལ་རྟགས་དང་འདྲ་སྟེ་མེ་དྲོད་ཉམས་པ་ལ་སོགས་པ་འབྱུང་ལ། ཁྲག་འཕེལ་བའི་རྟགས་ནི་གདོང་ལ་སོགས་པ་རྣམས་ལ་མེ་དབལ་ལམ་བྱང་གྱ་ཞེས་པའི་ནད་འབྲུམ་པ་དམར་ཙམ་ཀོ་ལེར་འབྱུང་བ་དང་ཁོང་པའི་ནང་འབྲས་དང་མཆེར་པའི་ནད་དང་མཛེ་སྐྲན་དང་ཁྲ་མཁྲིས་ཀྱི་ནད་དང༌། མིག་སེར་ཞེས་བྱ་བའི་ནད་དང་སོ་རྙིལ་སྐྲངས་པ་ལ་སོགས་པའི་ནད་དང༌། ལུས་སྐྱོད་པར་དཀའ་ཞིང་མིག་དང་གཅིན་དང་པགས་པ་རྣམས་དམར་པོར་འགྱུར་བ་དང༌། ཤ་འཕེལ་བའི་རྟགས་སུ་ལྦ་བ་དང་རྨེན་བུ་དང་ཤ་བྱིང་ནས་རྒྱས་པར་འགྱུར་བ་དང༌། ཚིལ་འཕེལ་བའི་རྟགས་སུ་ལུས་སེམས་ངལ་ཞིང་འཐིབ་པ་དང༌། ནུ་མ་དང་གསུས་པའི་ཚིལ་བུ་སྐྱེ་སྟེ་ཆེས་ཆེར་འགྲོ་བ་དང༌། རུས་པ་འཕེལ་བའི་རྟགས་སུ་རུས་པའི་སྟེང་དུ་རུས་ལྷག་དང་སོའི་གྲངས་ཚང་ནས་ཀྱང་སླར་སོ་ལྷག་འབྱུང་བ་ཡིན་ལ། རྐང་མར་འཕེལ་བའི་རྟགས་སུ་ལུས་ལྕི་ཞིང་མིག་གཡུང་བ་སྟེ་མིག་སྟངས་ཞན་པ་དང༌། རུས་ཚིགས་ཀྱི་ཁ་སྦོམ་པོར་འབྱུང་བ་དང༌། ལུས་ཟུངས་ཀྱི་ཐ་མ་ཁུ་བ་འཕེལ་བའི་རྟགས་སུ་ཁུ་བ་རང་ཉིད་ལ་བསྟེན་པའི་རྡེའུའི་ནད་དུ་འགྱུར་ཞིང་བུད་མེད་ལ་ཤིན་ཏུ་དད་དེ་རོ་ཙ་བའི་ནུས་པ་དག་འབྱུང་བ་ཡིན་ནོ། །གསུམ་པ་དྲི་མ་འཕེལ་བའི་རྟགས་བཤད་པ་ནི། བཤང་འཕེལ་ཞེས་པ་ནས་གཡའ་འདྲུལ་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། དྲི་མ་རྣམས་ཀྱི་ནང་ནས་བཤང་བ་འཕེལ་བའི་རྟགས་སུ་ལུས་ལྕི་ཞིང་ལྟོ་བ་སྦོ་བ་དང༌། རྒྱུ་མ་གཟེར་ཞིང་ཀྲུག་ཀྲུག་ཅེས་པའི་སྐད་འབྱུང་བ་དང༌། ལུས་སྐྱོད་དཀའ་བར་འབྱུང་བ་ཡིན་ལ། གཅིན་འཕེལ་རྟགས་སུ་ཆུ་སོར་ཟུག་ཅིང་ན། གཅིས་ཞེས་པ་བརྡ་རྙིང་པ་སྟེ་ཡང་ཡང་བཏང་བའི་དོན་ཡིན་ལ། འདིར་མ་གཅིས་ཞེས་པ་ཡང་ཡང་བཏང་ཡང་དེ་མ་ཐག་ཏུ་མ་བཏང་བ་ཡིན་ནམ་སྙམ་དུ་སེམས་པ་དག་འབྱུང་བ་དང༌། རྔུལ་འཕེལ་བའི་རྟགས་སུ་རྔུལ་ཕྱིར་དོན་ལ་ཤིན་ཏུ་ཆེ་ཞིང་དྲི་ཞིམ་པ་ལས་ཟློག་སྟེ་དྲི་མི་ཞིམ་པ་སྐྱེ་བ་དང༌། གཡན་པ་ལ་སོགས་པ་པགས་པའི་ནད་འབྱུང་བ་དང༌། ཕྲ་མོ་སྟེ་མིག་གི་རྔུ་མ་དང་སྣབས་དང་རྣ་སྦབས་དང་མཆིལ་མ་རྣམས་འཕེལ་བའི་རྟགས་སུ་རང་རང་གི་གནས་རྣམས་ལྕི་ཞིང་གཡའ་བའམ་བརྩེ་ལ་འདྲུལ་བར་བྱེད་པ་དག་འབྱུང་བ་ཡིན་ནོ། །འདིར་གཅིན་འཕེལ་བའི་སྐབས་ཀྱི་མ་གཅིས་ཞེས་པ་བརྡ་རྙིང་ཡིན་པ་མ་གོ་བར་བཅིངས་སྙམ་སེམས་ཞེས་བསྒྱུར་བ་རྣམས་ནི་མ་དག་པའོ། །གཉིས་པ་ཟད་པའི་རྟགས་བཤད་པ་ལ་བཞི་སྟེ། ནད། ལུས་ཟུངས། དྲི་མ། མདངས་ཟད་པའི་རྟགས་བཤད་པའོ། །དང་པོ་ནི། རླུང་ཟད་ཅེས་ནས་ལྷོད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། རླུང་ཟད་པའི་རྟགས་སུ་ལུས་ཀྱི་འབད་རྩོལ་ཆུང་ཞིང་སྨྲ་བའི་སྤྲོ་བ་ཉམས་པ་དང༌། ལུས་མི་བདེ་ཞིང་དྲན་པ་མི་གསལ་བ་དང༌། གོང་དུ་བཤད་པའི་བད་ཀན་འཕེལ་བའི་རྟགས་རྣམས་འབྱུང་བ་ཡིན་ལ། མཁྲིས་པ་ཟད་པའི་རྟགས་སུ་ལུས་ཀྱི་དྲོད་དང་པགས་པའི་མདོག་ཉམས་པས་རེག་བྱ་གྲང་ཞིང་ཁ་དོག་ནག་པོར་འབྱུང་ལ། བད་ཀན་ཟད་པའི་རྟགས་སུ་བད་ཀན་རང་གི་གནས་དངས་མ་དང་ཤ་ལ་སོགས་པ་སྟོངས་ཤིང་ཀླད་པའི་ཆ་ལའང་གནོད་པས་མགོ་བོ་འཁོར་བ་དང༌། སྙིང་འདར་ཞིང་རུས་ཚིགས་ཀྱི་མཚམས་མི་སྦྱོར་བར་ལྷོད་ལྷོད་པོར་འགྱུར་བ་དག་འབྱུང་བ་དག་ཡིན་ནོ།།

གཉིས་པ་ལུས་ཟུངས་ཟད་པའི་རྟགས་ནི། དྭངས་མ་ཞེས་པ་ནས་འཚིག་གམ་སེམས་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཟུངས་བདུན་གྱི་དང་པོ་དྭངས་མ་དེ་ཉིད་ཟད་པའི་རྟགས་སུ་ཤ་སྐེམ་ཞིང་ཁ་ཟས་མིད་པར་དཀའ་བ་དང༌། པགས་པ་རྩུབ་ཅིང་སྒྲ་ཆེར་བསྒྲགས་པ་རྣམས་ལ་མི་བཟོད་པའི་ནད་ལྡང་བར་འགྱུར་བ་དང༌། ཁྲག་ཟད་པའི་རྟགས་སུ་རྩ་ལྷོད་པ་སྟེ་སྟོང་སྟོང་པོར་གནས་ཤིང༌། པགས་པ་རྩུབ་པ་དང་བསིལ་བའི་རེག་བྱ་དང་སྐྱུར་བའི་ཁ་ཟས་ལ་དད་པ་དང༌། ཤ་ཟད་པའི་རྟགས་སུ་ལྷུ་ཚིགས་རྣམས་བཅག་པ་ལྟར་ན་ཞིང་རུས་པ་ལ་པགས་པ་འབྱར་བས་ཤིན་ཏུ་སྐམ་པོར་འགྲོ་བ་དང༌། ཚིལ་ཟད་པའི་རྟགས་སུ་གཉིད་ཆུང་ཞིང་ཤ་སྐེམ་པ་དང༌། པགས་མདོག་སྔོ་སྐྱར་འགྱུར་བ་དང༌། རུས་པ་ཟད་པའི་རྟགས་སུ་སྐྲ་བྱི་ཞིང་སོ་དང་སེན་མོ་འཕྱུང་བ་སྟེ་བུད་འགྲོ་བ་དང༌། རྐང་མར་ཟད་པའི་རྟགས་སུ་རུས་རྐང་གི་སྦུབས་སྟོང་བ་དང༌། མགོ་བོ་འཁོར་ཞིང་མིག་འགྲིབ་པར་འགྱུར་ལ། ཁུ་བ་ཟད་པའི་རྟགས་སུ་གསང་གནས་ལས་ཁྲག་འབྱུང་ཞིང་བདེ་བ་ཉམས་པས་ཤེས་པ་དང་གསང་སྒྲོ་དང་བཅས་པ་འཚིག་གམ་སྙམ་དུ་སེམས་པ་དག་འབྱུང་བ་ཡིན་ནོ། །གསུམ་པ་དྲི་མ་ཟད་པའི་རྟགས་ནི། བཤང་ཟད་ཅེས་པ་ནས་གནོད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དྲི་མ་རྣམས་ཀྱི་ནང་ནས་བཤང་བ་ཟད་པའི་རྟགས་སུ་རྒྱུ་མའི་ནང་དུ་རླུང་སྒྲ་དང་བཅས་ཤིང་འཁྱིལ་བ་དང༌། སྐབས་སུ་རླུང་གྱེན་དུ་འགྲོ་ཞིང་རྩིབ་ལོགས་དང་སྙིང་ག་ན་ཞིང་གཟེར་བ་དང༌། གཅིན་ཟད་པའི་རྟགས་སུ་གཅིན་མདོག་གློ་བུར་དུ་འགྱུར་ཞིང་སྲི་བའམ་ཡང་ན་ཉུང་ངུར་འབྱུང་བར་འགྱུར་བ་དང༌། རྔུལ་ཟད་པའི་རྟགས་སུ་པགས་པ་འགས་ཤིང་བ་སྤུའི་བུ་ག་རྣམས་བྱེ་སྟེ་འགྲེང་བ་དང་རང་བྱི་སྟེ་ལྷུང་བར་འགྱུར་བ་དང༌། ཕྲན་བུ་སྟེ་སྣོད་མཁྲིས་དང་མིག་གི་རྔུ་མ་སོགས་ཟད་པའི་རྟགས་སུ་རང་རང་གི་གནས་སྟོངས་ཤིང་ཡང་བ་ལས་གཅོང་ཆེན་ཟད་བྱེད་སོགས་ཤེས་པར་བྱའོ། །མདོར་ན་ལུས་ཟུངས་བདུན་པོ་ནི་རང་རང་གི་དྲི་མ་རྣམས་ལ་བརྟེན་ཏེ་གནས་པའི་ཕྱིར། དྲི་མ་རྣམས་འཕེལ་བས་ནད་བསྐྱེད་པ་ཡིན་དུ་ཟིན་ཀྱང༌། དེ་ལས་ཟད་པ་ཉིད་ལུས་ཀྱི་ཟུངས་སྟོབས་ལ་གནོད་པ་ཚབས་ཆེ་བ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ལྟར་ཡང༌། ཟླ་ཟེར་ལས། དྲི་མ་རྣམས་འཕེལ་བ་དང་ཟད་པ་གཉིས་ཀ་ཡང་ནད་སྐྱེད་པར་བྱེད་པ་ཡིན་ལ། དེ་ལས་ཀྱང་གང་ཞིང་ཟད་པར་གྱུར་པ་དེ་ནི་འཕེལ་བ་ལས་ཆེས་ལྷག་པར་གནོད་པའི་རྒྱུར་འགྱུར་བ་ཡིན་ཏེ། དེ་བས་ན། ལུས་ནི་དྲི་མས་བརྟེན་པས་ན། །འཕེལ་ལས་ཟད་པ་གནོད་པ་ཡིན། །ཞེས་བྱ་བ་ལ། ལུས་ཏེ་ཕུང་པོ་འདི་ནི་དྲི་མས་བརྟེན་ཞིང་གྲོགས་སུ་བྱས་པ་ཡིན་པས་དྲི་མ་རྣམས་འཕེལ་ཞིང་ལྷག་པར་གྱུར་པ་ལས་ཟད་ཅིང་འགྲིབ་པར་གྱུར་པ་ཆེས་ལྷག་པར་གནོད་པར་བྱེད་པ་ཡིན་ནོ། །ཞེས་བཤད་ཅིང༌། སྐབས་འདིར་སློབ་དཔོན་གྱིས། ནད་སོགས་རང་ཉིད་ཇི་ལྟ་བའི། །ཡོན་ཏན་འདི་དག་བཟློག་པ་དག །ཟད་པ་དང་ནི་འཕེལ་འགྱུར་ལས། །འཕེལ་འབྲི་སྨན་པས་ཤེས་པར་བྱ། །ཞེས་འགྲེལ་པ་དང་བཅས་པ་ལས་ཉེ་བར་གདམས་སོ། །བཞི་པ་མདངས་ཟད་པའི་རྟགས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། མ་རྟོགས་པ་དང་ལོག་པར་རྟོག་པས་རྒྱུད་གཏམས་པ་རྣམས་ན་རེ། འདིར་མདངས་ཟད་པའི་རྟགས་བཤད་ཀྱང༌། གོང་དུ་མདངས་འཕེལ་བའི་རྒྱུ་དང་རྟགས་མ་བཤད་པས་མ་ཚང་བའི་སྐྱོན་ཡོད་དོ་ཞེ་ན། གོང་དུ་བཤད་པ་ལྟར་ལེའུ་འདི་ནི་ནད་འཕེལ་ཟད་འཁྲུགས་གསུམ་གྱི་མཚན་ཉིད་སྟོན་པའི་སྐབས་ཡིན་ཞིང༌། འདི་སྐབས་ཀྱི་འཕེལ་ཟད་འཁྲུགས་པ་ཀུན་ཀྱང་ནད་ཡིན་ལ། ཁྱད་པར་དུ་མདངས་ཟད་པ་ནི་ནད་ཀྱི་མཐར་ཐུག་པ་ཡིན་དུ་ཟིན་ཀྱང༌། མདངས་འཕེལ་བ་ནི་ཧ་ཅང་ཆེས་ཆེར་འཕེལ་ཡང་ནད་མ་ཡིན་ཏེ། ལུས་དང་ཚེ་ཡུན་རིང་དུ་གནས་པར་བྱེད་པའི་རྒྱུའི་གཙོ་བོའམ་མཆོག་དམ་པ་ཡིན་པའི་ཕྱིར། དེ་ལྟར་ཡང༌། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཟུངས་ཁུ་བའི་མཐར་ཐུག་པའི། །ནང་ནས་གཟི་ཅན་མདངས་མཆོག་ཡིན། །སྙིང་ལ་གནས་ཀྱང་ཁྱབ་པ་དང༌། །ལུས་ནི་བརྟན་པར་གནས་པ་ཡིན། །གང་ཞིག་འཇིག་ན་ངེས་འཇིག་ལ། །གང་ཞིག་གནས་ན་གནས་འགྱུར་བ། །གང་ལས་དངོས་རྣམས་སྣ་ཚོགས་པ། །ལུས་ལ་བརྟེན་པར་འབྱུང་བ་ཡིན། །ཞེས་པ་དང༌། བསྡུས་པ་ལས་ཀྱང༌། འབྱུང་པོ་ཀུན་གྱི་མདངས་གང་ཡིན། །གཟི་ཅན་དེ་ནི་མཆོག་ཏུ་བཤད། །དེ་ནི་ཟླ་བའི་རང་བཞིན་དག །དམར་ཞིང་ཅུང་ཟད་སེར་དང་བཅས། །དང་པོར་མངལ་གྱི་སྙིང་པོ་གང༌། །གང་དེ་མངལ་གྱི་དྭངས་མར་གནས། །སྙིང་ནི་ཆགས་པར་འགྱུར་བ་དང༌། །གང་ཞིག་སྔོན་ཆད་བརྟེན་འགྱུར་ཞིང༌། །ལུས་ཀྱི་དྭངས་མ་སྣུམ་དག་དང༌། །སྲོག་ནི་གང་ལ་བརྟེན་གྱུ་པ། །གང་ཞིག་འཇིག་པས་འཇིག་འགྱུར་ཞིང༌། །གང་གིས་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་ཀྱང་ཁྱབ་འགྱུར་གང༌། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་པ་དང༌།

ཟླ་བ་ལ་མངོན་པར་དགའ་བས། ལུས་ཟུངས་དྭངས་མ་ནས་ཁུ་བའི་མཐར་ཐུག་པ་རྣམས་ཀྱི་ནང་ནས་གཟི་བྱིན་ཅན་གྱི་མདངས་ནི་མཆོག་ཡིན་ཏེ། ཤིན་ཏུ་སྙིང་པོར་གྱུར་པ་ཡིན་ལ། དེ་ལ་མདངས་ཞེས་བྱ་བར་སློབ་དཔོན་གྱིས་བཤད་དོ། །དེ་བཞིན་དུ་སྙིང་ག་ན་གནས་སུ་ཟིན་ཀྱང་ལུས་མ་ལུས་པ་ཁྱབ་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་སུ་བཤད་དེ་ཐིག་ལེ་དྲུག་པའི་ཚད་དང་ཁྱབ་པར་བྱེད་པའོ། །དེ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་ཅིང་ཐིག་ལེ་དྲུག་པ་ཁ་དོག་དཀར་པོ་དང༌། དམར་པོ་ལྟ་བུ་ལས་ཅུང་ཟད་སེར་པོར་སྣང་བ། ཁྱད་པར་དུ་སྙིང་ལ་གནས་པ་ཡིན་ནོ། །དེ་ཡང་ལུས་ནི་བརྟན་པར་གནས་པ་དང༌། ཞེས་བྱ་བས་ནི། དེས་ནི་ལུས་བརྟན་པར་གནས་པ་དང་དེ་བསྲུང་ཞིང་གནས་པར་བྱེད་པ་ཡིན་ཏེ། དེས་ལུས་གནས་ཤིང་འཇིག་པར་བྱེད་པ་ཡིན་ནོ། །གཞན་ཡང་གང་ཞིག་འཇིག་ཅིང་མེད་པར་གྱུར་ན་ངེས་པར་གདོན་མི་ཟ་བར་འཇིག་པར་འགྱུར་ལ། དེ་བཞིན་དུ་མདངས་གང་ཞིག་གནས་ཤིང་ཡོད་པར་གྱུར་ན་སྐྱེས་བུ་གནས་ཤིང་འཚོ་བར་འགྱུར་རོ། །དེ་བཞིན་དུ་མདངས་གང་ལ་དངོས་པོ་ངོ་བོ་རྣམ་པ་དུ་མར་འབྱུང་ཞིང་སྣང་བར་འགྱུར་ལ། ལུས་ལ་སོགས་པ་སྣ་ཚོགས་པ་འབྱུང་བར་འགྱུར་ཞིང་བརྟེན་པ་དེ་ནི་མདངས་ཞེས་བྱའོ། །ཞེས་དང༌། དེ་དག་ཟད་པའི་རྒྱུ་དང་རྟགས་གསོ་ཐབས་དང་བཅས་པ་ཡང༌།

ཟླ་ཟེར་ལས། མདངས་ནི་སེམས་འཁྲུགས་བཀྲེས་སེམས་ལས། །མྱ་ངན་ངལ་ལ་སོགས་པས་འཛད། །ཅེས་བྱ་བ་ལ། མདངས་ནི་སེམས་འཁྲུགས་པ་ལ་སོགས་པས་ཟད་པར་འགྱུར་ཏེ། སེམས་འཁྲུགས་པ་ནི་ཁྲོ་བའོ། །བཀྲེས་པ་ནི་ཤིན་ཏུ་མི་བཟད་པར་བྲུ་བ་ཚ་བའོ། །སེམས་ཀྱི་ལས་ནི་ཡུལ་རྣམ་པ་དུ་མ་ལ་སྤྱོད་པའོ། །མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་ལོ། །ངལ་བ་ནི་ལུས་ཉོན་མོངས་པའོ། །ལ་སོགས་པའི་སྒྲས་ནི་འཇིག་པ་ལ་སོགས་པ་བསྡུས་པའོ། །དེ་ཟད་དངངས་ཤིང་ལུས་རིད་ལ། །ཡང་ཡང་སེམས་ཤིང་དབང་པོ་ཉམས། །གཟི་ཉམས་རྩུབ་དང་ཡིད་མི་དགའ། །ཉམ་ཆུང་བར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། མདངས་དེ་ཟད་པར་གྱུར་ན་དངངས་པ་སྟེ་གློ་བུར་དུ་སྐྲག་པ་དང་བཅས་པར་འགྱུར་བ་དང༌། དེ་བཞིན་དུ་ལུས་རིད་ཅིང་སྟོབས་ཆུང་བ་དང༌། ཡང་དང་ཡང་དུ་སེམས་ཤིང་དཔྱོད་པ་ལ་བརྩོན་པར་འགྱུར་བ་དང༌། དབང་པོ་ཐམས་ཅད་ཉམས་ཤིང་སྡུག་བསྔལ་བ་དང༌། མྱོང་མྱོང་པོར་ནུས་པ་འབྱུང་བར་འགྱུར་བ་དང༌། གཟི་བྱིན་ཉམས་ཤིང་སྐྱ་བོར་འགྱུར་བ་དང༌། རྩུབ་པ་སྟེ་པགས་པ་ལ་སོགས་པ་ལ་སྣུམ་མེད་པ་དང༌། ཡིད་མི་དགའ་ཞིང་སེམས་ཀྱི་གཞུང་ཆ་ཤས་ཆེ་བར་འགྱུར་བ་དང༌། ཉམ་ཆུང་བ་སྟེ་ལུས་ཟུངས་རྣམས་ཟད་ཅིང་བྲི་བར་འགྱུར་བ་ཡིན་ནོ། །འཚོ་བྱེད་སྨན་དང་འོ་མ་དང༌། །ཤ་ཁུ་ལ་སོགས་དེའི་སྨན་ཡིན། །ཅེས་བྱ་བ་ལ་མདངས་ཟད་པ་དེའི་སྨན་ཛི་ཝི་དང་ཉེ་ཤིང་པ་ལ་སོགས་པ་འཚོ་བྱེད་ཀྱི་སྨན་དང༌། དེ་བཞིན་དུ་འོ་མ་དང་ཤའི་ཁུ་བ་དང༌། སོགས་པའི་སྒྲས་བརྟ་བར་བྱེད་པའི་སྨན་རྒུན་འབྲུམ་ལ་སོགས་པ་མངར་བའི་སྡེ་ཚན་ལས་བསྟན་པ་རྣམས་བསྡུས་ཏེ། དེ་དག་ཀྱང་དེའི་སྨན་ཡིན་ནོ། །ཞེས་གསལ་བར་བཤད་པའི་ཕྱིར། མདངས་འཕེལ་བ་ནི་སྲོག་གི་རྩ་བ་སྟེ་ནད་མ་ཡིན་ལ། མདངས་ཟད་པ་ནི་ནད་དེ་སྲོག་གི་གཤེད་ཡིན་པར་ཤེས་པར་བྱའོ། །འདིའི་སྐབས་སུ་ཞར་ལ་རླུང་ལ་སོགས་པའི་ནད་ཟད་པ་དེ་ཉིད་ཉེས་པ་གང་དུ་གཏོགས་པའི་ཚུལ་ལ་བརྟག་པར་བྱའོ། །དེ་ཡང་དཔེར་ན་རླུང་ལྟ་བུ་ཟད་པའི་ནད་དེ་ནད་ཡིན་ནམ་མིན། མིན་ན་ནི་འདིས་ལུས་ལ་གནོད་ཅིང་གདུང་བར་བྱེད་པ་དང་འགལ་ལ། ཡིན་ན་ནི་རླུང་མཁྲིས་བད་ཀན་གསུམ་མམ་ཚ་གྲང་གཉིས་གང་དུ་འདུས། འདིར་མ་འདུས་པའི་ནད་གཞན་དུ་ཁས་བླངས་ན་ནི་གསོ་བ་རིག་པའི་གཞུང་ལུགས་ཀུན་ཀྱང་དོན་མེད་པར་ཐལ་ལ། འོན་ཏེ་རླུང་མཁྲིས་བད་ཀན་གསུམ་ལས་རླུང་གི་ནད་དུ་མི་རུང་སྟེ། རླུང་གི་མཚན་ཉིད་དང་ནད་རྟགས་དང་གཉེན་པོ་སོགས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། དེ་བཞིན་དུ་མཁྲིས་པ་དང་བད་ཀན་གྱི་ནད་དུའང་མི་རུང་སྟེ། དེ་གཉིས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར། རྒྱུ་དེས་ན་ཚ་གྲང་གང་རུང་དུ་ཡང་གཏོགས་པ་མ་ཡིན་ཏེ། ངོ་བོ་ཚ་བ་ལས་བཟློག་ཅིང༌། གཉེན་པོ་དྲོད་བཅོས་སུ་མི་རུང་བའི་ཕྱིར། དེ་བཞིན་མཁྲིས་པ་དང་བད་ཀན་ཡང་མཚོན་པར་བྱའོ། །ཞེས་བྱ་བའི་དོགས་པ་འདི་འཇུག་པ་ཡིན་ནོ། །འདིའི་ལན་ལ་གཉིས་ཏེ། ནད་ཡིན་པར་བསྟན་པ་དང༌། །ཕྱོགས་གང་དུ་གཏོགས་པ་བཤད་པའོ། །དང་པོ་ནི། སྨན་པ་ལ་ལ་དག་ཉེས་པ་ཟད་པ་རྣམས་ཀྱིས་ལུས་ལགནོད་པ་ཅི་ཡང་སྐྱེད་པར་མི་བྱེད་དེ། ནུས་པ་ཟད་པའི་ཕྱིར་དང༌། ལྡང་བ་མཡིན་པའི་ཕྱིར་དང༌། ལས་ཅི་ཡང་མི་བྱེད་དོ་སྙམ་པ་བློས་ཉེ་བར་བརྟགས་ཏེ་ཉེས་པ་ཟད་པར་བྱ་བའི་ཕྱིར་བརྩོན་པ་དག་ཀྱང་མཐོང་མོད། འོན་དུ་ཟིན་ཀྱང་དྲང་སྲོང་ཆེན་པོའི་རྗེས་སུ་སྨྲ་བ་རྣམས་ནི་ཉེས་པ་ཟད་པ་ཡང་ནད་དུ་འདོད་དེ། འོག་ནས་འཕེལ་ཟད་བདུན་ཅུ་རྩ་བཞིའི་ནད་དང༌། ལེའུ་འདིར་ཡང་ནད་དུ་བཤད་པའི་ཕྱིར་དང༌། ཟླ་དགས་ཀྱང༌། གང་ཞིག་མཉམ་པས་ལུས་ནི་འཕེལ་བར་བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བས་ཟད་པའང་འཕེལ་བ་ལྟ་བུར་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །ཞེས་བྱ་བ་ནི། ཉེས་པ་གང་ཞིག་མཉམ་ཞིང་སྙོམས་པར་གྱུར་པས་ལུས་འཕེལ་བར་བྱེད་པའི་དོན་དུ་འགྱུར་ཏེ། རང་གི་ཚད་དང་ལྡན་པར་གནས་པ་ནི་ལུས་མཉམ་པའི་རྒྱུར་འགྱུར་རོ། །ཉེས་པ་དེ་ཉིད་མི་མཉམ་ཞིང་རང་གི་ཚད་ལས་ལྷག་པའམ་ཆད་པར་གྱུར་ན་ལུས་འཇིག་ཅིང་གསོད་པར་འགྱུར་རོ། །གང་གི་ཕྱིར་མཉམ་པ་ནི་ལུས་འཕེལ་བའི་རྒྱུ་ཡིན་ལ། མི་མཉམ་པ་ནི་ལུས་ལ་གནོད་པའི་རྒྱུ་ཡིན་པ་དེ་བས་ན་ཉེས་པ་རྣམས་ཟད་པ་ཡང་འཕེལ་བའི་སྤྱོད་པས་བསྲུང་བར་བྱ་སྟེ། ཇི་ལྟར་ན་འདི་རྣམས་འཕེལ་ནས་ནད་ལྡང་ཞིང་གནོད་པར་འགྱུར་བས་ན་ཁྱད་པར་དུ་མི་འཕེལ་བའི་ཕྱིར་སྲུང་བར་བྱེད་པ་བཞིན་དུ་ཟད་པ་ལ་ཡང་རྗེས་སུ་མཐུན་ཞིང་ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་ཞིང་བསྐྱང་བར་བྱའོ། །ཞེས་པ་དང༌། རིག་པ་ཉིད་ཀྱིས་ཀྱང་ཤེས་པར་འགྱུར་རོ། །

གཉིས་པ་ཕྱོགས་གང་དུ་གཏོགས་པ་ནི། གོང་དུ། རླུང་ཟད་རྩོལ་ཆུང་སྨྲ་ཉམས་ལུས་མི་བདེ། །དྲན་པ་མི་གསལ་བད་ཀན་འཕེལ་རྟགས་འབྱུང༌། །ཞེས་གསུངས་པའི་རིག་པས། རླུང་གི་གནས་སུ་འཇམ་བརྟན་ལ་སོགས་པ་བད་ཀན་གྱི་མཚན་ཉིད་འཕེལ་བའི་རྒྱུ་ལ་བརྟེན་ནས་རླུང་གི་མཚན་ཉིད་ཟད་པར་གྱུར་པ་ཡིན་པས་ན། བད་ཀན་གྱི་ནད་དུ་འཐད་ལ། ངོ་བོ་ཡང་བད་ཀན་གྱི་ནད་དུ་མི་རུང་བ་མ་ཡིན་ཏེ། རྩུབ་ཡང་སོགས་རླུང་གི་མཚན་ཉིད་ཟད་པའི་ཚེ་ལྕི་རྟུལ་འཇམ་བརྟན་སོགས་ཤུགས་ལ་ཐོན་པའི་ཕྱིར་དང༌། གཉེན་པོ་ཡང་རླུང་ཟད་པ་དང་བད་ཀན་འཕེལ་བ་གཉིས་ཀ་ལ་སྨྱུང་བར་གནས་པ་སོགས་བསྟན་དགོས་པར་མཚུངས་པའི་ཕྱིར། དེས་ན་ཚ་གྲང་གང་རུང་དུ་མ་འདུས་པའི་སྐྱོན་ཡང་མེད་དོ། །དེ་བཞིན་དུ་མཁྲིས་པ་དང་བད་ཀན་ལ་ཡང་རིག་པས་དཔྱད་དེ་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། མདངས་ནི་ཞེས་པ་ནས། དེ་སྨན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཟུངས་དྭངས་མ་རྣམས་ཀྱི་མཐར་ཐུག་པའི་མདངས་ཞེས་བྱ་བའི་སྲོག་གི་རྟེན་དེ་ནི་སེམས་ལ་སྡུག་བསྔལ་ཆེན་པོ་སྐྱེ་བའི་དབང་གིས་ཟད་པར་འགྱུར་བ་ཡིན་ཏེ། དེའི་རྟགས་སུ་ཡང་ཡང་དངངས་ཤིང་སྐྲག་པ་སྐྱེ་བ་དང༌། ལུས་རིད་ཅིང་ཉམ་ཆུང་བ་དང༌། གང་ལའང་མི་དགའ་བའི་བློ་སྐྱེས་ཤིང་གཟི་མདངས་ཉམས་པར་འགྱུར་བ་དེའི་ཕྱིར་དང༌། མངར་བའི་སྡེ་ལ་སོགས་པ་འཚོ་བྱེད་ཀྱི་སྨན་སྤྱི་དང༌། བྱེ་བྲག་ཏུ་བཀའ་བསྟན་བཅོས་མན་ངག་དང་བཅས་པ་རྣམས་ལས་འབྱུང་བའི་བཅུད་ལེན་དང༌། རོ་ཙ་བར་བྱེད་པའི་སྨན་གྱི་སྦྱོར་བ་དང༌། བཞོས་ཐོག་གི་འོ་མ་དང༌། ཤ་བཟང་པོ་གསར་བ་བཅོས་པའི་ཁུ་བ་ལ་སོགས་པ་རྣམས་མདངས་ཟད་པ་དེ་གསོ་བར་བྱེད་པའི་སྨན་ཡིན་པས་ན་སྲོག་ཡུན་རིང་དུ་འཚོ་བར་བྱེད་པའི་ཐབས་སུ་འབད་དེ་བསྟེན་པར་བྱའོ།།

གཉིས་པ་ཉེས་པ་འཁྲུགས་པའི་རྟགས་བཤད་པ་ལ་གསུམ། རླུང༌། མཁྲིས་པ། བད་ཀན་གྱི་འཁྲུགས་རྟགས་སོ། །དང་པོ་ནི། འཁྲུགས་རྟགས་ཞེས་པ་ནས་ཞུ་རྗེས་ན་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་འཕེལ་ཟད་ཀྱི་རྟགས་བསྟན་ཟིན་ནས་ད་ནི་འཁྲུགས་པའི་རྟགས་བསྟན་པར་བྱ་བ་ལ། ཐོག་མར་རླུང་འཁྲུགས་པའི་རྟགས་ལ། རླུང་གི་རྩ་ནི་ཁོང་ཤིན་ཏུ་སྟོང་ཞིང་ཁ་ལ་རྐྱལ་བ་དང༌། ཆུ་ནི་ལུ་མའི་ཆུ་དང་འདྲ་བར་སྔོ་ལ་དངས་ཤིང་ཕལ་ཆེར་མི་ལྡོག་ལ། གལ་ཏེ་ལོག་ཀྱང་དེའི་རྗེས་སླ་བ་དང༌། འགྲོ་འདོད་ཅིང་ཐང་ཆད་པའི་སྐབས་ལྟར་ཤུ་འདེབས་པ་དང༌། ཤེས་པ་ཡང་ལ་གཏད་མེད་དུ་འཕྱོ་བ་དང༌། མགོ་བོ་ཟི་འཁོར་བྱེད་ཅིང་རྣ་བ་འུར་ལ་འཁྲོག་པ་དང༌། ལྕེ་སྐམ་ཞིང་དམར་ལ་རྩུབ་པ་དང༌། ཅི་ཡང་མ་ཟོས་ཀྱང་ཁ་ལ་རོ་བསྐ་བ་བྲོ་བ་དང༌། གཟེར་བ་ངེས་མེད་དུ་འཕོ་ཞིང་ལུས་གྲང་ལ་བརྩེ་འདར་བྱེད་པ་དང༌། ལུས་འགུལ་བསྐྱོད་བྱས་པའི་ཚེ་ཀུན་ལ་ཁྱབ་པའམ་ཡང་ན་ཀོར་ལེར་ཟུག་པ་དང༌། སྙོམ་པ་སྟེ་སྒྱིད་ལུག་པ་དང༌། ལུས་ཡན་ལག་དང་བཅས་པ་རེངས་པའམ་ཡང་ན་བརྐྱང་བསྐུམ་མི་ཤེས་པར་འཁུམས་པ་དང༌། ཤ་པགས་བྱེ་བ་དང༌། རུས་རྐང་ཆག་པ་སྙམ་དུ་བྱེད་པ་དང༌། མིག་ལ་སོགས་པ་ཕྱིར་འབྱིན་པ་དང༌། ཡན་ལག་གཞན་གྱིས་དཀྲིས་སྙམ་བྱེད་པ་དང༌། འགུལ་ན་ཟུག་ལྷག་པར་དུ་ཆེ་ཞིང་བ་སྤུ་བརྩེ་ལ་ཕྲུམ་སེར་ཁྱེར་བ་དང༌། མཚན་མོ་ཡང་གཉིད་མེད་ཅིང་གཡལ་དང༌། འདར་བ་དང༌། རྐྱོང་བར་འདོད་པ་དང༌། ཚིག་པ་ཟ་བ་རྣམས་འབྱུང་ལ། དཔྱི་རྐེད་དང་རུས་ཚིགས་མ་ལུས་པ་བརྡུངས་པ་སྙམ་དུ་བྱེད་པ་དང་ལྟག་པ་དང་བྲང་དང་མུར་འགྲམ་ལ་ལྷག་པར་དུ་ཟུག་ཅིང་གཟེར་བ་དང༌། ཨན་སྟོང་ཚིགས་པ་དང་པོ་ལ་སོགས་པའི་རླུང་གསང་རྣམས་ནི་ཁ་བྱེ་ཞིང་མནན་ན་ན་བ་དང༌། སྟོང་སྐྱུག་བྱེད་ཅིང་ཐོ་རེངས་ཀྱི་དུས་སུ་ལྦུ་སོབ་ཅན་ལུ་བ་དང༌། ཁོང་བ་སྦོས་འཁྲོག་བྱེད་ཅིང་དགོངས་ཀ་དང་ཐོ་རེངས་ཀྱི་དུས་དང་ཞུ་བའི་རྗེས་རྣམས་སུ་ལྷག་པར་ན་བ་དག་འབྱུང་བ་ཡིན་ནོ། །གཉིས་པ་མཁྲིས་པ་འཁྲུགས་པའི་རྟགས་ནི། མཁྲིས་པ་ཞེས་པ་ནས་དུས་ན་ན་ཞེས་པའི་བར྄་གྱིས་བསྟན་ཏེ། མཁྲིས་པ་འཁྲུགས་པའི་རྟགས་ལ་ནི་རྩ་སྟོང་པ་མ་ཡིན་པར་མནན་མི་བཟོད་པར་རྒྱས་ཤིང༌། རྟ་རྔ་དྲིལ་པ་ལྟར་ཕྲ་ལ་གྲིམ་པ་དང༌། མགྱོགས་པར་འཕར་བ་དང༌། ཆུའི་མདོག་དམར་སེར་ཡིན་པ་ལ་དྲི་མ་དུགས་ཆེ་ཞིང་རླངས་པའང་ཆེ་བ་དང༌། མགོ་བོ་ན་ཞིང་དྲོད་ཆེ་ལ་ཁའི་རོ་སྐྱུར་ལ་ཁ་བ་བྲོ་བ་དང༌། ལྕེའི་སྟེང་དུ་བད་ཀན་གྱི་རྣམ་པ་སྐྱ་སེར་འབྱར་བག་ཅན་ཆེ་ལ་སྣའི་སྒོ་སྐམ་པ་དང༌། མིག་སྤྲིན་དམར་སེར་དུ་འབྱུང་ཞིང་གཟེར་བའི་གནས་གཅིག་ཏུ་འདྲིལ་བ་དང༌། ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ་པ་དང༌། ལུད་པ་དམར་སེར་བག་རེ་འབྱུང་ཞིང་ཁ་ལ་ཚ་དྲོ་བ་ལ་སྐོམ་དད་ཤིན་ཏུ་ཆེ་བ་དང༌། ཁྲག་གམ་མཁྲིས་པའི་རང་བཞིན་ཅན་ཐུར་དུ་འཁྲུ་བའམ་ཡང་ན་གྱེན་དུ་སྐྱུག་པ་དང༌། ལུས་ལ་རྔུལ་ཆེ་ཞིང་དྲི་མ་ང་བ་མནམ་པ་རྣམས་དང༌། མིག་དང་བཞིན་ལ་སོགས་པ་ཁ་དོག་དམར་སེར་དུ་འབྱུང་ཞིང་ལུས་ཀྱི་ཆ་ཤས་རྣམས་སྨིན་ཅིང་འདྲུལ་བར་བྱེད་པ་དང༌། ཉིན་གུང་དང༌། མཚན་གུང་དང༌། ཟས་ཞུ་བའི་དུས་ན་ལྷག་པར་དུ་ན་བར་བྱེད་པ་ཡིན་ནོ།།

གསུམ་པ་བད་ཀན་འཁྲུགས་རྟགས་ནི། བད་ཀན་ཞེས་པ་ནས་ཟོས་ཐོག་ལྡང་ཞེས་པའི་བར་གྱིས་བསྟན་ཏེ། བད་ཀན་འཁྲུགས་པའི་རྟགས་ལ་རྩ་ནི་གཏིང་དུ་བྱིང་ཞིང་འཕར་ཚུལ་ཡང་གུད་ལ་དལ་བ་དང༌། ཆུ་ནི་མདོག་དཀར་ཞིང་དྲི་དང་རླངས་པ་ཆུང་བ་དང༌། མངར་བ་ཅུང་མིན་ཙམ་སྟེ་ཁ་ལ་མངར་བ་བྲོ་ཞིང་ལྕེ་དང་སོ་རྙིལ་སྐྱ་ལ་མིག་ཀྱང་དཀར་ཞིང་བྱད་བཞིན་སྐྲངས་པ་དང༌། སྣབས་དང་ལུད་པ་ཤིན་ཏུ་མང་ཞིང་མགོ་བོ་ཐོམ་ལ་ལུས་སེམས་གཉིས་ཀ་ལྕི་བ་དང༌། དང་ག་མི་བདེ་ཞིང༌། ཕོ་བའི་མེ་དྲོད་མེད་ཅིང་ཟས་འཇུ་བའི་སྟོབས་གཉིས་ཀ་ཆུང་བ་དང༌། མཁལ་སྐེད་ན་ཞིང་ལུས་ཀུན་སྦོ་ལ་ལྦ་བ་ལྷག་པར་དུ་སྐྱེ་བ་དང༌། ཁ་ཟས་གང་ཟོས་ཀྱང་སྐྱ་སོབ་དང་རྩམ་པ་སྟེ་རང་མདོག་དང་བད་ཀན་གྱི་རྣམ་པ་སྐྱུག་ཅིང་ཡང་ན་དེ་ལྟར་འཁྲུ་བ་དང༌། དྲན་པའི་དབང་པོ་མི་གསལ་ཞིང་གཉིད་ཆེ་ལ་སྒྱིད་པ་ཤིན་ཏུ་སྐྱུར་བ་དང༌། པགས་པ་རྣམས་གཡའ་ཞིང་ཡན་ལག་དང་ཉིང་ལག་སྲ་ཞིང་མཁྲང་བ་དང༌། དེའི་ཚིགས་མཚམས་རྣམས་དམ་ཞིང་ཤ་འཕྲལ་དུ་རྒྱས་ལ་ལས་ཀྱི་མཐའ་རིང་བ་སྟེ་དང་ངང་རིང་བ་དང༌། ནམ་ཟླ་ཆར་ཞོད་འབབ་པའི་དུས་དང་སྲོད་སྔ་དྲོ་དང་ཟས་ཟོས་མ་ཐག་ཏུ་ལྡང་བར་བྱེད་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་ཅེས་གསུངས་སོ་ཞཻས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ན་ཉེས་པའི་མཚན་ཉིད་འཕེལ་བ་དང་ཟད་པ་དང་འཁྲུགས་པ་གསུམ་གྱི་ཚུལ་དུ་ཇི་ལྟར་བཤད་པའི་རྟགས་དེ་རྣམས་ཀྱིས་རྐྱང་བའི་ནད་ཀུན་ལ་ཁྱབ་ཅིང་གསལ་བར་འགྱུར་ལ། ལྡན་པ་གསུམ་དང་འདུས་པ་གཅིག་གི་རྟགས་རྣམས་ནི་རྐྱང་པའི་ནད་རྟགས་གོང་དུ་བཤད་པའི་ཚུལ་ཕན་ཚུན་གཉིས་སམ་གསུམ་ག་འདྲེས་པའི་རྟགས་ལས་ཤེས་པར་བྱ་སྟེ་སྟོགས་པར་བྱའོ། དེ་ལྟར་ཤེས་པར་བྱས་ནས་རྐྱང་པ་ལྡན་འདུས་བདུན་པོ་འདིར་མ་འདུས་པའི་ནད་ཀྱི་རྟགས་གཞན་གཅིག་ཀྱང་ཡོད་པར་མི་སྲིད་དེ། ནད་རྟགས་ཀྱི་རིགས་གཙོ་ཆེ་བ་ཀུན་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེས་ན་རྐྱང་བ་དང་འདྲེས་པ་ལ་སོགས་པའི་ནད་རྟགས་ཕྲ་མོ་དང་བཅས་པ་རྒྱས་པར་མན་ངག་རྒྱུད་ཀྱི་ལེའུརང་རང་གི་སྐབས་སུ་རྟོགས་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།