སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་གཅིག་པ། ནད་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་གཅིག་པ། ནད་ཀྱི་མཚན་ཉིད་བསྟན་པ།

དེ་ནས་ཡང་འཚོ་བྱེད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཉེས་པའི་མཚན་ཉིད་འཕེལ་ཟད་འཁྲུག་པ་གསུམ། །འཕེལ་ཟད་ནད་ཟུངས་དྲི་མ་རྣམ་གསུམ་སྟེ། །དེ་ལ་རྒྱུ་དང་མཚན་མ་རྟགས་བསྟན་པའོ། །

དང་པོ་ཉེས་པ་འཕེལ་དང་ཟད་པའི་རྒྱུ། །ཟས་སྤྱོད་མི་འདོད་བློང་(སློང་)དང་མི་འཕྲོད་འཕྲོད། །སྤོས་(སྤང་)སྦྱིན་དེ་དང་དེས་འཕེལ་ཟད་པར་འགྱུར། །གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤེས་ལུས་ཟུངས་ཀུན་ལ་གནས་པ་སྟེ། །འབར་དང་བྲི་བས་འཕེལ་དང་ཟད་པར་འགྱུར། །དང་པོས་ཕྱི་མ་རྒྱས་དང་འགྲིབ་བྱེད་ཡིན། །དྲི་མ་ཐོག་(ཐོགས་)དང་ཤིན་ཏུ་འབྱུང་ལས་ཤེས། །དེ་རྟགས་རླུང་འཕེལ་རྐེམ་(སྐེམ་)ནག་དྲོད་ཕེབས་དགའ(དྲོད་ལ་དགའ)། །ལུས་འདར་ལྟོ་བ་ས་ཤིང་བཤང་བ་སྲི། །སྨྲ་མང་མགོ་འཁོར་སྟོབས་གཉིད་དབང་པོ་ཉམས། །མཁྲིས་པ་འཕེལ་བས་བཤང་ལྕི་(གཅི་)ལྤགས་མིག་སེར། །བཀྲེས་སྐོམ་ལུས་ཚེ་(ཚ་)གཉིད་ཆུང་འཁྲུ་བར་བྱེད། །བད་ཀན་འཕེལ་བས་དྲོད་ཉམས་ཟས་མི་འཇུ། །ལུས་ལྕི་མདོག་དཀར་ཁོང་སྙོམས་ཡན་ལག་ལྷོད། །མཆིལ་མང་ལུད་པ་གཉིད་ཆ་(ཆེ་)དབུགས་མི་བདེ། །དང་(དྭངས་)མ་འཕེལ་བས་བད་ཀན་དང་འདྲ་ལ། །ཁྲག་འཕེལ་མེ་དབལ་ཁོང་འབྲས་འཚེར་(མཚེར་)པའི་ནད། །མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་པར་(སེར་)དང༌། །རྙིལ་ནད་བསྐྱོད་དཀའ་མིག་དང་གཅིན་ལྤགས་དམར། །ཤ་འཕེལ་ལྦ་བ་རྨེན་བུ་ཤ་རྒྱས་འགྱུར། །ཚིལ་འཕེལ་ངལ་དང་ནུ་མ་གསུམ་(གསུས་)ཚིལ་བསྐྱེད། །རུས་པ་འཕེལ་བས་རུས་ལྷག་སོ་ལྷག་འབྱུང༌། །རྐང་འཕེལ་ལུས་ལྕི་མིག་གཡུང་ཚིགས་ཁ་སྦོམ། །ཁུ་འཕེལ་ཁུ་བའི་རྡེ་འགྱུར་བུད་མེད་དད། །བཤང་འཕེལ་ལུས་ལྕ་(ལྕི་)ལྟོ་སྦོས་རྒྱུ་མ་འཁྲུག །གཅིན་འཕེལ་ཆུ་སོར་ཟུག་ཅིང་བཅིང་སྙམ་སེམས། །རྡུལ་(རྔུལ་)འཕེལ་རྔུལ་ཆེ་དྲི་ལྡོག་ལྤགས་ནད་འབྱུང༌། །ཕྲ་མོ་འཕེལ་བས་ལྕི་ལ་གཡའ་འདྲུལ་བྱེད། །

རླུང་ཟད་རྩོལ་ཆུང་སྨྲ་ཉམས་ལུས་མི་བདེ། །དྲན་པ་མི་གསལ་བད་ཀན་འཕེལ་རྟགས་འབྱུང༌། །མཁྲིས་ཟད་དྲོད་མདོག་ཉམས་པས་གྲང་དང་ནག །བད་ཀན་ཟད་པས་རང་གི་གནས་སྟོངས་ཤིང༌། །མགོ་འཁོར་སྙིང་འདར་ཚིགས་མཚམས་ལྷོད་པར་འགྱུར། །དྭངས་མ་ཟད་པས་ཤ་སྐེམ་ཟས་མྱིད་དཀའ། །ལྤགས་རྩུབ་སྒྲ་ཆེ་མི་བཟོད་ན་བར་འགྱུར། །ཁྲག་ཟད་རྩ་ལྷོད་ལྤགས་རྩུབ་བསིལ་སྐྱུར་དང་། །ཤ་ཟད་ལྷུ་ཚིགས་ན་ཞིང་རུས་ལྤགས་འབྱར། །ཚིལ་ཟད་གཉིད་ཆུང་ཤ་སྐེམ་སྔོ་སྐྱར་འགྱུར། །རུས་པ་ཟད་པས་སྒྲ་(སྐྲ་)འབྱི་སོ་སྲིན་འབྱུང༌(སེན་ཕྱུང་)། །རྐང་ཟད་སྦུབས་སྟོང་མགོ་འཁོར་མིག་འགྲིབ་འགྱུར། །ཁུ་བ་ཟད་པས་ཁྲག་འབྱུང་ཚིགས་སྙོམས་(ཚིག་སྙམ་)བྱེད། །བཤང་ཟད་རྒྱུ་མའི་ནང་དུ་སྒྲ་བཅས་འབྱིན། །གྱེན་དུ་འགྲོ་ཞིང་རྩིབ་ལོག་སྙིང་ཁ་ན། །གཅིན་ཟད་མདོག་འགྱུར་སྲི་དང་ཉུང་དུ་འགྱུར། །རྔུལ་ཟད་ལྤགས་འགས་བ་སྤུ་འགྲེང་དང་བྱི། །ཕྲན་བུ་རང་གནས་སྡང་དང་ཡང་ལས་ཤེས། །ལུས་ཟུངས་དྲི་མ་ལ་ནི་བརྟེན་པའི་ཕྱིར། །འཕེལ་བས་ཟད་པས་སྟོབས་ལ་གནོད་པ་ཡིན། །མདངས་ནི་སེམས་ལ་སྡུག་བསྔལ་གྱིས་ཟད་དེ། །མདངས་(དངངས་)རིད་ཉམ་ཆུང་མི་དགའ་གཟི་མདང་ཉམས། །འཚོ་བྱེད་འོ་མ་ཤ་ཁུ་དེ་སྨན་ཡིན། །

འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་རྐྱལ། །ཆུ་ནི་ཆུ་འདྲ་དངས་ལ་ལོག་རྗེས་སླ། །འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་ཟི་འཁོར་རྣ་བ་འུར་ལ་ཁྲོག །ལྕེ་རྐམ་དམར་རྩུབ་ཁ་རོ་བསྐའ་བ་བྲོ། །གཟེར་འཕོ་གྲང་འདར་མགུལ་ཁྱབས་(འགུལ་ཁྱབ་)ན་ཟུག་སྐེམས། །རེངས་ཁུམ་བྱེ་ཆག་འབྱིན་དང་དཀྲིས་སྙམ་བྱེད། །མགུལ་(འགུལ་)ན་ཟུག་ཆེ་སྤུ་རྩེ་(བརྩེ་)ཕྲུམ་སེར་ཁྱེར། །གཉིད་མེད་གཡལ་འདར་རྙོང་འདོད་ཚིག་པ་ཟ། །དཔྱི་སྐེད་རུས་ཚིགས་མ་ལུས་བརྡུང་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། །རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུག་བྱེད་ཅིང་ཐོ་རངས་སྦུ་སོགས་ལུས(ལྦུ་སོག་ལུད)། །སྦོས་འཁྲོག་དགོང་དང་ཐོ་རངས་ཞུ་རྗེས་ན། །མཁྲིས་པ་འཁྲུག་རྟགས་རྩ་རྒྱས་འཕྲ་གྲིམས་མགྱོགས། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །

ལུད་པ་དམར་སེར་ཚྭ་བྲོ་སྐོམ་དད་ཆེ། །ཁྲག་མཁྲིས་འཁྲུ་སྐྱུག་རྔུལ་ཆེ་དྲི་མ་མནལ(མནམ)། །ཁ་དོག་དམར་སེར་སྨིན་དང་འདྲུལ་བར་བྱེད། །ཉིན་གུང་མཚན་གུང་ཞུ་བའི་དུས་ན་ན། །བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་གུད་ལ་དལ། །ཆུ་ནི་མདོག་དཀར་དྲི་དང་རླང་(རླངས་)པ་ཆུང༌། །ཁ་མངལ་ལྕེ་སྙིལ་(རྙིལ་)སྐྱ་ལ་མིག་དཀར་སྐྲངས། །སྣབས་ལུད་མང་ཞིང་མགོ་ཐོམ་(འཐོམས་)ལུས་སེམས་ལྕི། །དང་ཁ་མི་བདེ་དྲོད་མེད་འཇུ་སྟོབས་ཆུང༌། །མཁལ་སྐེད་ན་ཞིང་ལུས་སྦོ་ལྦ་བ་སྐྱེ། །རྩ་བ་བད་ཀན་སྐྱུག་ཅིང་འཁྲུ་བ་དང༌། །དྲན་པ་མ་ཟིན་གཉིད་ཆེ་སྒྱིད་པ་སྐྱུར། །གཡའ་མཁྲང་ཚིགས་དམ་ཤ་རྒྱས་ལས་མཐའ་རིང༌། །ནམ་ཞོད་སྲོད་དང་སྔ་གྲོ་(དྲོ་)ཟོས་ཐོག་ལྡང༌། །དེ་ལྟར་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་གྱིས། །ཇི་ལྟར་བཤད་པའི་རྟགས་ཀྱིས་ནད་ཀུན་ཁྱབ། །ལྡན་འདུས་འདྲེས་པའི་རྟགས་ལས་ཤེས་པར་བྱ། །འདིར་མ་འདུས་པའི་ནད་རྟགས་ཡོད་མི་སྲིད། །ཅེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།