སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་གཅིག་པ། གཅོང་ཆེན་ཟ་བྱེད་བཅོས་པ།

ལེའུ་བཅུ་གཅིག་པ་གཅོང་ཆེན་ཟད་བྱེད་བཅོས་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཉོན་ཅིག་གི་བར་གྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གློ་གཅོང་ཆེན་པོ་ཟད་བྱེད་རྒྱུ་དང་ནི། །དབྱེ་བ་རྟགས་དང་དེ་ཡི་བཅོས་ཐབས་བཞི། །ཞེས་པས། རྒྱུ། དབྱེ་བ། རྟགས། བཅོས་ཐབས་སོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་ཟླ་ཟེར་ལས། གློ་གཅོང་ཆེན་པོ་ཟད་བྱེད་ཅེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །ནད་གཞི་མང་པོ་རྗེས་འབྲངས་ཤིང༌། །ནད་མང་སྔོན་དུ་འགྲོ་འགྱུར་ལ། །རྒྱལ་པོ་ཟ་བྱེད་སྐེམས་བྱེད་དང༌། །ནད་ཀྱི་རྒྱལ་པོ་ཞེས་བྱར་བཤད། །ཅེས་དང༌། ཡང་རྒྱུ་སྐར་རྣམས་དང་བྲམ་ཟེ་ཡིས། །རྒྱལ་པོའི་གཅོང་དུ་སྔོན་གྱུར་ཅིང༌། །གང་ཡང་ནད་ཀྱི་རྒྱལ་པོར་གྱུར། །ཞེས་པ་ནད་ཀུན་གྱི་ནང་ནས་རགས་ཤིང་གསལ་ལ་ནུས་པ་ཆེ་བས་ནི་ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱའོ། །དྲག་ཤུལ་བསྟེན་དང་ཤུགས་བཀག་དང༌། །ཁུ་ཆུ་དྭངས་མ་སྣུམ་ཟད་དང༌། །ཟས་སྐོམ་ཆོ་ག་དང་བྲལ་བསྟེན། །བཞི་པོ་འདི་དག་དེ་ཡི་རྒྱུ། །ཞེས་དང༌། དེས་རླུང་དང་མཁྲིས་པ་དང༌། བད་ཀན་བསླངས་ནས་ཐམས་ཅད་དུ་ལུས་ཀྱི་ཚིགས་པ་ཀུན་ལ་ཞུགས་ཏེ། དེ་ཡིས་རྩ་རྣམས་ལ་གནོད་ཅིང༌། །བུ་གའི་སྒོ་ནི་བཀག་པའམ། །ཡང་ན་ཤིན་ཏུ་ཁ་བྱེར་འགྱུར། །སྟོད་སྨད་ཐད་ཀར་གནས་ནས་ནི། །རང་གི་ནད་ནི་ཇི་སྙེད་བསྐྱེད། །ཅེས་གསུངས་པའོ། །དེ་ཡང་མེ་དྲོད་ཉམས་པ་དྭངས་མ་ལུས་ཟུངས་སུ་མ་སྨིན་པར་དྲི་མར་གྱུར་ནས་ཟུངས་ལ་ཟ་ཞིང་ཟད་པར་བྱེད་པའོ། །གཉིས་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རླུང་མཁྲིས་བད་ཀན་བླ་གཉན་ཞེས་བརྡ་རྙིང་ཡིན་ལ་བསྣོན་མའི་མིང་ངོ༌། །དེ་ལ་འདིར་འཁྲུ་སྐྱུགས་གཉིས། ཆམ་པ་དང་ལུད་པ་གཉིས། སྐད་འགག་དང་ཡིད་འཆུས་གཉིས་ཏེ་དྲུག་དེ་ལྟར་དགུའོ། །གསུམ་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ཞེས་སྤྱི་བྱེ་བྲག་གཉིས་སོ། །དེ་ལྟར་ཡང་དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་རྟགས་དང་པོ་བར་དང་ཐ་མ་གསུམ་ཞེས་པས་དང་པོ་བར་དང་ཐ་མའོ། །གཉིས་པ་རྒྱས་བཤད་ལ། དང་པོ་ནི། དང་པོ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་འགེབས་པ་ནི། མགོ་དང་རྐང་པ་ལ་ཉི་མ་མི་བཟོད་པར་ལག་པ་དང་གོས་སོགས་འགེབས་པའོ། །ཟས་སྐོམ་རྔུལ་འདུ་ནི་ཟ་འཐུང་དུས་གདོང་དང་ལུས་ལ་རྔུལ་འདུ་བའོ། །རྨི་ལམ་མི་བཟང་བ་སྣ་ཚོགས་ནི། སྡིག་སྦྲུལ། གཅན་གཟན། སྤྲེའུ། ཕྱེ་མ་ལེབ། ཆུ་རླུང༌། གྲོང་ཁྱེར་ཚིག་པ། སྐར་མདའ་ལྷུང་བ་དང་མེ་འབར་བ་རི་ཉིལ་བ་ལ་སོགས་པའོ། །གཉིས་པ་དང་གསུམ་པ་བར་མཐའི་རྟགས་ནི། དེ་རྗེས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་སྟོད་དུ་གནས་པས་ཆམ་འདེབས་ལུད་པ་མང་བ་དང༌། དབུགས་མི་བདེ་བ་དང༌། ཕྲག་པ་ན་བ་དང༌། མགོ་ན་བ་སྐད་འགགས་པ་ཡི་ག་འཆུས་པ་དྲུག སྨད་ཕོ་ལོང་རྒྱུ་མར་བབས་ནས་སྐྱུག་འཁྲུ་རྟུག་སྐམ་གསུམ་མོ། །བར་གནས་རྩིབ་ལོགས་ན་བ་དང༌། ཚིགས་གནས་རིམས་འདེབས་པ་གཉིས་ཏེ་བཅུ་གཅིག་གོ

        གཉིས་པ་ལ་གཉིས། སྔར་ནས་ཉེས་གསུམ་གྱི་རྟགས་དང༌། ཕྱིས་འབྱུང་བླ་གཉན་གྱི་རྣམ་གྲངས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་རླུང་འགྱུར་གྱིས་མགུལ་པ་སུབ་པ་ནི་སྐེ་བསྡམས་པ་ལྟ་བུའི་སུབ་ཉམས་བྱེད་པའོ། །མཁྲིས་གྱུར་གྱི་ཁ་སྣམ་པ་ནི་སྐམས་པའོ། །གཉིས་པ་ནི། གཅོང་ཆེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་མ་ཞུ་བ་སྤྱི་ཁྱབ་ཏུ་བཞག་གཞན་དྲུག་གོ །བཞི་པ་བཅོས་ཐབས་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། ཞེས་སྤྱི་དང་བྱེ་བྲག་གོ གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ཡང་དུགས་ནི་རུས་རྙིང་གི་རླངས་དུགས། བདུད་རྩི་ལྔའི་ཆུ་དུགས་སོ། སོ་ཆ་ནི་པོ་སོ་ཆའོ། །རློན་ནི་སྐྱུགས་ཀྱི་མིང་ངོ༌། །ཤ་ཟའི་ཤ་ནི་གཅན་གཟན་དང་རྩལ་མཐུས་ཟ་བ་རྣམས་སོ། །རྒྱུས་སྦྱིན་ནི་གཡོ་སྒྱུས་སྦྱིན་པ་སྟེ་གསངས་ནས་སྦྱིན་ནོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། རླུང་གྱུར་གྱི་སྤོད་ནི་སྒ་སེ་འབྲུ་གོ་སྙོད་དོ། །གནོད་པ་དྲུག་སེལ་ནི། བླ་གཉན་དྲུག་སེལ་བའོ། །མཁྲིས་གྱུར་གྱི་བྱ་ཀྲྀ་ནི་སྟག་ཚེར་ཏེ་ཀནྜ་ཀ་རི། པ་ལ་ནི་གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མའི་མཆན་བུ་སོགས་ཐམས་ཅད་མཐུན་པར་ཧ་ལོའི་རྩ་བའོ། །ཀྱི་ལྕེའི་སྨན་མར་ནི་དཀར་པོའོ། །བད་གྱུར་གྱི་ཆང་རྙིང་ནི་ཆང་ནར་སོན་པའོ། །དྭངས་ཆང་ནི་བསིངས་པའི་དྭངས་མའོ། །གསུམ་པ་ནི། མདོར་ན་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་ཚད་འཁྲུའི་སྐབས་སུ་བཤད་པ་ནི། རྒྱས་པར་ཚད་འཁྲུ་བཅོས་པར་བཤད་དོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་ཞེས་པ་ནས་བཅུ་གཅིག་པའོ་ཞེས་པའི་བར་རོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་དོན་གཉིས་པའི་དཀའ་བའི་གནད་རྣམས་ཀྱི་བརྗོད་དོན་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། མ་ཞུ་ལྷག་མིན་གཅོང་གི་གོ་མཚོན་ཅན། །སྐྱེ་དགུའི་སུམ་རྩེན་དཔལ་ཡོན་འཕྲོག་བྱེད་པ། །འཇོམས་བྱེད་ཡན་ལག་བཞི་ཡི་དཔུང་གི་ཚོགས། །གསོ་དཔྱད་མཆོད་སྦྱིན་བརྒྱ་པའི་སྒྱུ་འཕྲུལ་ཅན། །བདེ་སྦྱོར་ཉིན་མོར་སྣང་བྱེད་འོད་བརྒྱ་པ། །སྙིགས་དུས་ནད་སོགས་མུན་པའི་དམག་དཔུང་གིས། །རིང་དུ་བསྐྲད་ཀྱང་ཐུགས་རྗེའི་རྒྱུ་སྐར་བདག །ཕན་བདེའི་རྩ་ལག་དུས་འདིར་སྣང་བར་གྱུར། །མ་ཞུ་མ་ཞུའི་གཉེན་པོས་བསལ། །གཅོང་ཆེན་གཅོང་གི་བཅོས་ཐབས་ཀྱིས། །ཁོང་ནད་ཁོང་ནས་ཞི་བྱེད་པ། །གསོ་ཐབས་གསོ་བ་པོ་འདིའི་མཐུས། །གནས་ལུགས་ཟླ་བཞིན་བརྟགས་པའི་རི་དྭགས་མིག །གསོ་ཐབས་ལུས་ཕྲ་གཉེན་པོའི་ལང་ཚོ་ཅན། །རྒྱུད་དོན་མཛེས་མ་མགྲོན་དུ་བོས་ཟིན་གྱིས། །བློ་གྲོས་ཆགས་པའི་མིག་ལྡན་ད་ལྟོས་ཤིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།