ལེའུ་དྲུག་པ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023 |
རྩ་རྒྱུད། >> ལེའུ་དྲུག་པ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ། |
ལེའུ་དྲུག་པ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ།
གསོ་ཐབས་ཀྱི་ལེའུ་བཤད་ཟིན་པའི་རྗེས་ཐོག དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ཀུན་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་བཀའ་སྩལ་པ་ཡིན་ནོ། །གོང་དུ་བཤད་པའི་རྩ་རྒྱུད་དངོས་ཀྱི་ལེའུ་གསུམ་པོ་དེ་རྣམས་ཀྱི་དོན་མ་ལུས་པ་བསྡུས་དོན་གྱི་ཚུལ་དུ་འདིར་བཤད་པར་བྱའོ།།
དེ་ཡང་ལྗོན་ཤིང་གི་དཔེའི་སྒོ་ནས་བསྡུ་ན། གནས་ལུགས། ནད་གཞི། ངོས་འཛིན་རྟགས། གསོ་བའི་ཐབས་ཏེ་རྩ་བ་ལ་གསུམ་མོ།།
སྡོང་པོའི་གྲངས་བསྡུ་བ་ནི། རྩ་བ་དང་པོ་ལ་སྡོང་པོ་རྣམ་པར་གྱུར་པ་ནད་དང༌། རྣམ་པར་མ་གྱུར་པ་ལུས་གཉིས། ངོས་འཛིན་རྟགས་ཀྱི་རྩ་བ་ལ། བལྟ་བ། རེག་པ། དྲི་བའི་སྡོང་པོ་དང་གསུམ། གསོ་བྱེད་ཐབས་ཀྱི་རྩ་བ་ལ་ཟས་སྤྱོད་སྨན་དཔྱད་ཀྱི་སྡོང་པོ་བཞི་སྟེ་བསྒྲིལ་བས་སྡོང་པོ་དགུ་རུ་དྲིལ་བ་ཡིན་ནོ།།
ཡལ་གའི་གྲངས་བསྡུ་བ་ནི། ཡལ་ག་རྣམ་པར་མ་གྱུར་པའི་ལུས་ལ་ནད་དང་ལུས་ཟུངས་དྲི་མ་གསུམ། རྣམ་པར་གྱུར་པའི་ནད་ལ་རྒྱུ་རྐྱེན་འཇུག་སྒོ་གནས་དང་ལམ་ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོ་དོན་དང་དགུ། བལྟ་བ་ལ་ལྕེ་དང་ཆུ་གཉིས། རེག་པ་རྩ་ལ་རླུང་མཁྲིས་བད་ཀན་གསུམ། དྲི་བ་སློང་རྐྱེན་དང་ན་ལུགས་གོམས་པ་གསུམ། ཟས་ལ་ཟས་གསུམ་སྐོམ་གསུམ་དང་དྲུག་སྟེ། སྤྱོད་ལམ་ལ་གསུམ། སྨན་ལ་རླུང་མཁྲིས་བད་ཀན་གསུམ་ལ་རོ་དང་ནུས་པ་གཉིས་གཉིས་ཏེ་དྲུག རོ་ནུས་དེ་དྲུག་ལ་སྦྱར་བའི་ཐབས་ཞི་བྱེད་ཀྱང་དྲུག་དང་སྦྱོང་བྱེད་རེ་རེ་སྟེ་གསུམ། དཔྱད་ཀྱང་རེ་རེ་སྟེ་གསུམ། དེ་ལྟར་ཡོངས་སུ་བསྒྲིལ་བའི་ཡལ་ག་ནི་བཞི་བཅུ་རྩ་བདུན་དུ་གྱེས་པ་ཡིན་ནོ།།
ལོ་འདབ་ཀྱི་རྣམ་གྲངས་བསྡུ་བ་ནི། ཡལ་ག་ཞེ་བདུན་པོ་དེ་ལས་གྱེས་པའི་ལོ་འདབ་ནི། སྡོང་པོ་དང་པོ་རྣམ་པར་མ་གྱུར་པའི་རྩེ་ལ་ཉི་ཤུ་རྩ་ལྔ། སྡོང་པོ་གཉིས་པ་རྣམ་པར་གྱུར་པའི་རྩེ་ལ་ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ་དང༌། སྡོང་པོ་གསུམ་པ་བལྟ་བའི་རྩེ་ལ་དྲུག་དང༌། བཞི་པ་རེག་པའི་རྩེ་ལ་རྩ་རྒྱུད་གསུམ་དང༌། ལྔ་པ་དྲི་བའི་རྩེ་ལ་ཉེར་དགུ་དང༌། དྲུག་པ་ཟས་ཀྱི་སྡོང་པོ་ལས་རླུང་གི་ཟས་སྐོམ་ལ་བཅུ་བཞི་དང༌། མཁྲིས་པའི་ཟས་སྐོམ་ལ་བཅུ་གཉིས་དང༌། བད་ཀན་གྱི་ཟས་སྐོམ་ལ་དགུ་སྟེ་བསྒྲིལ་བས་ཟས་སྐོམ་སོ་ལྔ་དང༌། བདུན་པ་སྤྱོད་ལམ་གྱི་སྡོང་པོ་ལ་དྲུག་དང༌། བརྒྱད་པ་སྨན་གྱི་སྡོང་པོ་ལ་རོ་དགུ་དང་ནུས་པ་དགུ་སྟེ་བཅོ་བརྒྱད། ཁུ་བ་ལ་གསུམ་དང༌། སྨན་མར་ལ་རྣམ་པ་ལྔ་དང༌། ཐང་དང་ཕྱེ་མ་ལ་བཞི་བཞི་སྟེ་བརྒྱད་དང༌། རིལ་བུ་རྣམ་པ་གཉིས་དང༌། ཏྲེས་སམ་ལྔ་དང༌། སྦྱོང་བྱེད་ལ་མི་འདའ་བའི་བཅོས་ཐབས་དགུ་སྟེ་བསྒྲིལ་བས་སྨན་ལ་ལྔ་བཅུ་དང༌། དཔྱད་ལ་སྡེ་བདུན་ཏེ། དེ་ལྟར་བཤད་པ་དེ་རྣམས་ཀྱང་ཤིན་ཏུ་གསལ་བར་བསྡུ་ན། གནས་ལུགས་ནད་གཞིའི་རྩ་བ་ལ་ལོ་འདབ་བརྒྱད་ཅུ་རྩ་བརྒྱད། སུམ་ཅུ་རྩ་བརྒྱད་པོ་ནི་ངོས་བཟུང་བརྟག་པའི་ཐབས་ཀྱི་རྩ་བ་ལས་གྱེས་པ་སྟེ། བཅོས་པའི་ཐབས་ཀྱི་རྩ་བ་ལ་ཟས་སྤྱོད་སོགས་དགུ་བཅུ་རྩ་བརྒྱད་དོ། །དེ་གསུམ་སྤྱིར་བསྡོམས་པའི་ལོ་འདབ་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་རྒྱས་པ་ཡིན་ནོ།།
མེ་ཏོག་དང་འབྲས་བུའི་སྐོར་ལ་བཞེད་པ་མི་མཐུན་པ་ཇི་སྙེད་ཅིག་མཆིས་ཀྱང་རྣམ་པར་མ་གྱུར་པའི་ལུས་ཀྱི་སྡོང་པོ་ཁོ་ན་ཡིན་ལ། །དེ་ཡང་ནད་ལུས་ཟུངས་དྲི་མའི་ཡལ་ག་སོ་སོར་མ་གྱེས་ཙམ་དེར་ཡིན་ཚུལ་ཞལ་ལུང་དུ་ཡོད་ཀྱང༌། ཐང་ཤིང༌། རྩ་བ། ཡལ་ག ལོ་མ། མེ་ཏོག འབྲས་བུའི་དཔེ་དོན་དང་འབྲེལ་ཕྱིར་ལུས་ཀྱི་སྡོང་པོའི་རྩེར་མེ་ཏོག་དང༌། འབྲས་བུ་དགོས་ལ། རྒྱུ་མཚན་ཅིའི་ཕྱིར་ན་རྣམ་པར་མ་གྱུར་པའི་ལུས་མི་ན་བར་གནས་ཤིང༌། ཟས་སྤྱོད་ཚུལ་བཞིན་དུ་བསྟེན་པའི་མི་ན་བ་ཡུན་རིང་དུ་གནས་པར་བྱ་བས། ལུས་སྡོང་པོ་དང་འདྲ་བ་དེ་ལ་མེ་ཏོག་ནད་མེད་པར་སྒྱུ་རྩལ་དང༌། རིགས་ལུང་སོགས་བྱེད་ཚུལ་གྱི་མེ་ཏོག་གཅིག་དང༌། ཚེ་རིང་བ་རྒད་བུ་འཁར་བ་ཁྱེར་དགོས་པར་ཐུག་པ་མཚོན་པའི་མེ་ཏོག་གཅིག་སྟེ་གཉིས་འབྱུང་ལ། དེ་ཡང་གསར་དུ་ཁ་བྱེ་བ་བཞིན་མ་རྙིངས་ལ། ཟེའུ་འབྲུ་དང་འདབ་མ་ཡོངས་སུ་རྒྱས་ཤིང་མདངས་རབ་ཏུ་གསལ་བ་ལ་ཆགས་པའོ།།
དྲུག་པ་འབྲས་བུ་ནི། རྣམ་པར་མ་གྱུར་བའི་ལུས་ལ་མེ་ཏོག་དེ་ལྟར་རྒྱས་པའི་འབྲས་བུ་ནི། གནས་སྐབས་ལྷ་དང་མིའི་ཆོས་ལུགས་ཀུན་ཤེས། ཟང་ཟིང་དང་འཕགས་པའི་ནོར་གྱིས་ཕྱུག་པ་སོགས་ཚེ་འདིར་སྐྱིད་པའི་འབྲས་བུ་ནད་མེད་པའི་མེ་ཏོག་ལ་མི་ཞིག་འཁྲིས་སུ་ནོར་བུ་གོས་དར་སོགས་མང་པོ་ཡོད་པའི་འབྲས་བུ་གཅིག མཐར་ཐུག་བླ་མེད་ཀྱི་གོ་འཕང་ཐོབ་པའི་འདི་དང་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་ངང་གིས་འབྱུང་བ། བདེ་བའི་འབྲས་བུ་ཚེ་རིང་བའི་མེ་ཏོག་ཏུ་ལུས་སྐྱིལ་ཀྲུང་འོད་སྐུར་གྲོལ་བ་ལྷ་ལྷ་མོས་གདུགས་སོགས་འཕྱར་ཞིང་རྣམ་ཤེས་དག་ཞིང་དུ་འགྲོ་ཚུལ་གྱི་འབྲས་བུ་གཅིག་སྟེ། མཐོ་རིས་དང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་ཐོབ་འགྱུར་གྱི་དོན་ཡིན་པས། འབྲས་བུ་ཕྱི་མ་འདི་ནི་འབྲས་བུའི་ཡང་འབྲས་བུ་ཡིན་ནོ། །དེ་ལྟར་རྣམ་པ་གསུམ་དུ་སྨིན་པའི་འབྲས་བུ་འདི་ནི་དངོས་སུ་ནད་མེད་ཐ་མལ་དུ་གནས་པ་རྣམས་ལ་གསུངས་ཤིང༌། ཤུགས་བསྟན་དུ་ལུས་མི་ན་བར་ཡུན་རིང་དུ་གནས་པར་བྱེད་པ་པོའི་སྨན་པ་རྣམས་ལའང་གྲུབ་པ་ཡིན་ནོ།།
དེ་ལྟར་ལྗོན་ཤིང་གི་དཔེ་དང་སྦྱར་ཏེ། རྩ་བ་དང༌། སྡོང་པོ་ལ་སོགས་པའི་རྣམ་གྲངས་ངེས་པ་ཅན་དུ་བཀོད་པ་ཡིན། གཞུང་སྤྱིར་གསོ་བ་རིག་པའི་དོན་མཐའ་དག་དང༌། ཁྱད་པར་རྒྱུད་ཕྱི་མ་གསུམ་གྱི་སྙིང་པོ་ལྟ་བུ་ཤིན་ཏུ་ཉུང་བར་བསྡུས་པའི་རྩ་བའི་རྒྱུད་འདི་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པའམ། དོན་ལ་རྣམ་པར་དཔྱོད་ཅིང་བརྩོན་པས་འཇུག་པའི་བློ་དང་ལྡན་པའི་ལུས་ཅན་འགའི་སྤྱོད་ཡུལ་ཡིན་ལ། དེ་ལས་ཞན་པ་སྟེ་ཤེས་རབ་མེད་ཅིང་བློ་གྲོས་རྨོངས་པའི་སྐྱེ་བོ་རྣམས་ཀྱིས་མི་འཇུག་ཅིང་ཞུགས་ཀྱང་རྟོགས་པར་མི་འགྱུར་བའི་ཕྱིར། གལ་ཏེ་བློ་རྨོངས་ཀྱང་གསོ་བ་རིག་པའི་ཚུལ་འདིར་འཇུག་པར་འདོད་པ་རྣམས་དང༌། ཚིག་དོན་གྱི་མཐའ་དཔྱོད་པའི་སླད་དུ་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་གསོ་དཔྱད་འབུམ་པ་སྨན་གྱི་ལུང་དང༌། ཙ་ར་ཀ་སྡེ་བརྒྱད་དང༌། འབུམ་སྡེ་ལ་སོགས་པ་ཀུན་དང༌། འཆད་འགྱུར་གྱི་གཞུང་བཤད་རྒྱུད་དང༌། མན་ངག་རྒྱུད་སོགས་རྒྱ་ཆེན་པོའི་གཞུང་ལུགས་གཞན་རྣམས་སུ་བལྟ་བར་གྱིས་ཤིག་ཅེས་འཁོར་རྣམས་ལ་གོ་ཞིང་བརྡ་འཕྲོད་པར་གསུངས་ནས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་དཔལ་ལྡན་རྩ་བའི་རྒྱུད་ལྷག་མ་ལུས་པར་བསྟན་ཟིན་ཏོ་ཞེས་པའི་བརྡར་རང་གི་སྤྲུལ་གཞི་སངས་རྒྱས་སྨན་པའི་རྒྱལ་པོའི་ཐུགས་ཀ་ཆོས་དབྱིངས་ཟག་པ་མེད་པའི་རྒྱ་མཚོ་ཆེན་པོར་འོད་ཀྱི་གོང་བུའི་ཚུལ་གྱིས་ཐིམ་པར་གྱུར་ཏོ་ཞེས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བའི་དོན་ཏེ། ལེའུ་ཐ་མའོ།། །།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཅེས་བྱ་བའི་ལེའུ་དྲུག་གི་བདག་ཉིད་ཅན་ཡང་དག་པར་བསྟན་པ་རྫོགས་སོ་ཞེས་ལྷག་མ་ལུས་པར་གསུངས་ཤིང་དེ་ཇི་ལྟ་བར་འགྱུར་བའི་དོན་ཡིན་ནོ།། །།
སྨྲས་པ། ན་འཆི་ལ་སོགས་སྡུག་བསྔལ་ཕལ་མོ་ཆེ། །བཞི་བརྒྱ་རྩ་བཞིའི་ཟུག་རྔུ་ལས་འབྱུང་ཞིང༌། །ནད་མེད་ཡུན་གནས་ལང་ཚོའི་དཔལ་སྟེར་བ། །རྗེས་འཛིན་རིག་པ་འདི་ལས་གཞན་དུ་ཅི། །དེ་ཡང་ཚིག་གི་སྤྲོས་པ་ཆེས་ཉུང་ཡང༌། །དོན་བཟང་གསོ་རིག་ཀུན་གྱི་རྩ་བ་ལྟའི། །ཁྱད་འཕགས་ཐུགས་ཀྱི་རྒྱུད་ཆེན་ཀུ་མུད་དགྲ། །བློ་གསལ་ཡིད་ཀྱི་པདྨོ་ལེགས་འཛུམ་ཞིང༌། །གློ་བུར་དུས་དགྲའི་མུན་པ་རྒྱང་བསྲིངས་ལ། །འབྱུང་ནད་བསེར་བུས་འཚེ་བའི་འགྲོ་བ་རྣམས། །སྐྱོབ་ཕྱིར་གཞུང་འགྲེལ་སྔོན་མེད་རྟ་བདུན་གྱིས། །དྲངས་པ་འདི་ལ་ཀུན་དགའི་དཔལ་བསྟེན་ཅིག །ཅེས་རྩ་བའི་རྒྱུད་རྫོགས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །མངྒ་ལཾ།།
ཨོཾ་སྭ་སྟི།
ཕྱག་ན་པདྨོ་ཐུབ་བསྟན་རྒྱ་མཚོ་ཡི། །ཐུགས་བསྐྱེད་མཐའ་བྲལ་ཀུན་གསལ་ཡངས་པའི་ཀློང༌། །གང་འདུལ་ཕྲིན་ལས་ཉིན་བྱེད་འོད་སྣང་གིས། །བསྟན་འགྲོ་ཕན་བདེའི་པདྨོ་ཅི་ཡང་འཛུམ། །བཅོམ་ལྡན་འཚོ་མཛད་སྨན་པའི་རྒྱལ་པོ་ཡི། །ཏནྟྲ་རྣམ་བཞིའི་འགྲེལ་ཆེན་བཻཌཱུརྱ། །འཇམ་མགོན་མི་ཡི་རྣམ་རོལ་འཁོར་ལོས་སྒྱུར། །ཁྲི་སྲོང་གཉིས་པ་དེ་མོ་རྒྱལ་བས་བསྐྲུན། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ།། སྤངས་རྟོགས་རིན་ཆེན་གདེངས་ཀ་དབྱིངས་སུ་བཏེག །བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །ཞེས་འགྲོ་མགོན་པཎ་ཆེན་ས་སྐྱོང་བུདྡྷའི་ཞབས་ཀྱིས་མཛད་པའི་གསོ་རིག་འཕྲིན་ལས་རྣམ་བཞིའི་འགྲེལ་ཆེན་བསྟན་བཅོས་བཻཌཱུར་སྔོན་པོ་འདི་ཉིད་འཕྲིན་ལས་ཤིན་ཏུ་རྒྱས་པའི་དབང་གིས་ཡི་གེའི་ཚོགས་རྣམས་མི་གསལ་བར་བརྟེན། རབ་ཚེས་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་སྐབས་པར་བྱང་སྨོན་ཚིག་ཏུ་ཆོས་ཀྱི་སེང་གེས་སོ།། །།པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས།། །།
མངྒལཾ།
མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:32 AM
<< སྔ་མ།