སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།



ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ། 

འདུས་ནད་སྨུག་པོ་བཅོས་པའི་ལེའུ་གསུངས་ཚར་བའི་རྗེས། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། དམར་ཁྲིད་ལག་ཏུ་ལེན་པ་མན་ངག་གི་རྒྱུད་ཆེན་འདིས་ཁོང་པའི་ནད་གསོ་བའི་སྐབས་ལ་ཇི་ལྟ་བུར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པས། སྟོན་པ་རིག་པའི་ཡེ་ཤེས་ཀྱིས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཁོང་པའི་ནད་གཅོང་འདི་ལ་རྣམ་པ་གཉིས་ཡིན་ཏེ། སྐྲན་སྐྱ་རྦབ་འོར་དམུ་ཆུ་བཞི་སྟེ་སྡེ་བཞི་གཅོང་གི་རྩ་བ་མ་ཞུ་བ་དང༌། འབྲས་བུ་གཅོང་ནད་རང་ལ་ཡང་གསར་པ་དང་རྙིང་པ་རྣམ་པ་གཉིས་སོ། །དེའི་མ་ཞུ་གཅོང་ནད་ཀྱི་རྒྱུ་ལ་སྤྱི་དོན་དྲུག་ཏུ་ངེས་དགོས་ཏེ། རྒྱུ་དང་རྐྱེན་དང་གྱུར་ཚུལ་བསྟེན་པ་དང༌། དབྱེ་བ་དང་རྟགས་དང་དེའི་བཅོས་པའི་ཐབས་བསྟན་པ་དང་དྲུག་ལས།

རྒྱུ་ནི་བད་ཀན་ས་ཆུའི་རང་བཞིན་ཅན་རོ་ཁ་མངར་ལྕི་ཞིང་བསིལ་བ་ལ།

དེ་སྐྱེད་པར་བྱེད་པའི་རྐྱེན་རྣམས་བསྟེན་པ་དང་མ་གོམས་པ་དང་མི་འཕྲོད་པའི་ཟས་དང་ངོ་བོ་མི་འཇུ་བ་སོགས་ཀྱི་རྐྱེན་བཞི་ཡོད་པ་ལས། དེའི་དང་པོ་རྟེན་ནི་རང་བཞིན་གྲང་རླུང་ཅན་གྱི་མི་ཟུངས་ངན་སྦེག་པ་སྟེ་སྐེམ་པོ་དང༌། ཁ་ཟས་སྐྱ་བ་བཅུད་མེད་ཟ་བ་ལུས་དལ་བར་འདུག་པ་དང༌། མྱ་ངན་ལ་སོགས་པའི་སེམས་ལས་དུབ་པ། རྒས་པ་དང་ཟས་ཀྱིས་ཞེས་མ་བྱུང་བའམ་ལྟོགས་པས་མནར་བའི་ཤུལ་ལ་གསར་པ་འཇུ་མི་ནུས་པ་དང༌། མ་གོམས་པ་ནི་ནམ་ཕྱེད་ཁ་ཟས་མ་མྱོང་བ་ཟ་བ་དང༌། མི་འཕྲོད་པ་ནི་དཀར་སྐྱུར་སྔོ་ངད་འོ་མ་ཉ་རྣམས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་དང་འདྲེས་པའམ་བསྲེས་ནས་ཟོས་པས་མི་འཕྲོད་ཅིང་འཇུ་མི་འགྱུར་ཟས་ཀྱི་ངོ་བོ་མི་འཇུ་བ་ནི་འབྲུ་གསར་པ་སེར་ཅན་ནམ་མ་སྨིན་པ་དང་རུལ་བ་དང་ཤ་རིད་པོ་སྟེ་རྗུད་པ་དང༌། ཚིལ་བུ་འོ་མ་རློན་པ་མ་བསྐོལ་བའི་གྲང་མོ་དང་བཙོ་བསྲེགས་སོགས་མེད་པའི་རྗེན་པའི་རིགས་དང༌། མ་ཚོས་པ་དང༌། ཚིག་དྲགས་པ་དང༌། ཁེང་པོ་སྟེ་རས་པ། ཐུག་པ་སོགས་ཆུ་བསྲེས་ནས་མ་ཁོལ་བ་རྣམས་དུས་མེད་པར་ཟས་ཚོད་མ་ཟིན་པར་ཟོས་པས་འཇུ་དཀའ་བར་གྱུར་པའི་ཚུལ་ནི། 

རྒྱུ་དང་རྐྱེན་གཉིས་སུ་ལྡན་པ་དེ་ལ་བརྟེན་ནས་བད་མཁྲིས་རླུང་སོགས་ཀྱིས་འཇུ་བར་བྱེད་པའི་མཐུ་ཉམས་པར་འགྱུར་ཏེ། དེ་ཡང་ཇི་ལྟར་ཉམས་ན། སྤྱིར་རྫས་གང་ཡིན་ཕོ་བར་སླེབ་པ་ནས་བཟུང་ལུས་ཟུངས་ཀྱི་ཆ་ཤས་ཐམས་ཅད་དུ་ཡོད་པའི་མེ་དྲོད་གསུམ་གྱིས་ལེགས་པར་སྨིན་ཏེ་ནད་ཟུངས་དྲི་མ་སྙོམས་པར་གནས་ཤིང་འཕེལ་བའི་ལས་བྱེད་པ་ནི་ཞུ་བ་ཞེས་བྱ་བ་ཡིན་ལ། དེ་ཡང་མེ་དྲོད་གསུམ་གྱི་ངོ་བོ་ནི་གནས་སྐབས་ཀྱི་གཙོ་ཆེ་ཆུང་བྱེད་པ་དང་བཅས་པ་ཡོད་མོད་ཀྱི་སྤྱི་ཙམ་དུ་ལུས་ཀྱི་ཁམས་ལས་བྱུང་བའི་རྫས་རྣམས་འདག་པ་ལྟར་བཤིག་ཅིང་ནལ་ནལ་པོར་བྱེད་པར་གྱུར་པ་དེ་ལ་བད་ཀན་མྱག་བྱེད་དུ་བཏགས། འཇུ་བའི་དྲོད་དེ་ལ་མཁྲིས་པ་འཇུ་བྱེད་དུ་བཏགས། དྭངས་མ་དང་སྙིགས་མ་འབྱེད་པའི་ཤུགས་དེ་ལ་རླུང་མེ་མཉམ་དུ་བཏགས། དེ་མཐུན་གྱི་ཕན་གནོད་ལས་མེ་དྲོད་འཕེལ་འགྲིབ་ཏུ་གྱུར་ཅིང༌། དེ་ཡང་དཔེར་ན་སྨན་མར་བསྐོལ་བ་རླན་གྱིས་འཁྱགས། དྲོད་ཀྱིས་བཞུ། རླུང་གིས་དྭངས་སྙིགས་འབྱེད་པ་ལྟར་རོ། །འདི་གཙོ་ཆེ་བ་ནི་ཕོ་ལོང་དང་རྒྱུ་མར་གནས་ལ། ཆ་ཤས་ཀྱིས་ནི་ཀུན་ཁྱབ་པ་སྟེ། བཤད་རྒྱུད་ལས། གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་སྟེ། །འབྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། །དང་པོས་ཕྱི་མ་རྒྱས་དང་འགྲིབ་བྱེད་ཡིན། །ཞེས་པའི་དོན་ཏེ། འདིར་དེ་ལས་གོ་ལྡོག་པ་མ་ཞུ་བའི་གྱུར་ཚུལ་བྱེ་བྲག་ནི་གོང་གི་ལྕི་བསིལ་རྒྱུ་དང་དེ་སྐྱེད་བྱེད་ཀྱི་རྐྱེན་གཉིས་ཀྱིས་ཟས་སྐོམ་སྨན་སོགས་མེ་དྲོད་ཀྱི་ཐ་སྙད་ཅན་དེ་བད་ཀན་མྱག་བྱེད་དང༌། མཁྲིས་པ་འཇུ་བྱེད་དང༌། རླུང་མེ་མཉམ་གསུམ་གྱིས་སྨིན་ཅིང་འཇུ་བའི་མཐུ་དང་ནུས་པ་ཡོད་པ་ལས། དང་པོ་ཕོ་བར་བད་ཀན་མྱག་བྱེད་བད་ཀན་གྱིས་མྱག་ཅེས་པ་དེ་དག་གིས་འདག་པ་ལྟར་རམ་ཆམ་ཆམ་ལ་བཏང་བར་མྱག་ཅེས་པ་བྱེད་མ་ནུས་པས་རང་སོར་ལུས། དེ་འཇུ་བར་བྱེད་པའི་མཁྲིས་པ་འཇུ་བྱེད་ཀྱིས་ཞུ་བར་མ་ནུས་པར་མ་སྨིན་པ་དེ་ཐ་མར་མེ་མཉམ་རླུང་གིས་དངས་མ་དང་སྙིགས་མ་འབྱེད་མ་ནུས་པར་འདྲེས་མར་གནས་པའམ། ལམ་ལོག་པར་ཞུགས་པའི་རྒྱུ་དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་མ་ཞུ་བ་ཞེས་སུ་བརྗོད་པ་ཡིན་ནོ། །མ་ཞུ་བ་དེའི་དབང་གིས་ཕོ་བའི་བད་ཀན་འཕེལ་བའི་བེ་སྣབས་དེས་རླུང་རྒྱུ་བའི་རྩ་སྦུབས་རྣམས་བཀག་པས་ལྷེན་དང་ལྕགས་དྲེག་དང་མེ་དྲོད་ཉམས་པ་ལ་སོགས་པའི་གཅོང་ནད་ཀྱི་རིགས་མ་ལུས་པ་སྐྱེད་པར་བྱེད་པ་ཡིན་ཀྱང༌། ན་ཚོད་དར་ལ་བབ་ཅིང་ལུས་སྟོབས་དང་ལྡན་པ་མེ་དྲོད་ཆེ་ཞིང་ལུས་དང་ངག་བྲེལ་ཞིང་སྣུམ་བག་གི་ཟས་རྒྱུན་དུ་ཟ་ཞིང་མི་འཕྲོད་པའི་ཟས་ལ་རྒྱུན་དུ་བརྟེན་པས་གོམས་སམ་བྲི་ནས་སློབ་པ་ནི་དང་པོ་ཆུང་ངུ་དེ་ནས་ཆེར་བསྐྱེད་པ་དེ་ལ་བྱ་བས་དེ་དང་ལྡན་ན་དུས་ཀུན་དུ་མ་ཞུ་འབྱུང་བར་མི་འགྱུར་རོ།།

དབྱེ་བ་ཕྱེ་ན་རྫས་དང༌། ངོ་བོ་དང༌། རིགས་དང༌། གྲོགས་དང༌། དུས་ལྔ་ལས་རྫས་ཀྱིས་དབྱེ་བ་ན་གྱོང་དང༌། རླན་པ་དང་སྣུམ་པ་དང་གསུམ་སྟེ། གྱོང་བ་ནི་ཡུལ་གཙང་ཤོད་གཞུང་གསུམ་སོགས་ས་ལྕི་བའི་ནས་ཀྱི་རྩམ་པ་དང་སྔོ་ངད་སོགས་ནར་སོན་པ། སེམས་ཅན་རྩོལ་ལས་ཀྱིས་དུབ་པའི་མཐར་རྒས་ནས་ཤི་བའམ། ཡང་ན་ཤེད་ངན་དུས་བསད་པའི་ཤ་རིད་དེ་རྗུད་པོ་སོགས་སོ། །རླན་ནི་ཆང་ནར་སོན་དང༌། ཆུ་ངན་པ་དང༌། མཛོ་མ་ཡིན་པའི་འོ་མ་དང༌། ཞོ་དང༌། དར་བ། ཇ་སོགས་སོ། །སྣུམ་ནི་རྩི་མར་དང༌། འབྲུ་ལས་བཟོས་པའི་མར་དང༌། ཚིལ་དང༌། ཞག་ནི་སྣུམ་ཅན་གྱི་རིགས་དང་དེ་གསུམ་གྱི་ནང་ནས་ཀྱང་རྐང་སོགས་སོ། །རླན་དང་སྣུམ་པའི་ཟས་གཉིས་མ་ཞུ་བ་ཕལ་ཆེར་ཉེས་པ་ཆེ་བར་འགྱུར་རོ། །ངོ་བོའི་སྒོ་ནས་དབྱེ་ན་སྙིགས་མ་དང་དྭངས་མ་གཉིས་སུ་ཡོད་པར་དེ་ལས་སྙིགས་མ་ལ་མ་ཞུ་བ་ཞེས་བྱ་བ་ནི་ཁ་ཟས་གང་ཡང་མ་ཞུ་བར་རང་སར་ཕོ་བ་དང་ལོང་དུ་ལས། དེ་བད་ཀན་གྱི་བེ་སྣབས་འཕེལ་བས་གཏུམས་ནས་གནས་པ་དེ་ཡུན་སོང་རྙིངས་ནས་སྙིགས་མ་དང་འདྲིལ་བའི་ཟས་ཀྱི་སྐྲན་དུ་འགྱུར་རོ། །མེ་མཉམ་རླུང་གི་མཐུ་ཉམས་པས་དྭངས་སྙིགས་མ་ཕྱེད་པའི་སྙིགས་མ་ཡང་དྭངས་མ་རྒྱུ་བའི་རྩ་མིག་ཏུ་མཉམ་པོར་ཤོར་བས་མདངས་བསྒྱུར་གྱི་མཁྲིས་པས་ཀྱང་ཟུངས་དང་ཁྲག་མ་སྨིན་ཏེ་ཡུན་རིང་པོར་མཆིན་པར་གནས་པའི་དྭངས་མ་མ་ཞུ་བ་ཞེས་བྱ་བར་འགྱུར་བ་ཡིན་ལ། དེ་ཡང་རྙིང་པའི་དུས་ནས་དྭངས་མ་འདྲིལ་བ་དང༌། ཟགས་པ་དང༌། བྱེར་བ་དང་འགྱིངས་པ་བཞིར་གྱུར་པ་ལས། འདྲིལ་བས་གཅོང་ནད་སྐྲན་ལ་སོགས་པ་རྣམས་སྐྱེད་པར་བྱེད་པ་སྟེ་འདྲིལ་བའི་གཅོང་གི་སྡེ་ཞེས་དང༌། ཟགས་པས་ཀྱང་གཅོང་ནད་སྐྱ་རྦབ་དང་དམུ་ཆུ་སོགས་སྐྱེད་པར་བྱེད་པས་ཟགས་པའི་གཅོང་གི་སྡེ་ཞེས་བྱ། བྱེར་བས་གཅོང་ནད་གྱུར་དུག་ལྟ་བུ་དང་མཛེ་དང༌། མེ་དབལ་དང༌། འོར་དུ་ལྷུང་བ་དང༌། གཞན་ཡང་འབྲས་དང༌། སུར་ཡ་དང༌། དྲེག་དང༌། གྲུམ་བུ་དང༌། མཁྲིས་པ་མིག་སེར་དང༌། རྩ་སྐྲན་དང༌། རྐང་འབམ་སོགས་ཀྱི་ནད་དུ་མར་འགྱུར་བས་བྱེར་བའི་གཅོང་གི་སྡེ་ཞེས་དང༌། འགྱིངས་པས་སྨུག་པོ་རྒྱས་པ་དང་གབ་པ་མཆེར་པའི་ནད་དུ་འགྱུར་བས་འགྱིངས་པའི་གཅོང་གི་སྡེ་ཞེས་བཞིར་བཞེད་ཅིང༌། བཤད་མ་ཐག་པའི་ནད་དེ་རྣམས་ཕལ་ཆེར་དྭངས་མ་མ་ཞུ་བས་རྒྱུ་བྱས་ནས་བསྐྱེད་དོ། །དེ་ལ་ཡང་རིགས་ཀྱིས་དབྱེ་ན་བེ་སྣབས་དང་གསུད་ནད་དང༌། མ་ཞུ་བ་ཤིང་དང་འདྲ་བ་གྱོང་པོ་དང་དུག་འདྲ་དང་རྣམ་པ་བཞིའོ། །གྲོགས་ཀྱིས་དབྱེ་བ་ན། རླུང་དང་འགྲོགས་པ་དང༌། མཁྲིས་པ་དང་འགྲོགས་པ་དང༌། བད་ཀན་དང་འགྲོགས་པ་གསུམ་མོ། །དེ་ཡང་འོག་ཏུ་ཚ་བ་སྤྱི་སྐབས། ལྡན་ཚད་རླུང་ལྡན་གཅིག་གྲོགས་གཅིག་གིས་བྱེད། །དཔེར་ན་གཉེན་བཤེས་མཐུན་པ་ལས་བྱེད་འདྲ། །ཞེས་གསུངས་པའི་ཕྱིར་རོ། །དུས་ཀྱིས་དབྱེ་ན་ཡང་གསར་དང་རྙིང་པ་གཉིས་སུ་འགྱུར་ལ། དེ་ལྟར་རྫས་ཀྱི་ངོ་བོ་སྙིགས་མ་མ་ཞུ་བའི་ཟས་ཀྱི་སྐྲན་གཅིག དྭངས་མ་འདྲིལ་བ། ཟགས་པ། བྱེར་བ། འགྱིངས་པ་བཞི། རིགས་ཀྱི་དབྱེ་བ་བེ་སྣབས་གསུད་ནད། ཤིང་འདྲ། དུག་འདྲ་སྟེ་བཞི། གྲོགས་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གསུམ། དུས་གསར་དུས་དང་རྙིང་པའི་དུས་གཉིས་ཏེ་དྲིལ་བས་བཅུ་བཞིའོ།།

ངོས་འཛིན་པའི་རྟགས་དེ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པའི་སྤྱི་རྟགས་དྲི་མ་འགགས་པའམ་དུས་མིན་དུ་འབྱུང་བ་དང༌། འོག་རླུང་འགྱུ་བར་དཀའ་བས་འཁྱིལ་ཞིང་ཁོང་པ་སྦོ་བ་དང༌། སྐབས་སུ་འགྱིངས་པའི་རྗེས་ལ་བུངས་ཆེར་ཞེས་མང་བར་འཁྲུ་བར་འགྱུར་བ་དང༌། དྭངས་མ་དང་སྙིགས་མ་འདྲེས་པས་བཤང་བ་དང་གཅིན་གཉིས་ཞག་ཅན་དུ་འཁྲུ་བ་དང༌། ཁོང་པ་སྙོམ་པ་ཞེས་སྤྲོ་བ་ཆུང་ཞིང་སྒྱིད་ལུག་པ་ལུས་པོ་ཐམས་ཅད་སྙོམ་པར་མི་བདེ་བ་དང༌། ལུས་ལྕི་ཞིང་ཡི་ག་སྔར་ལས་ལྡོག་པར་བྱེད། ཟས་གང་ཡང་ཟོས་པའི་དུས་ན་ཞིང་སྒྲེག་པ་འབྱུང་ལ་མགོ་བོ་ན་བ་སོགས་འབྱུང་ངོ༌།།

བྱེ་བྲག་གི་རྟགས་ལ་སྙིགས་མ་མ་ཞུ་བའི་ཚེ་ན་ཁ་ཟས་མི་ཚོར་བར་མངལ་ཞིང་ཕོ་བ་འཚིང་བ་སྟེ་རྫིང་བ་དང་རྟིང་ལ་སྒྲེག་པ་འབྱུང་ཞིང་སྐྱུག་པ་དང༌། གང་མ་ཞུ་བ་བྱུང་བའི་ཟས་དེ་ཁྱད་པར་དུ་གནོད་ཅིང༌། ཟས་དེ་གོམས་པར་ཟོས་པའམ་འདྲིས་ཚར་བའི་རྙིངས་ནས་དེ་ལྟར་དུ་མིན་ཏེ། མིག་དང་གདོང་པ་རྐང་པའི་བོལ་རྣམས་གཡོ་བར་བྱེད་དོ། །དྭངས་མ་མ་ཞུ་བ་ནི་ཁོང་པ་སྙོམ་པ་བཤད་མ་ཐག་པ་ལྟར་ལ་ཡི་ག་འགགས་པ་དང༌། སྒྲེག་པ་མང་དུ་འབྱུང་ཞིང་ཤ་སྐམ་ལ་སྙིང་ག་དང་རྩིབ་ལོགས་ན་བ་དང༌། མ་ཞུ་བའི་བེ་སྣབས་དང་བད་ཀན་འཕེལ་བས་སྟེང་དང་འོག་གི་མེ་མཉམ་གྱི་རླུང་རྒྱུ་བའི་ལམ་སྟེ་སྐྲན་གསང་དབུས་མ་དང་ལྟེ་ཁུང་ལ་མེ་བཙས་བཀག་པས་ཁོང་པ་སྦོ་ཞིང་ཐེར་ལ་ཟུག་ཅེས་རང་སར་ན་བ་ལ་འོག་རླུང་བསྡོམས་པ་དང༌། སྒྲེག་པ་མི་ཐོན་ཞིང་མ་ཞུ་བ་ཀུན་གྱི་རྒྱུ་ཡང་ཡིན་ནོ། །མ་ཞུ་བ་གསུད་ནད་ཅེས་བྱ་བའི་བེ་སྣབས་དེས་ཐུར་སེལ་གྱི་ལམ་བཀག་པའི་གྱེན་དུ་ལོག་པ་ཡིས། དབུགས་ངན་ལ་སྲི་ཞིང་དྲི་མ་སྐམ་པ་དང༌། བྲང་ཚ་ལ་ཆུ་ཚན་འོང་ཞིང་སྒྲེག་པ་གསུད་པ་སྟེ་འཕྲལ་འབྱུང་ལ་མཆིན་དྲི་ན་ཞིང་དེའི་མཇུག་ཏུ་སྨུག་པོར་འགྱུར་རོ། །མ་ཞུ་ཤིང་འདྲ་ཞེས་བྱ་བའི་བེ་སྣབས་དེས་སྟེང་དང་འོག་གི་རྒྱུ་བའི་རླུང་གི་ལམ་བཀག་པས་མེ་མཉམ་མཆིན་པ་དང་མཆེར་པ་རྩིབ་ལོགས་སོགས་ཀྱི་རྩ་ནང་དུ་ཞུགས་པས་དགྱེ་དགུ་གང་ཡང་མི་ཤེས་པར་ནང་དུ་ཤིང་བཅུག་པ་འདྲ་ལ། གར་ཞུགས་པའི་ས་དེར་གཟེར་ཞིང་གླང་ཐབས་འབྱུང་བ་ཡིན་དུག་འདྲ་བ་དེ་དྭངས་མ་མ་ཞུ་བར་རྩ་མིག་ལ་བྱེར་ཏེ་རྩ་ནང་ཀུན་ཏུ་དྭངས་མ་དེ་ཆགས་ཤིང་ཞེན་པས་སོ། །དུག་གི་ནད་ལྟ་བུར་ཤ་དང་ལུས་སྔོ་ཞིང་སྐམ་པ་དང༌། ཤེད་ཆུང་ལ་ཟས་ཟོས་པའི་རྗེས་སུ་མི་བདེ་ཞིང་དང་ག་ཞན་པ་དང༌། ཚ་ཆེས་པ་དང་གྲང་ཆེས་པ་གཉིས་ཀ་མི་བཟོད་པར་ནའོ།།

མ་ཞུ་བའི་རྣམ་པ་དེ་རྣམས་གང་འདྲ་ཞིག་ཡིན་ཡང་རླུང་དང་ལྡན་ཚེ་ཁོང་པ་སྦོ་ལ་འདར་བ་དང་མགོ་བོ་འཁོར་ཞིང་ཡན་ལག་རེངས་པའོ། །མཁྲིས་པ་དང་ལྡན་ན་ཁོང་པ་ཚ་ཞིང་དྲི་ཆེ་བར་འཁྲུ་བའི་མདོག་སེར། སྒྲེག་པ་དང་སྐྱུགས་པ་རྟག་ལ་སྐོམ་དད་ཆེ་ཞིང་རིམས་གྱིས་འདེབས། བད་ཀན་དང་ལྡན་པ་མཆིལ་མ་ལ་འབྱར་བག་མང་ཞིང༌། ལུས་ལྕི་ལ་སེམས་བྱིང་ཞིང་སྒྲེག་པ་དང་སྐྱུག་པ་བྱེད་ཅིང་ཟས་ཀྱི་རོ་མི་ཞིམ་མོ། །དེ་ལ་ཡང་དུས་ཀྱི་དབྱེ་ན་གསར་པ་དང་རྙིང་པ་གཉིས་ལས་གསར་པའི་དུས་ཀྱི་ཚེ་ན་མ་ཞུ་བ་ཞེས་བྱ་ཞིང༌། དེ་ཉིད་རྙིངས་ནས་མ་ཞུ་བའི་རྒྱུས་བསྐྱེད་དེ་གཅོང་ནད་དུ་འགྱུར་རོ།།

དེ་རྣམས་བཅོས་པའི་ཐབས་ལ་གསར་པ་དང་རྙིང་པ་རྣམ་པ་གཉིས་སུ་ཡོད་པ་ལས་གསར་པའི་དུས་ལའང་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པའི་སྤྱི་ལ་སྨན་དང༌། དཔྱད་དང༌། ཟས་དང༌། སྤྱོད་ལམ་བཞི་ལས། མ་ཞུ་བ་དེར་ཡང་ཆུང་བ་འབྲིང་བ་ཆེན་པོ་སྟེ་ནད་ཀྱི་སྟོབས་གསུམ་དུ་སྦྱར་བའི་མ་ཞུ་བ་ཆུང་ངུ་ལ་ཟས་ཀྱི་རིགས་སྨྱུང་བར་གནས་པའི་བཀྲེས་པ་དང༌། དེ་བཞིན་སྐོམ་ཀྱང་ཆེར་མ་བཏང་བ་ཁ་སྐོམ་པར་བྱ་ཞིང༌། ནང་པར་དང་ནུབ་མོའི་དུས་ན་རྒྱམ་ཚྭ་བཏབ་པའི་ཆུ་བསྐོལ་ལ་བཏུང་བས་ཟས་ཀྱི་སྙིགས་མ་རང་སར་ལས་པའི་མ་ཞུ་བ་རྣམས་འཇུ་ཞིང་བད་ཀན་ལ་བརྟེན་པའི་བེ་སྣབས་དང་རྩ་སྦུབས་འགགས་པ་རྣམས་སྦྱོང༌། ཁ་ཟས་འཇུ་དཀའ་བ་དང་གྲང་མོ་སོགས་མངས་པའམ་ཆེས་པ་སྤང་ཞིང༌། བསྟེན་པ་ཕྱེ་ཐུག་ལ་བཅའ་སྒ་བཏབ་པ་དང༌། ལུག་གི་ཤ་ཡིབ་མ་སྟེ་ཧམ་པ་ཅན་དང༌། ཉ་དང་གཡག་རྒོད་ཀྱི་ཤ་དང་ཆང་དང་ཟན་དྲོན་ལ་སོགས་པ་ཡང་ཞིང་དྲོ་བ་ལ་འཇུ་སླ་བའི་རིགས་རྒྱུ་མ་སྲུང་བའམ་ཉུང་ཤས་ཙམ་རེ་ལས་མི་བསྟེན་པ་དང༌། སྤྱོད་ལམ་ཀྱང་རླན་སྟེང་དང་གྲང་བ་དང་བསེར་བུ་ཕོག་ས་ཉིན་མོའི་གཉིད་རྣམས་སྤང་ཞིང་ས་སྐམ་སར་ལུས་དྲོ་བར་བྱས་ལ་རྔུལ་ཐོན་ཙམ་བགྱིས་ཏེ་ཕྱིས་ལ་རྩོལ་བས་རན་པར་བཅག འོན་ཀྱང་གསར་པའི་དུས་ལ་སྨྱུང་བར་བྱ་བ་དང་ཉིན་པར་གཉིད་ཉལ་ན་ཕན་ཀྱང༌། ཁ་ཅིག་ནི་མ་ཞུ་བ་གསར་པ་དང་རྙིང་པ་ཐམས་ཅད་ལ་བཅགས་པ་རང་ཕན་ཞེས་རིག་པ་རྨོངས་པའི་འོལ་ཚོད་ཀྱི་མུན་ཚིག་སྨྲ་སྟེ་སྙིགས་མ་མ་ཞུ་བ་གསར་པར་བཅགས་པ་ཕན་པར་འགྱུར་ཏེ། དྭངས་མ་མ་ཞུ་བ་རྙིང་པའི་དུས་སུ་དུག་ཏུ་འགྱུར་བ་ཡིན་ནོ། །ཅི་ཕྱིར་ན་དྭངས་མ་དེ་ཉིད་མཆིན་པར་གནས་ཤིང་མཁྲིས་པ་དང་ལྡན་པས་ཚ་བ་དང༌། སྙིགས་མ་ཕོ་བ་དང་ལོང་དུ་བད་རླུང་དང་བསྡོངས་པས་གྲང་བ་ཡིན་པའི་ཕྱིར་རོ། །མ་ཞུ་འབྲིང་པོ་ལ་ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་བཞི་ཐང་བཏང་བ་དང༌། ཡང་ན་རྒྱམ་ཚྭ་དང༌། ཁ་རུ་ཚྭ་དང་སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་ཀྱི་བསྡུས་ཐང་ཚན་མོས་དྲོད་སྐྱེད་ཅིང་མ་ཞུ་བ་རྣམས་འཇུ། ཞི་དཀའ་ན་ཕྱི་རྒྱུད་ཀྱི་རྒོད་མ་ཁ་ཀ་རན་དྲུག་པའི་ཕྱེ་མའམ་སེ་འབྲུ་དང་བཅའ་སྒ་དང་པི་པི་ལིང་དང་ཕོ་བ་རིས་དང་ཙི་ཏྲ་ཀ་དབྱི་མོང་སྟེ་ཚ་བ་ལྔ་དང་རྒྱམ་ཚྭ་དང་ཁ་རུ་ཚྭ་དང་རྒྱ་ཚྭ་སྟེ་ཚྭ་སྣ་གསུམ་བུ་རམ་དཀར་པོ་དང་སྦྱར་བའི་ཕྱེ་མ་ཐུན་བསྐྱུངས་པ་སྟེ་ཆུང་ངུ་རིམ་པས་བཏང་བ་ཆུ་ཚན་གྱིས་དབུལ་ལ་གཏོང་ཞིང་ཐུན་ཆེས་ན་འཇུ་དཀའ་བས་མི་ཕན་པའི་ཁར་བེ་སྣབས་ཀྱི་གྲོགས་སུ་འགྱུར་ཕྱིར་འཕྲུལ་ཤེས་དགོས་ཤིང༌། རྡོ་དང་བོང་བ་དང་ཚ་ལ་སོགས་པའི་དྲོད་དུགས་ཀྱིས་བདུགས་པ་དང༌། ཁྱི་ཞེས་བཤད་ཀྱང་དང་ག་འགགས་པས་སྤང་བ་དང་སྤྱང་ཀི་གཡི་སོགས་ཀྱི་སྤུའི་དུགས་རྐེད་པར་དཀྲིའོ། །མ་ཞུ་བ་ཆེན་པོ་སྨན་གྱིས་བཞུས་པའི་རྗེས་ལ་སྦྱང་བ་སོགས་བྱ་དགོས་ཏེ། སྟོད་དུ་གནས་ན་སྐྱུགས་བྱ་ལ་སྨད་དུ་གནས་ན་ནི་རུ་ཧ། བར་དུ་གནས་པའི་ཚེ་ན་བཤལ་སོགས་རྒྱུད་ཕྱི་མ་ལྟར་གྱིས་སྦྱང་བར་བྱ་བ་དང༌། རྗེས་ལ་ཟས་དང་སྤྱོད་ལམ་བསྟེན་པས་ཉེས་ན་སླར་འཕེལ་བར་བྱེད་པས་དེའི་ཕྱིར་ན་རྗེས་ཀྱི་སྤྱོད་ལམ་ལ་ཤིན་ཏུ་གཟབ་བར་བྱེད་དགོས་ཤིང༌། གོང་དུ་བཤད་པའི་སྤྱོད་ལམ་དེ་དག་གིས་ཀྱང་ཞེན་ཆེས་པའི་རྩ་བ་མ་ཐོན་ན་ཕོ་གསང་ཚིགས་པ་བཅུ་གཉིས་པ་དང་མདུན་གྱི་ཕོ་གསང་དགུ་གང་དུ་བབས་པ་མེའི་ཐུར་མས་སྤྲུག་གོ །

བྱེ་བྲག་ཏུ་ཕྱེ་བའི་བཅོས་པ་ནི་སྙིགས་མ་མ་ཞུ་བ་ལ་ཕོ་བའི་དྲོད་བསྐྱེད་པ་སེ་འབྲུ་དང་བཅའ་སྒ་དང་པི་པི་ལིང་ཕོ་རིས་ཏེ་ཚ་བ་གསུམ་དང་མ་ཞུ་འཇུ་བྱེད་རྒྱམ་ཚྭ་ཁ་རུ་ཚྭ་རྒྱ་ཚྭ་རྣམས་བུར་ཀར་དང་སྦྱར་བའི་ཕྱེ་མ་དེ་སྟེང་དུ་སོ་སོའི་གཉེན་པོ་བསྣོན་དགོས་ལ། རྩམ་པ་མ་ཞུ་ན་ཕབས་དང་བུལ་ཏོག་བསྣན། ཤ་མ་ཞུ་ན་སྤྱང་ཀིའི་ཕོ་བའམ་ཡང་ན་སོ་བྱ་ནི་ཆུར་གནས་པའི་ཉ་ཁྲའི་རིགས་མདོག་ནག་པོ་དེ་དང་རྒོད་ཀྱི་གྲེ་བ་བསྣན་ལ་གཏང་དགོས་ཀྱང༌། ཤ་གང་མ་ཞུ་བའི་ཤ་ཁུ་དང་སོག་པའི་ཡུ་བའི་ཐང་དང་ལྟག་པ་སྤྲད་པར་བྱ་ལ། སྔོ་ངད་ཀྱི་རིགས་མ་ཞུ་ན་ཟྭ་དང་དབྱི་མོང་གཉིས་བསྣན། ཆང་མ་ཞུ་བ་ལ་ཕབས་དང་ཆང་བསྐོལ་བ་བསྣན་པའམ། ཡང་ན་ཆང་རིགས་འབྲུ་གང་ཡིན་པ་དེའི་སོག་མའི་ཚིགས་ཐང་གིས་འཇུ་བར་བྱེད། ཇ་དང་ཆུ་མ་ཞུ་བ་ལ་ཚྭ་བསྣན་ལ་རང་གི་དྲི་ཆུ་བཏུང༌། ཞོ་དར་དང་འོ་མའི་རིགས་མ་ཞུ་བའི་ཚེ་རང་རང་དང་ཕྱུར་བ་སྐྱུར་པོའི་ཁུ་བས་འཇུ། མར་དང་ཚིལ་གྱི་རིགས་མ་ཞུ་ན་ཅོང་ཞི་མེས་བཏུལ་བ་བསྣན་འབྲུ་མར་མ་ཞུ་ན་སྲན་མའི་ཕྱེ་མ་དང་གོང་གི་སྤྱི་སྨན་ལྟག་པ་སྤྲད་ལ་བསྣན། རྡོ་མ་ཞུ་བ་ལ་ནག་མཚུར་དང་ཟེ་ཚ་གཉིས་བསྣན། སྨན་མ་ཞུ་ན་བཙན་དུག་གི་རིལ་བུ་ནི་བཞེད་པ་མི་མཐུན་པ་མང་ཙམ་མཆིས་ཀྱང་སྨན་ཆེན་ལ་ཨ་རུ་ར་བདུན་འགྱུར་བཏང་སྒ་པི་ཕོ་བ་རིས་སྨན་ཆེན་ཉིས་འགྱུར་བྱས་པ་གཉིས་ལྟག་པ་སྤྲད་པ་སོགས་ཀྱི་སྨན་གྱིས་ཀྱང་མ་ཞི་ན་རྗེས་ལ་པོ་སོ་ཆ་དང་ཤུ་དག་དང་པི་པི་ལིང་དང་སྒ་སྐྱ་དང་ར་ཡི་འོ་མ་རྣམས་ཀྱིས་གྱེན་དུ་དྲངས་བ་འམ། ཡང་ནད་སྟོབས་ཆེ་ན་དང་པོར་རྒྱུད་ཕྱི་མ་ལྟར་གྱི་རི་ཤོ་དུར་བྱིད། སྤྱང་ཚེར་ཤུ་དག་རྒྱམ་ཚྭ་སོགས་ཀྱི་སྟེང་བཅའ་སྒ་པི་ལིང་བསྣན་པའི་སྐྱུགས་བྱས་དེའི་རྗེས་ལ་སྨན་གོང་གསལ་གཏོང་བ་དང༌། ཁྱད་པར་དུ་ཚ་དུགས་དང་རྩོལ་བས་རན་པར་བཅག་པ་དང་ཆུ་བསྐོལ་བཏང་ན་མཆོག་ཏུ་ཕན་ནོ། །དྭངས་མ་མ་ཞུ་བའི་ཚེ་ཕྱི་རྒྱུད་ལྟར་གྱི་ཆ་མཉམ་བཞི་པའི་ཐང་བཏང་བར་བྱ་ལ། བྱེར་བའི་ཚེ་ན་འོ་མ་ལ་ལན་ཚྭ་བཏབ་པས་བསྡུ་བ་དང༌། མ་བྱེར་བ་དང་འདུས་ནས་དུར་བྱིད་དང༌། ཤྲྰི་ཁཎྜ་དང༌། རུ་རྟ་དང༌། རྒྱམ་ཚྭ་དང༌། ཤུ་དག་དང༌། བུ་རམ་སྦྱར་ལ། ཆུ་ཚན་སྐྱུགས་ན་སྐྱུར་སྡེར་བཤད་པའི་རྩབས་ཏེ་གོང་སྨོས་ཞོའི་རུ་མ་དང་འབྲས་སོགས་ཀྱིས་ཕྱི་རྗེས་གཅད་པར་བྱ་བ་དང༌། ཕྱི་རྒྱུད་ཀྱི་དོང་གྲ་སྟེ་བཅའ་སྒ་བསྣན་པའི་སེ་འབྲུ་ལྔ་པ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་ངོ༌།།

མ་ཞུ་བ་དེ་བེ་སྣབས་ཆེ་ན་སོ་ཆ་དང་ཤུ་དག་དང༌། བཅའ་སྒ་དང༌། རྒྱམ་ཚྭ་རྣམས་སྦྱར་བ་ཆུ་བསྐོལ་གྱིས་ཕུལ་བའི་སྐྱུགས་ཀྱིས་དྲངས་ལ། སྐྱུགས་ཀྱི་རྗེས་ལྟོ་བར་དུགས་བྱ་ལ་ཆུ་བསྐོལ་ཚད་ལྡན་བཏུང་བར་བྱའོ། །ཡང་ན་ལྕུམ་རྩ་དང་པོ་སོ་ཆ་དང༌། བུལ་ཏོག་དང༌། པི་པི་ལིང་དང༌། ཚྭ་དང༌། མར་རྣམས་སྦྱར་བའི་རེང་བུས་སྨད་ཀྱི་རླུང་སྦྱོང་ངོ༌། །དེ་སྟེང་དུར་བྱིད་དང་ཕབས་སྦྱར་བའི་མས་འདྲེན་ཀྱང་བཏང་ལ། སྲོད་ཀྱི་དུས་སུ་རྐང་པའི་མཐིལ་རྡོ་ཡིས་བདུག གསུད་ནད་ལ་རྟིང་པ་གཉིས་ཀྱི་དྲེག་པ་ནག་པོའི་སླེབས་མཚམས་སུ་མེ་བཙའ་གདབ་ཅིང༌། དེའི་ཉིན་པར་སྨྱུང་བར་བྱས་ནས། སྟེང་རླུང་ནི་སྣ་བུག་དང་ཁའི་རླུང་སྟེ་འདུན་པ་དྲག་པོས་འོག་ཏུ་མནན་ལ་དབུགས་བསྡམས་པ་དང༌། འོག་རླུང་ནི་འོག་སྒོ་གཉིས་ཀྱི་རླུང་གློད་པར་བྱས་ལ། བར་རླུང་ནི་ཕོ་ལོང་བསྐོར་ཞིང་དྲག་ཏུ་སྤྲུགས་ཏེ་དོན་ནི་ཐུར་སེལ་གྱི་རླུང་མལ་དུ་གཞུག་པའི་ཐབས་བྱས་ལ། དེ་འོག་སྤྲུགས་པའི་རྗེས་ལ་བཤལ་གྱི་རྗེས་ལྟ་བུར་མི་འཕྲོད་འཇུ་དཀའི་ཟས་ཀྱི་རིགས་དང་སྤྱོད་ལམ་རྣམས་གཟབ་པར་བྱའོ། །མ་ཞུ་ཤིང་འདྲ་བ་ལ་མ་ནུ་བཞི་ཐང་ངམ་ཕྱི་རྒྱུད་ཀྱི་ཆ་མཉམ་བཞི་པའི་ཐང་བཏང་རྡོ་ཚ་མོའི་དུགས་ཀྱིས་རྩེ་བཅིལ་བ་སྟེ་ནད་ཀྱི་རྣོ་ངར་བསད་ལ། སྦྱོང་དང་སྐྱུགས་གཉིས་ལས་ལྔའི་ལྟོ་སྦྱོང་གི་སྟེང་རི་ཤོ་སྤྱང་ཚེར་སོ་ཆ་བསྣན་པས་དུས་གཅིག་ལ་སྦྲགས་མར་བཏང་ཞིང་ལྟོ་བར་ཆུ་ཚན་མོ་གྲོད་པར་བླུགས་པས་བདུགས་པ་དང༌། ལོང་ཚ་དང་རུ་ཐུང་གཉིས་གང་བབས་གཏར་ལ་ཁ་ཟས་དབྲི་བ་སྟེ་རིམ་པས་ཉུང་དུ་གཏང་བར་བྱ། དུག་འདྲ་ན་རུས་རྙིང་གི་རླངས་དུགས་དང་དེའི་ཁུ་བའི་ཆུ་ཚན་དུ་ཉལ་བར་བྱ་བ་དང་དེ་འོག་ཏུ་དུག་ནད་དམ་བད་ཀན་སྨུག་པོ་ལྟ་བུར་བསྡུ་བར་བྱ་ལ་འདུས་པའི་རྟགས་མཐོང་བའམ་ཐོབ་ནས་ལྟོ་དང་རྩ་གང་འོས་སྦྱར་ཏེ་གཉིས་ཀ་ནས་སྦྱངས་པའི་རྗེས་ལ་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་པ་དང༌། གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་གཉིས་ལྟག་པ་སྤྲད་ལ་བཏང་བ་དང༌། མཇུག་ཏུ་ལུས་སྟོབས་རྒྱས་པར་བྱེད་པ་ཕྱི་རྒྱུད་ཀྱི་འབའ་སམ་སྨན་མར་གྱིས་ཕྱི་རྗེས་བཅད་དོ།།

མ་ཞུ་བ་རླུང་དང་ལྡན་ན་དུགས་བྱ་བ་དང་འཇམ་རྩི་ཕྱི་རྒྱུད་བཀྲུ་འཇམ་སྟེང་ཤིང་ཀུན་ཁ་རུ་ཚྭ་བསྣན་པ་བཏང་ཞིང་མཁྲིས་པ་དང་ལྡན་ན་རྒྱུད་ཕྱི་མའི་ལྟོ་སྦྱོང་སྟེང་རྒྱ་ཏིག་གསེར་མེ་དུག་མོ་ཉུང་བསྣན་པས་སྦྱངས་ཤིང༌། བད་ཀན་དང་ལྡན་པ་ལ་ཡང་རི་ཤོ་སྤྱང་ཚེར་དུར་བྱིད་ཤུ་དག་རྒྱམ་ཚྭ་པི་པི་ལིང་རྣམས་ཀྱི་སྐྱུགས་ཀྱིས་ནད་དག་པར་བྱ་བ་དང༌། རླུང་མཁྲིས་བད་ཀན་རང་རང་གི་ཁ་འཛིན་གྱི་ཟས་དང་སྨན་གྱིས་འཚམས་པས་བཅོས་སོ།།

མ་ཞུ་རྙིངས་ནས་ནད་གཞན་དུ་གྱུར་པ་ལའང་དང་པོ་མ་ཞུ་བའི་རྒྱུ་ལས་སྐྱེས་པའི་ཕྱིར། དོང་གྲ་བསྣན་པའི་སེ་འབྲུ་ལྔ་པ་ཚ་གྲང་གཉིས་གང་བབས་རྟས་བསྒྱུར་བ་ཚ་ན་ཀ་ར་དང་གྲང་ན་བུ་རམ་གྱིས་བསྒྱུར་བ་ཆུ་བསྐོལ་གྱིས་ཕུལ་བས་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་ཅིང་མ་ཞུ་བའི་ནད་འབྱང་བ་སྟེ་དག་པ་དང་དྭངས་མ་རང་གནས་སུ་འཇོག་པའི་སྤྱི་སྨན་གྱི་མཆོག་ཏུ་གྱུར་པ་ཡིན། ཕོ་བའི་མེ་དྲོད་སྐྱེད་པ་དང་ཟུངས་བཟང་བ་དང་ནད་གཞན་གསོ་སླ་བའི་གྲོགས་སུ་བཤད་ཅིང༌། དེ་ཡང་བཤད་རྒྱུད་ལས། ལུས་ཟུངས་བཟོ་རྒྱུ་འདྲ་བས་ཆུད་མི་གསོན། །ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །དེ་ལྟར་ཤེས་ན་འཚོ་བྱེད་སྨན་པར་འགྱུར། །ཞེས་པ་ལྟར་འབྲས་བུ་ནད་གཞན་གསོ་སླ་བའི་གྲོགས་སུ་འགྱུར་བའི་ཕྱིར་རོ། །ནད་ཀྱི་རྒྱུ་མ་བཅོས་པར་ངོ་བོའམ་འབྲས་བུ་གསོ་འདོད་པ་ནི་དཔེར་ན་དུག་གི་རྩ་བ་མ་ཕྱུངས་པར་ལོ་མ་བཅད་ནས་བསྐྱུར་བ་དང་འདྲ་སྟེ་དོན་མེད་དོ། །ཁོང་ནད་ཐམས་ཅད་ཀྱི་རྒྱུ་ལྟ་བུ་མ་ཞུ་བས་བསྐྱེད་པའི་ཕྱིར་མ་ཞུ་བའི་གསོ་དཔྱད་ལ་མཁས་པ་ཤིན་ཏུ་གལ་ཆེ་བས་གཅེས་ལ། རྒྱུ་མཚན་རྒྱུ་དེ་ཉིད་གྲོལ་བའི་ཚེ་ན་འབྲས་བུ་ག་ལ་འབྱུང་ཞེས་ཡུས་དང་བཅས་གསུངས་སོ།།

དེ་ནས་སླར་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་པ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། མ་ཞུ་བའི་རྒྱུས་བསྐྱེད་པའི་འབྲས་བུ་གཅོང་གི་ནད་དུ་གྱུར་པ་དེ་དག་རྒྱུ་རྐྱེན་དང་གྱུར་ཚུལ་དང་དབྱེ་བ་དང༌། རྟགས་དང་བཅོས་པའི་ཐབས་རྗེས་གཅོད་ཀྱི་རིམ་པ་ཇི་ལྟར་ལགས། འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཤད་དུ་གསོལ། ཞེས་ཞུས་པ་དང་སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མ་ཞུ་བའི་རྒྱུས་བསྐྱེད་པའི་འབྲས་བུ་གཅོང་གི་ནད་ལ། གསར་པ་ལ་ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་པ་དང་དུག་གཅོང་དང་བད་ཀན་སྨུག་པོ་དང་མཁྲིས་པའི་ནད་དང་དྲུག རྙིང་པ་ལ་སྐྲན་དང་སྐྱ་རྦབ་དང་དམུ་རྫིང་དང་འོར་དང་བཞི། གཅོང་ཆེན་ཟད་བྱེད་ཀྱི་ནད་དང་རྣམ་པ་ལྔ་རུ་བཤད། དུག་ནད་ནི་དུག་གསོ་བའི་སྐབས་སུ་ཕྱིས་ནས་འབྱུང་ལ་གསར་པ་གཞན་ལྷེན་དང་མེ་ཉམས་ལྕགས་དྲེག་རྣམས་བད་ཀན་གསོ་སྐབས་སུ་བསྟན་ཅིང་བརྗོད། སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར་བ་སོགས་མཁྲིས་པ་གསོ་བའི་ལེའུར་བསྟན་ཅིང་བརྗོད། བད་ཀན་སྨུག་པོའི་རང་བཞིན་རྒྱུའི་འདུས་པ་བད་སྨུག་གསོ་བའི་ལེའུ་རྣམས་སྔར་བརྗོད་པས་སྐབས་འདིར་ནི་མ་ཞུ་རྙིང་པའི་གཅོང་ནད་དམིགས་བསལ་སྡེ་ལྔར་འདྲེན་པ་སྟེ་དེའང་སྤྱིར་གྲགས་གཅོང་སྡེ་བཞི་འདྲེན་ན། གསལ་བྱེད་སྒྲོན་མེའི་རྒྱུད་ལས། བད་མཁྲིས་ལྷེན་དང་ལྕགས་དྲེག་གཅོང་གི་སྡེ། །དེ་བཞིན་འཁྲུ་སྐྱུགས་འབྲས་དང་སུར་ཡ་གཅོང་གི་སྡེ། །དྲེག་དང་གྲུམ་བུ་ཐིག་ནག་རྐང་འབམ་གཅོང་གི་སྡེ། །འོར་དང་སྐྱ་རྦབ་སྐྲན་དང་དམུ་ཆུ་གཅོང་གི་སྡེ། །ཞེས་སྡེ་བཞི་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ཏུ་བཤད་ལ། རྒྱུད་འདིའི་དགོངས་པ་ནི། རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིང་བཞི། །ཞེས་པ་ནས། ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་བསྐྱེད། །ཅེས་པའི་བར་གྱིས་བསྟན་པ་འདིའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པའི་ལེའུ་སྟེ་དྲུག་པའོ།། །།



མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།