སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དྲུག་པ། ལྡེ་གུའི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་དྲུག་པ། ལྡེ་གུའི་སྦྱོར་བ་བསྟན་པ

བཞི་པ་ལྡེ་གུའི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། །ཞི་བྱེད་གསུམ་པ་རིལ་བུའི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། །དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། བརྒྱད་པར། མར་ནི་ལྦུ་བ་དྭངས་མ་དང༌། །ཏིལ་མར་ལྦུ་བ་ཕྱུང་བ་དང༌། །ལྡེ་གུ་ནལ་ནལ་པོར་གྱུར་ཞིང༌། །ཆུ་ནང་བྱིང་ཞིང་གྱེས་མི་འགྱུར། །ཞེས་ལྡེ་གུའི་བསྐོལ་ལུགས་གསུངས་པ་དང་མཐུན་པར། ལེའུ་འདི་ཉིད་ལས། དེ་སོགས་ལྡེ་གུའི་སྦྱར་ཐབས་སྦྲང་ཆུ་བཅད། །བུམ་རམ་ཆུར་བསྡུས་མར་གྱི་ལྦུ་སྙིགས་ཕྱུངས། །ཞེས་དང༌། ཀ་ར་ལ་སྦྱར་ཞིབ་ཏུ་བཏགས་ལ་གདབ། །ཅེས་གསུངས་པའི་ཀ་ར་དང་བུ་རམ་སྦྲང་གསུམ་ལས། ཀ་ར་ལ་ཕྱེ་མའི་ལེའུར། ཚ་སེལ་ཐམས་ཅད་ཀ་ར་དྲུག་འགྱུར་སྦྱར། །གྲང་སེལ་ཐམས་ཅད་བུ་རམ་བཞི་འགྱུར་སྦྱར། །ཞེས་གསུངས་པས། ནུས་པ་ཁྱད་པར་ཡོད་པར་བསྟན་ཞིང༌། འདི་ལ་ཁ་ཅིག་ཤེལ་ཀ་ར་དང་བྱེ་མ་ཀ་ར་བུ་རམ་རྣམས་ཤིང་གཅིག་གི་ཁནྜའི་དངྭས་སྙིགས་སུ་འདོད་པ་དང༌། ལ་ལ་ཤིང་ཐ་དད་དུ་འདོད་པ་སོགས་འདུག་ཀྱང་དངོས་ནི། ཟླ་ཟེར་ལས། བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ། །ཤ་སྐྱེ་རོ་ཙ་བད་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང༌། །རོ་དང་ཞུ་རྗེས་མངར་བ་ཡིན། །ཞེས་བྱ་བ་ལ་བུ་རམ་ཤིང་ལས་བྱུང་པའི་ཁུ་བ་ནི། འཁྲུ་བ་སྟེ་བཤང་བ་ལ་སོགས་པ་སླ་བར་བྱེད་པ་དང༌། ལྕི་བ་དང་སྣུམ་པར་བྱེད་པ་དང༌། ཤ་སྐྱེ་བར་བྱེད་པ་སྟེ་ལུས་སྦོམ་ཞིང་འཕེལ་བར་བྱེད་པ་དང༌། །རོ་ཙ་ཞིང་ཁུ་བ་འཕེལ་བ་དང༌། བད་ཀན་དང་གཅིན་འཕེལ་བར་བྱེད་པ་དང༌། བསིལ་བ་སྟེ་ནུས་པ་བསིལ་བ་དང༌། དེ་བཞིན་དུ་ཁྲག་དང་མཁྲིས་པ་སེལ་ཞིང་འཇོམས་པ་དང༌། རོ་དང་ཞུ་བའི་རྗེས་མངར་ཞིང་བདའ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་རྩེ་ལན་ཚ་བྲོ་ཞིང་སོས། །བཅས་ན་ཁ་ར་དག་དང་འདྲ། །ཞེས་བྱ་བ་ལ་བུ་རམ་ཤིང་དེའི་རྩེ་མོ་ཅུང་ཟད་ལན་ཚ་བྲོ་ཞིང་སོས་བཅས་ཤིང་ཟིས་པ་ན། དེའི་ཡོན་ཏན་ཤ་ཁར་དང་འདྲ་བ་ཡིན་ནོ། རྩ་བ་རྩེ་མོ་འབུས་ཟོས་སོགས། །བཙིར་དང་དྲི་མ་སྦགས་པ་དང༌། །དུས་ནི་ཅུང་ཟད་ལོན་པ་ལས། །འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ། །ཚ་ཞིང་ལྕི་ལ་མཁྲེགས་པར་འགྱུར། །ཞེས་བྱ་བ་ལ་རྩ་བ་དང༌། རྩེ་མོ་དང༌། འབུས་ཟོས་པ་ལ་སོགས་པ་ནི། རྩ་བ་རྩེ་མོ་འབུས་ཟོས་སོགས་ཞེས་བྱ་བ་ལ་དེ་རྣམས་བཙིར་བ་དང༌། དེ་བཞིན་དུ་དྲི་མ་འགགས་ཤིང་གོས་པར་གྱུར་པ་དང༌། དེ་བཞིན་དུ་དུས་ཅུང་ཟད་ལོན་པར་གྱུར་ཞིང་དུས་ཅུང་ཟད་འདས་པར་གྱུར་པའི་འཕྲུལ་འཁོར་གྱིས་བཙིར་བའི་བུ་རམ་ཤིང་གི་ཁུ་བ་དེ་ནི་རྣམ་པར་འགྱུར་བར་བྱེད་ཅིང་གཞན་དུ་གྱུར་པ་ཉིད་དུ་འགྱུར་ཏེ། འགྱུར་བ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་གཞན་དུ་འགྱུར་བའོ། །དེས་ན་དེའི་ཚེ་བསིལ་བ་ཡིན་པས་ཚ་བར་འགྱུར་པ་དང༌། ཡང་བ་ལས་ལྕི་བར་འགྱུར་བ་དང༌། འཁྲུ་བ་ཡིན་པ་ལས་མཁྲེགས་པར་འགྱུར་བ་སྟེ། འདི་དག་ནི་དེའི་འགྱུར་བ་ཡིན་ནོ། །དེ་ལ་གོང་དུ་ཚ་བ་ཞེས་སྨོས་པ་ནི་གང་ལ་ཚ་བ་ཡོད་པ་དེ་ནི་ཚ་བ་སྟེ། ཕོ་བའི་མེའི་དྲོད་དང་ཕྲད་ནས་གང་འཇུ་བར་གྱུར་པ་ནི་འཇུ་བའི་གནས་སྐབས་ཕྱེད་ཞུ་ཙམ་དུ་གྱུར་པ་ན་རྣམ་པར་ཚ་ཞིང་མཁྲིས་པ་བསྐྱེད་པར་བྱེད་པས་ཡུན་རིང་དུ་གནས་ཀྱི་མྱུར་དུ་འཇུ་བར་མི་བྱེད་དེ། དེ་ནི་ལྕི་བ་ཡིན་པའམ་དངོས་པོའི་རང་བཞིན་ཡིན་པས་ན་དེ་ཚ་བ་དང་ལྡན་པ་ཡིན་ནོ། །ཞེས་སྨན་དཔྱད་ཀྱི་ལུང་ལ་བརྟེན་པ་རྣམས་འཆད་དོ། །དེ་ལ་ཁ་ར་དཀར་པོའི་ཤིང༌། །བསིལ་དང་མངར་བས་མཆོག་ཡིན་ལ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བུ་རམ་ཤིང་དེ་རྣམས་ཀྱི་ནང་ནས་ཁ་ར་དཀར་པོའི་བུ་རམ་ཤིང་ནི། བསིལ་བ་དང༌། དངྭས་ཞིང་དྲི་མ་མེད་པ་དང༌། མངར་བས་མཆོག་སྟེ་དམ་པ་ཡིན་ནོ། །དེས་ན་ལན་ནི་ཕུལ་དུ་བྱུང་བ་ཉིད་ཡིན་ནོ།།

        དེའི་འོག་མ་སྦུངས་ཅན་ཡིན་ཞེས་བྱ་བ་ནི་ཁ་ར་དཀར་པོའི་ཤིང་དེ་བས་བང་ཤི་ཀ་ཞེས་བྱ་བའི་བུ་རམ་ཤིང་སྦུབས་ཆེ་བ་ནི་བསིལ་བ་ལ་སོགས་པའི་ཡོན་ཏན་ཆུང་བ་ཡིན་ཏེ། བསིལ་བ་ལ་སོགས་པའི་ཡོན་ཏན་ཅུང་ཟད་ཅིག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཆིགས་བརྒྱ་བ་དང་ཀནྟ་ར། །བལ་ཡུལ་སྐྱེས་སོགས་དེ་ལས་རིམ། །ཅུང་ཟད་ཚ་བྲོ་བསྐ་བ་དང༌། །དྲོ་བཅས་ཅུང་ཟད་ཚ་བ་བསྐྱེད། །ཅེས་བྱ་བ་ལ་ཚིགས་བརྒྱ་པ་ལ་སོགས་པའི་བུ་རམ་ཤིང་རྣམས་ནི་རིམ་གྱིས་འོག་ནས་འོག་ཏུ་བསིལ་བ་ལ་སོགས་པའི་ཡོན་ཏན་དམན་པ་ཡིན་ཏེ། །སྦུབས་ཅན་དེ་ལས་ཡོན་ཏན་གྱིས་ཚིགས་བརྒྱ་པ་དམན་པ་ཡིན་ལ། དེ་བས་ཀྱང་ཀནྟ་ར་ཞེས་བྱ་བའི་བུ་རམ་ཤིང་ཕྲ་མོ་ཞིག་ཡོད་པ་དམན་པ་ཡིན་ལ། དེ་བས་ཀྱང་བལ་ཡུལ་གྱི་དམན་པ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལའང་སྦྱར་བར་བྱའོ། །དེ་རྣམས་ཀྱང་ཅུང་ཟད་ལན་ཚྭ་བྲོ་བ་དང༌། ཅུང་ཟད་བསྐ་བ་དང༌། ཅུང་ཟད་དྲོ་བ་དང༌། ཅུང་ཟད་ཚ་བ་བསྐྱེད་པའི་ངང་ཚུལ་ཅན་ཡིན་ནོ། །ལྦུ་བ་ཅན་ལྕི་བད་ཀན་བསྐྱེད། །སོག་བྱེད་གཅིན་ནི་སྦྱོང་བྱེད་ཡིན། །ཞེས་བྱ་བ་ལ་ལྦུ་བ་ཅན་ཞེས་བྱ་བ་ནི། བུ་རམ་ཕྲ་མོ་དག་གི་མིང་གི་རྣམ་གྲངས་ཡིན་ཏེ། དེ་ནི་ལྕི་བ་དང་བད་ཀན་བསྐྱེད་ཅིང་འཁྲུག་པར་བྱེད་པ་དང༌། སོག་བྱེད་ཅེས་བྱ་བ་ཉེས་པ་གསུམ་སོག་ཅིང་སྡུད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཅིན་ནི་སྦྱོང་བྱེད་ཡིན། །ཞེས་བྱ་བ་ནི་གཅིན་སྦྱོང་ཞིང་དྲི་མ་མེད་པར་བྱེད་པའམ། ཡང་ན་གཅིན་མང་པོ་འབྱིན་པར་བྱེད་པ་ཡིན་ནོ། །དཀར་པོ་བད་ཀན་ཆེར་མི་བསྐྱེད༌། བཤང་དང་གཅི་བ་བདེ་བར་འབྱིན། །ཞེས་བྱ་བ་ལ་བུ་རམ་དཀར་པོ་དང་པོར་བསྐོལ་བ་ན། རྙོག་པ་དང་བྲལ་བར་བྱས་པ་ནི་བད་ཀན་ཆེར་མི་བསྐྱེད་ཅེས་པ་སྟེ། བད་ཀན་ཅུང་ཟད་ཙམ་ཞིག་བསྐྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ། བཤང་དང་གཅི་བ་བདེ་བར་འབྱིན། །ཅེས་བྱ་བ་སྟེ། བཤང་བ་དང་གཅི་བ་དག་བདེ་བླག་ཏུ་ཕྱི་རོལ་ཏུ་འབྱིན་ཞིང་འབྱང་བར་བྱེད་པ་ཡིན་ནོ། །དམར་གནག་ཕལ་ཆེར་སྲིན་བུ་ཁྲག །རྐང་ཚིལ་ཤ་དང་བད་ཀན་བསྐྱེད། །ཅེས་བྱ་བ་ནི་བུ་རམ་དམར་ནག་རྙོག་པ་ཅན་ནི་ཁོང་པའི་འབུ་སྲིན་མང་དུ་བསྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ། །རྙིང་པ་ཡིད་འོང་ཕན་པ་ཡིན། །ཅེས་བྱ་བ་ནི་བུ་རམ་རྙིང་པ་ལོ་མང་པོ་ལོན་པ་ནི་ཡིད་འོང་ཞེས་བྱ་བ་སྟེ། ཡི་གར་འོང་ཞིང་སེམས་དགའ་བར་བྱེད་པ་དང༌། དེ་བཞིན་དུ་ཕན་པ་སྟེ། ལུས་ཟུངས་རྣམས་དང་གནོད་པ་རྣམས་ལ་ཕན་པ་ཡིན་ནོ།།

        གསར་པ་དྲོད་འབྲི་བད་ཀན་བསྐྱེད། །ཅེས་བྱ་བ་ནི་བུ་རམ་གསར་པ་དག་ནི་བད་ཀན་བསྐྱེད་ཅིང་མེ་དྲོད་འབྲི་བ་ཡིན་ནོ། །ཧྭགས་དང་ཁནྜ་ཁ་ར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ། །རོ་ཙ་གློ་གཅོང་གློ་རྡོལ་དང༌། །ཁྲག་དང་མཁྲིས་པ་རླུང་སེལ་ཡིན། །ཞེས་བྱ་བ་ཧྭགས་ཞེས་བྱ་བ་ནི་བུ་རམ་གྱི་དྭངས་མའི་ཤ་ཁ་ར་སྟེ་ག་ལ་ལ་ཞེས་མིང་དུ་གྲགས་པའོ། །ཁནྜ་ནི་དེ་ལས་ཀྱང་དངྭས་ཤིང་དྲི་མ་མེད་པའོ། །ཁ་ར་དཀར་པོ་ནི་དེ་བས་ཀྱང་ཆེས་དངྭས་ཤིང་རྙོག་པ་མེད་པའི་ཁ་ར་དཀར་པོའོ། །དེ་ལྟར་ན་རིམ་གྱིས་ཡོན་ཏན་ཆེ་བའོ། །དེ་དག་ནི་རོ་ཙ་བ་སྟེ་ཁུ་བ་འཕེལ་བར་བྱེད་པ་དང༌། གློ་གཅོང་དང་གློ་རྡོལ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །ཡ་བ་ཀྵ་ར་ཚ་ཞིང་མངར། །བསྐ་སྟེ་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ཡ་བ་ཀྵ་ར་ཞེས་འཇིག་རྟེན་གྲགས་པ་ཡིན་གྱི་གཞན་དུ་ཡང་ཤ་ཁ་ར་ཞེས་བྱ་བའོ། །ལ་ལ་དག་ནི་བྱི་ཚེར་བའི་ཁུ་བ་ལས་དེ་བྱེད་དོ་ཞེས་ཟེར་རོ། །དེའི་ཡོན་ཏན་ཡང་རོ་ཙ་བ་དང་མངར་བ་དང་བསྐ བའི་རྒྱུས་ཧྭགས་ལ་སོགས་པ་དེ་དག་དང་འདྲ་ཞིང་མཚུངས་པ་ཡིན་ནོ། །ཁ་ར་དཀར་ཀུན་ཚ་དང་སྐོམ། །སྐྱུག་བྲོ་བརྒྱལ་དང་བད་མཁྲིས་སེལ། །ཞེས་བྱ་བ་ལ་ཁ་ར་འདི་དག་དང་ཁ་ར་གཞན་གང་དག་ཡོད་པ་དེ་ཐམས་ཅད་ནི་ཚ་བ་ལ་སོགས་པ་སེལ་ཅིང་འཇོམས་པ་ཡིན་ནོ། །བུ་རམ་ཤིང་བསྡུས་ཁ་ར་དང༌། །དབུ་བ་ཅན་མཆོག་ཐ་མ་ཡིན། །ཞེས་བྱ་བ་ལ་བུ་རམ་ཤིང་བསྡུས་པ་ནི། བུ་རམ་ཤིང་གི་ཁུ་བ་བསྡུས་པ་རྣམས་ཀྱི་ནང་ནས་ཁ་ར་ནི་མཆོག་ཡིན་ལ། དབུ་བ་ཅན་ཞེས་པ་བུ་རམ་ཕྲ་མོ་རྙོག་པ་ཅན་ནི་ཐ་མ་ཡིན་ནོ། །ཞེས་གསུངས་པས་ངོ་བོ་བུར་ཤིང་གི་རིགས་གཅིག་ལ་སྐྱེ་ཡུལ་དང༌། བཟང་ངན་སོགས་ཀྱི་ཁྱད་པར་ལས་བྱུང་བའི་རིགས་དང༌། དེ་དག་རེ་རེ་ལའང་ཁནྜའི་དངྭས་སྙིགས་སོགས་ཀྱི་ཁྱད་པར་ལས་ཀྱང་བྱུང་བར་མངོན། སྦྲང་ཀྱང་བུར་ཤིང་དེ་ཉིད་ཀྱི་སྡེ་ཚན་དུ་ཟླ་ཟེར་ལས། སྦྲང་རྩི་མིག་ཕན་གཅོད་སྐོམ་དང༌། །བད་ཀན་སྐྱིགས་བུ་ཁྲག་མཁྲིས་འཇོམས། །ཚིལ་ཆེ་མཛེ་ནད་གཅིན་ནད་སྐྱུག །ལུད་པ་དབུགས་མི་བདེ་ཚད་སེལ། །རྨ་སྦྱོང་རྨ་འཚོ་ཆག་གྲུགས་འབྱོར། །རླུང་ནི་བསྐྱེད་པར་བྱེད་པ་ཡིན། །རྩུབ་ཅིང་བསྐ་ལ་མངར་བ་སྟེ། །སྦྲང་རྩིའི་ཁནྜའང་དེ་དང་འདྲའོ། །ཞེས་བྱ་བ་ལ་སྦྲང་རྩི་དག་ནི་མིག་ལ་ཕན་ཞིང་བསོད་པ་ཡིན་པ་དང༌། གཅོད་པ་ཞེས་པ་གཅོད་པའི་ངང་ཚུལ་ཅན་ཡིན་པ་སྟེ། བད་ཀན་མདུད་པ་ལྟར་འདྲིལ་ཏེ། གནས་པ་དེ་རང་གི་མཚན་ཉིད་རྣོ་བས་ལུས་གཅོད་ཅིང་འཇིག་པར་བྱེད་པ་ཡིན་པ་དང༌། དེ་བཞིན་དུ་སྐོམ་པ་ལ་སོགས་པ་སེལ་ཞིང་འཇིག་པར་བྱེད་པ་དང༌། དེ་བཞིན་དུ་མཛེ་ནད་དང་གཅིན་ནད་ལ་སོགས་པ་ལ་ཕན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྨའི་རྣགས་པ་དང༌། འདྲུལ་བ་ལ་སོགས་པ་སྦྱོང་བར་བྱེད་པས་ན་རྨ་སྦྱོང་ཞེས་བྱ་ལ། །འདིས་འཚོ་བར་བྱེད་པས་ན་རྨ་འཚོ་སྟེ་པགས་པ་འཚོ་ཞིང་མདོག་མཉམ་པར་བྱེད་པའོ། །ཆག་གྲུགས་འབྱོར་བ་ནི་འདིས་རྨ་གཉིས་གཅིག་ཏུ་འབྱོར་བ་དང༌། ཆག་པ་འབྱོར་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །རླུང་སྐྱེད་པར་བྱེད་པ་ནི་རླུང་གྱི་ནད་འཁྲུག་པར་བྱེད་པའོ། །དེ་བཞིན་རྩུབ་པ་དང༌། རོ་བསྐ་བ་དང་མངར་བ་ཡིན་ནོ། །སྦྲང་རྩིའི་ཁནྜ་འང་དེ་དང་འདྲ་ཞེས་བྱ་བ་ནི་སྦྲང་རྩིའི་ཡོན་ཏན་ཇི་སྙེད་ཡོད་པ་དེ་ཐམས་ཅད་སྦྲང་རྩིའི་ཁནྜའི་ཡོན་ཏན་ཡང་ཡིན་པས་ན་དེ་གཉིས་ཡོན་ཏན་མཚུངས་ཤིང་འདྲ་བ་ཡིན་པར་ཤེས་པར་བྱའོ། །ཚ་ཞིང་ཚས་གདུངས་ཚ་བར་ལྡན། །ཚ་བ་དེས་ནི་བསོད་པར་འགྱུར། །ཞེས་བྱ་བ་ནི་སྦྲང་རྩི་དེ་ཚ་ཞིང་ཞེས་པ་མེ་ལ་སོགས་པས་བགྲོས་ན་དེས་མི་བསོད་ཅིང་འཇོམས་པར་འགྱུར་རོ། །དེ་བཞིན་དུ་ཚས་གདུངས་ཞེས་པ་ཉི་ཚན་ལ་སོགས་པ་ཚ་བས་གདུངས་པའི་སྦྲང་རྩིས་བསོད་པར་བྱེད་དོ། །དེ་བཞིན་དུ་ཚ་བར་ལྡན་ཞེས་བྱ་བ་ཚ་བའི་དུས་སམ། ཚ་བའི་ཡུལ་དུ་སྦྲང་རྩི་ཟོས་ན་མི་བསོད་པར་བྱེད་དོ།།

        དེ་བཞིན་ཚ་བ་ཞེས་བྱ་བ་མེ་ལ་སོགས་པས་སྐོལ་ཞིང༌། ཚ་བར་བྱས་པའི་སྨན་དང་ལྷན་ཅིག་སྦྲང་རྩི་ཟོས་ན་ཡང་མི་བསོད་པར་བྱེད་དོ། །སྐྱུག་སྨན་སྨན་མར་མས་བཏང་ལ། །སྦྲང་རྩི་དྲོ་བའམ་དགག་པ་མེད། །ཅེས་བྱ་བ་ལ་སྦྲང་རྩི་དྲོ་བ་དག་ཀྱང་སྐྱུག་སྨན་བཏང་བ་དང༌། སྨན་མར་མས་བཏང་བ་ལ་དགག་པ་མེད་དེ། གང་ཕྱིར་དེ་ནི་མི་འཇུ་བར་མྱུར་དུ་ལྡོག་པར་འགྱུར་བའི་ཕྱིར་རོ། །ཞེས་བསྡུས་པ་ལས་གཏན་ཚིགས་བཤད་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ་གསུམ། མདོར་བསྟན་པ་དང་རྒྱས་པར་བཤད་པ། ཆོ་ག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ལྡེ་གུའི་སོགས་རྐང་པ་གཅིག་སྟེ། ལྡེ་གུའི་སྡེ་ཚན་དེ་ལ་དབྱེ་ན་ཚ་སེལ་དང་གྲང་སེལ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཚ་སེལ་གྱི་སྡེ་ཚན་བཅུ་གཉིས་བཤད་པ་དང༌། གྲང་སེལ་གྱི་སྡེ་ཚན་ལྔ་བཤད་པའོ། །དང་པོ་ནི། སོ་མ་རཱ་ཛ་ཞེས་པ་ནས་མཆིན་ནད་སེལ་ཞེས་པའི་བར་ཚིགས་བཅད་བརྒྱད་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ལྕགས་ཕྱེ་བརྒྱད་པའི་ལྡེ་གུ། ཏིག་ཏའི་ལྡེ་གུ མཁྲིས་པ་སྣ་ཚོགས། བྲག་ཞུན་བཞི་པ། ཙན་དན་བཞི་པ། དམར་གསུམ། གསལ་བྱེད་བདུན་པ། བསེ་རུའི་ལྡེ་གུ ཁྲག་གཅོད་ཙན་དན་ལྡེ་གུ། བསིལ་གྱི་ལྡེ་གུ མཆིན་པ་སྣ་ཚོགས་ཀྱི་ལྡེ་གུ་སྟེ་བཅུ་གཉིས་པ་རྣམས་ཡིན་ལ། ཚིག་དོན་གཞན་ནི་གོ་སླ་ཞིང༌། འབྲི་མོག་ནི་རྒོད་གཡུང་ངམ་ཕྲ་སྦོམ་གཉིས་ལས་བྱེ་མ་དཀར་ཞིང་བརླན་ཆུང་སར་སྐྱེས་པའི་རྩ་བ་ཕྲ་ལ་རྩི་མཐུག་པ་བཟང༌། མིང་རི་ཚོས་པའམ། བྷུ་ཏ་ཀེ་ར་འབྱུང་པོའི་ཁྲག་ཟུར་ཆགས་པས་འབྱུང་བའི་ཁྲག་ཟེར། རྩྭ་ཨ་ཝ་ནི། བྲག་ལ་སྐྱེས་པ་དངུལ་གྱི་མོ་ཁབ་འདྲ་བ་བཟང་སྟེ་སྔོ་སྨན་འཁྲུངས་དཔེ་ལས། བདུད་རྩི་ཨ་ཝ་ཞེས་བྱ་སྟེ། །སྤང་ལ་མི་བརྟེན་བྲག་ལ་སྐྱེ། །ཨ་ཝ་དར་ལྗང་སྐུད་པ་འདྲ། །ཨ་ཝ་རྒྱ་ཁབ་གཤིབས་པ་འདྲ། །ཨ་ཝ་ཕག་གི་ཟེ་བ་འདྲ། །ཨ་ཝ་གཡུ་ཡི་འཕན་གཤིབས་འདྲ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་དུག་གང་ཡང་མེད་པ་ཡིན། །ནུས་པས་མིག་ནད་སེལ་བ་དང༌། །རྨ་རིགས་གང་ཡང་གསོ་བ་དང༌། །འདུ་བ་བཞི་པོའི་ནད་སོས་འགྱུར། །ཞེས་པ་དེ་དང༌། མ་རྙེད་ན་ཨ་འདྲ་ཞེས་པའི་རྩྭས་ཚབ་རུང་ལ། མཆིན་པ་སྣ་ཚིགས་ནི། དུག་གིས་ཤི་བ་དང༌། རི་བོང་གི་མཆིན་པ་མ་ཡིན་པ་དགོས་སོ། །གཉིས་པ་གྲང་སེལ་གྱི་ལྡེ་གུ་ལྔ་བསྟན་པ་ལ། གྲང་སེལ་ཞེས་པ་ནས་གྲང་བ་སེལ་ཞེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆ་བསྐྱེད་ལྡེ་གུའམ་ལྕགས་ཕྱེའི་ལྡེ་གུ། མཐིང་ཤུན། ཤིང་ཚ། རྩ་བ་བརྒྱད་པ། གཟེ་མ་ལྡེ་གུ་སྟེ་ལྔ་ཡིན་ལ། ཆ་བསྐྱེད་ལྡེ་གུའི་སྦྱོར་ཚད་ནི། སྨན་སྣ་དགུ་པོ་རིམ་བཞིན་ཆར་བསྐྱེད་པ་དང༌། ལྕགས་ཕྱེ་དང་སྤོས་དཀར་ཆ་བརྒྱད་རེ་སྦྱར་བ་ཡིན་ལ། ཁ་ཅིག་ཚ་བ་གསུམ་དང་འབྲས་བུ་གསུམ་སོ་སོར་ཆ་མཉམ་གྱི་ཐུན་གསུམ་རེ། ཙི་ཏྲ་ཀ། བྱི་ཐང་ཀ། ལི་ག་དུར་གསུམ་ཆ་མཉམ་གྱི་ཐུན་གཉིས། ལྕགས་ཕྱེ་སྤོས་དཀར་ཆ་མཉམ་བསྡོམས་པའི་ཐུན་བརྒྱད་ཡིན་ཟེར།

        མཐིང་ཤུན་ནི། ལྷུན་སྡིངས་པ་སྨྱུག་མའི་རྩི་ལ་བཞེད་ཀྱང༌། རང་ལུགས་ཟངས་རྡོའི་ཁ་བུན་རྡོ་མཐིང་འདྲེས་པའི་སྔོ་སྐྱའམ། རྡོ་མཐིང་ཡིན་ཞིང༌། དེ་ཡང་ཇི་ལྟར་སྔོ་བཞིན་དུ་བཟང༌། མོ་རྡེ་ནི་བུད་མེད་ལ་རྡེ་ནད་བྱུང་བའི་རྡེའུ་ཐོན་པ་ལ་བཞེད་ཅིང༌། དེ་ཡང་ཇི་ལྟར་སྔོ་བཞིན་དུ་བཟང༌། མོ་རྡེ་ནི་བུད་མེད་ལ་རྡེ་ནད་བྱུང་བའི་རྡེའུ་ཐོན་པ་ལ་བཞེད་ཅིང༌། བདུད་རྩི་སྒྲོམ་ཆུང་ལས། ཕོ་ཡི་ལྒང་པའི་ནད་རྣམས་ལ། །མོ་ཡི་རྡེའུ་མཆོག་ཏུ་བསྔགས། །དེ་བཞིན་མོ་ལ་ཕོ་རྡེལ་ཕན། །རང་ནད་རང་གིས་སེལ་བར་བྱེད། །ཅེས་གསུངས་ཤིང་ཚའི་ལྡེ་གུའི་རིམ་བསྐྱེད་ཀྱི་ཚད་ནི། ཤིང་ཚ་ཞོ་གང་སུག་སྨེལ་སོགས་རིམ་བཞིན་ཞོ་དོ་གསུམ་བཞི་སོགས་སུ་བཞེད་པ་དང༌། ཁ་ཅིག་ཤིང་ཚ་ཞོ་གང་ལ་སུག་སྨེལ་ཞོ་ཕྱེད་དོ། དྲོད་སྨན་ཞོ་དོ། ཅུ་གང་ཞོ་ཕྱེད་གསུམ་དུ་བཤད་ལ། དེ་ལྟར་ལྡེ་གུའི་སྦྱོར་བ་ལ་ཚ་སེལ་བཅུ་གཉིས་དང༌། གྲང་སེལ་ལྔ་སྟེ་བཅུ་བདུན་ནོ། །གསུམ་པ་ཆོ་ག་བསྟན་པས་མཇུག་བསྡུ་བ་ནི། དེ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་སྨོས་པ་དེ་ལ་སོགས་པ། ལྡེ་གུ་མཐའ་དག་སྦྱར་བའི་ཐབས་ཐོག་མར་སྦྲང་ཆུ་བཅད། བུ་རམ་ནི་ཆུར་བསྡུས་ལ། མར་གྱི་ལྦུ་བ་དང་སྙིགས་མ་རྣམས་ཕྱིར་ཕྱུངས་སྨན་ཀུན་ཞིབ་པར་བཏགས་ལ། བུར་སྦྲང་མར་གྱི་ཁུ་བ་ཚ་མོའི་ངད་ཡལ་བ་ན་བསྲེས་ལ་འདྲེས་པར་དཀྲུག་ཅིང༌། ཀ་ར་ལ་སྦྱོར་ན་དེ་ཉིད་ཞིབ་ཏུ་བཏགས་ལ་གདབ་པ་དང༌། འཇུ་བའི་ཚོད་ལོན་ཙམ་གྱི་ཆེ་ཆུང༌། ཁྱེའུ་སུས་སུ་ཐོ་རངས་ཀྱི་སྐབས་བསྟེན་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ཀྱི་ལྡེ་གུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།