སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་དྲུག་པ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །དམར་ཁྲིད་ལག་ལེན་མན་ངག་རྒྱུད་འདི་ཡི། །ཁོང་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས།  སྟོན་པས་གསུངས་པ།

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁོང་ནད་གཅོང་ལ་རྣམ་པ་གཉིས་ཡིན་ཏེ། །སྡེ་བཞི་གཅོང་གི་རྩ་བ་མ་ཞུ་དང༌། །གསལ་བྱེད་སྒྲོན་མེའི་རྒྱུད་ལས། བད་མཁྲིས་ལྷེན་དང་ལྕགས་དྲེགས་གཅོང་གི་སྡེ། །དེ་བཞིན་འཁྲུ་སྐྱུགས་ཆུ་སེར་སུར་ཡ་གཅོང་གི་སྡེ། །འོར་དང་དམུ་ཆུ་སྐྱ་རྦབ་གཅོང་གི་སྡེ། །དྲེགས་དང་གྲུམ་བུར་རྐང་འབམ་ཐིག་ནག་གཅོང་གི་སྡེ།  །སྡེ་བཞི་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ཡོད། །འབྲས་བུ་གཅོང་ནད་གསར་རྙིང་རྣམ་གཉིས་སོ། །མ་ཞུ་གཅོང་གི་རྒྱུ་ལ་སྤྱི་དོན་དྲུག །རྒྱུ་དང་རྐྱེན་དང་གྱུར་ཚུལ་བསྟན་པ་དང༌། །དབྱེ་བ་རྟགས་དང་དེ་ཡི་བཅོས་ཐབས་སོ།།

སྤྱི་དོན་དང་པོ་རྒྱུ་ནི་བད་ཀན་ལྕི་ཞིང་བསིལ་བ་ལ། །སྤྱི་དོན་གཉིས་པ་དེ་རྐྱེན་རྟེན་དང་མ་གོམས་མི་འཕྲོད་དང༌། །ངོ་བོ་མི་འཇུ་བ་ཡི་རྐྱེན་བཞི་ཡོད། །དང་པོ་རྟེན་ནི་གྲང་རླུང་ཅན་གྱི་མི། །ཟུངས་ངན་སྦེག་པ་ལུས་སྐམ་པའམ་རིད་པ་དང་ཁ་ཟས་སྐྱ་བ་བྲ་སྲན་སོགས་ཟ། །དལ་བར་འདུག་དང་མྱ་ངན་སེམས་ལས་དུབ། །རྒས་དང་དཀའ་ཐུབ་དང་མུ་གེ་སོགས་ཟས་ཀྱིས་མནར་ཤུལ་འཇུ་མི་ནུས། །གཉིས་པ་མ་གོམས་པས་མི་འཇུ་བ་ནི་ནམ་ཕྱེད་ལྟ་བུ་ཁ་ཟས་སྔར་ཟ་མ་མྱོང་ཟ། །གསུམ་པ་མི་འཕྲོད་པས་མི་འཇུ་བ་ནི་དཀར་སྐྱུར་སྔོ་ངད་འོ་མ་ཉ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་དང༌། །འདྲེས་པར་ཟོས་པས་མི་འཕྲོད་འཇུ་མི་འགྱུར། །བཞི་བ་ཟས་ཀྱི་ངོ་བོ་འབྲུ་གསར་པ་དང་རློན་པ་བསེར་ཅན་རུལ་བ་དང་། །ཤ་རིད་ཤ་རྫུད་པ་ཚིལ་བུ་འོ་རློན་གྲང་མོ་མ་བསྐོལ་བ་རྗེན་པ་བཙོས་བསྲེགས་མ་བྱས་པ་དང༌། །མ་ཚོས་འཚིག་དང་བཙོས་ནས་ཁེངས་པོ་རེངས་པ་ཆུ་ཇ་ཐུག་སོགས་བསྲེས་ནས་མ་བསྐོལ་བ་རྣམས། །དུས་མེད་ཟས་ཚོད་མ་ཟིན་འཇུ་བ་དཀའ།།

 སྤྱི་དོན་གསུམ་པ་གྱུར་ཚུལ་རྒྱུ་དང་རྐྱེན་དུ་ལྡན་པ་ཡིས། །བད་མཁྲིས་རླུང་གིས་འཇུ་བའི་མཐུ་ཉམས་ཏེ། །འཕེལ་བའི་དང་པོ་མྱགས་བྱེད་བད་ཀན་དག་གིས་མྱག་མ་ནུས། །འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས། །ཐ་མ་མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ནུས། །དེ་ལ་མ་ཞུ་ཞེས་སུ་བརྗོད་པ་ཡིན། །མ་ཞུའི་དབང་གིས་ཕོ་བའི་བད་ཀན་འཕེལ། །བེ་སྣབས་དེ་ཡིས་རླུང་རྒྱུའི་རྩ་སྦུབས་བཀག །ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་ལ་སོགས། །གཅོང་ནད་མ་ལུས་སྐྱེད་པར་བྱེད་པ་ཡིན། །དར་ལ་བབ་ཅིང་སྟོབས་ལྡན་མེ་དྲོད་ཆེ། །ལུས་ངག་བྲེལ་ཞིང་སྣུམ་བག་རྒྱུན་དུ་ཟ། །མི་འཕྲོད་ཟས་ལ་གོམས་སམ་བྲིད་ནས་སློབ་དང་པོ་ནས་བྲིད་དེ་གོམས་པར་བྱེད། །དེ་ལ་དུས་ཀུན་མ་ཞུ་འབྱུང་མི་འགྱུར། །

སྤྱི་དོན་བཞི་པ་དབྱེ་བ་རྫས་དང་ངོ་བོ་རིགས་གྲོགས་དུས། །དང་པོ་རྫས་ཀྱིས་དབྱེ་ན་གྱོང་རླན་སྣུམ་དང་གསུམ། །གྱོང་ནི་རྩམ་པ་སྔོ་ངད་ཤ་རིད་དོ། །རླན་ནི་ཆང་ཆུ་འོ་མ་ཞོ་དར་ཇ། །སྣུམ་ནི་རྩི་མར་འབྲུ་མར་ཚིལ་ཞག་རྐང༌། །རླན་སྣུམ་མ་ཞུ་ཕལ་ཆེར་ཉེས་པ་ཆེ། །གཉིས་པ་ངོ་བོས་དབྱེ་ན་སྙིགས་མ་དྭངས་མ་གཉིས། །དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ། །ཁ་ཟས་མ་ཞུ་རང་སར་ཕོ་ལོང་ལས། །བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས། །རྙིངས་ནས་སྙིགས་མ་འདྲིལ་བའི་ཟས་སྐྲན་ཞེས་བྱ་བར་འགྱུར། །མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། །མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ། །ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། །རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི། །འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ་འདྲིལ་བའི་གཅོང་གི་སྡེ། །ཟགས་པས་སྐྱ་རྦབ་དམུ་ཆུ་སྐྱེད་པར་བྱེད་ཟགས་པའི་གཅོང་གེ་སྡེ། །བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང༌། །འབྲས་དང་སུར་ཡ་དྲེག་དང་གྲུམ་བུ་དང༌། །མིག་སེར་རྩ་སྐྲན་རྐང་འབམ་དུ་མར་འགྱུར་བྱེར་བའི་གཅོང་གི་སྡེ། །འགྱིངས་པས་སྨུག་པོ་རྒྱས་གབ་མཆེར་པའི་ནད་འགྱིངས་པའི་གཅོང་གི་སྡེ་ཞེས་པས་གཅོང་སྡེ་བཞིའི་ངོས་འཛིན་རྒྱུད་ཀྱི་དགོངས་པ་དངོས་བསྟན་ནི་འདི་ཡིན་ནོ། །ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་སྐྱེད། །གསུམ་པ་རིགས་ཀྱིས་དབྱེ་ན་བེ་སྣབས་ཕོ་རླུང་བསུད་ནད་དང༌། །མ་ཞུ་ཤིང་འདྲ་དུག་འདྲ་རྣམ་པ་བཞི། །བཞི་བ་གྲོགས་ཀྱིས་དབྱེ་ན་རླུང་མཁྲིས་བད་ཀན་གསུམ། །ལྔ་བ་དུས་ཀྱིས་དབྱེ་ན་གསར་རྙིང་གཉིས་སུ་འགྱུར། །སྤྱི་དོན་ལྔ་པ་ངོས་འཛིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་དྲི་མ་འགག་གམ་དུས་མིན་འབྱུང༌། །འོག་རླུང་འགྱུ་དཀའ་འཁྱིལ་ཞིང་ཁོང་པ་སྦོ། །སྐབས་སུ་འགྱིངས་རྗེས་བུངས་ཆེར་འཁྲུ་བར་འགྱུར། །དྭངས་སྙིགས་འདྲེས་པས་བཤང་གཅི་ཞག་ཅན་འཁྲུ། །ཁོང་པ་ཐམས་ཅད་སྙོམ་པར་མི་བདེ་ཡང་ན་ཟླ་ཟེར་དུ་ཁོངས་སྙོམས་པ་ནི་སྤྲོ་བ་ཆུང་ཞེས་སྒྱིད་ལུག་པའོ་ཞེས་བཤད་པ་ལྟར་རོ་ལུས་ལྕི་ཡི་ག་ལྡོག་པར་བྱེད། །ཟོས་དུས་ན་ཞིང་སྒྲེག་ལ་མགོ་བོ་ན། །གཉིས་པ་བྱེ་བྲག་རྟགས་ལ་སྙིགས་མ་མ་ཞུ་ན། །ཁ་མངལ་མངར་ལ་སླག་ཅིང་ངེ་བ་ཕོ་བ་འཚིང་ལ་བརྫིངས་པ་སྒྲེག་ཅིང་སྐྱུག །གང་མ་ཞུ་བའི་ཟས་དེ་ཁྱད་པར་གནོད། །གོམས་པར་ཟོས་སམ་རྙིངས་ནས་དེ་ལྟར་མིན། །མིག་དང་གདོང་པ་རྐང་བོལ་གཡོ་བར་བྱེད། །དྭངས་མ་མ་ཞུ་ཁོང་པ་ཐམས་ཅད་སྙོམ་པར་མི་བདེ་ཁ་ཟས་མི་འདོད་པར་ཡི་ག་འགག །སྒྲེག་པ་མང་ཤ་སྐམ་སྙིང་ག་རྩིབ་ལོགས་ན། །མ་ཞུ་བེ་སྣབས་བད་ཀན་འཕེལ་བ་ཡིས། །སྟེང་འོག་མེ་མཉམ་རླུང་རྒྱུའི་ལམ་བཀག་པས། །ཁོང་སྦོ་ཐེར་ཟུག་ན་ལ་འོག་རླུང་སྡོམ། །སྒྲེག་པ་མི་ཐོན་མ་ཞུ་ཀུན་གྱི་རྒྱུ། །མ་ཞུ་བསུད་ནད་ཅེས་བྱ་བེ་སྣབས་དེས། །ཐུར་སེལ་ལམ་བཀག་གྱེན་དུ་ལོག་པ་ཡིས། །དབུགས་ངན་སྲི་ཞིང་དྲི་མ་སྐམ་པ་དང༌། །བྲང་ཚ་ཆུ་ཚན་འོང་ཞིང་སྒྲེག་པ་ནི་གཅིག་རྡེབ་གཅིག་འབྱུང་བསུད། །མཆིན་དྲི་ན་ཞིང་མཇུག་ཏུ་སྨུག་པོར་འགྱུར། །མ་ཞུ་ཤིང་འདྲ་ཞེས་བྱ་བེ་སྣབས་དེས། །སྟེང་འོག་རྒྱུ་བ་རླུང་གི་ལམ་བཀག་པས། །མེ་མཉམ་མཆིན་མཆེར་རྩིབ་ལོགས་རྩ་ནང་ཞུགས། །དགྱེ་དགུ་མི་ཤེས་ནང་དུ་ཤིང་བཅུག་འདྲ། །གར་ཞུགས་གཟེར་ཞིང་གླང་ཐབས་འབྱུང་བ་ཡིན། །དུག་འདྲ་དྭངས་མ་མ་ཞུ་རྩ་མིག་བྱེར། །རྩ་ནང་ཀུན་ཏུ་དྭངས་མ་ཆགས་ཤིང་ཞེན། །དུག་ནད་ལྟ་བུར་ཤ་ལུས་སྔོ་ཞིང་སྐམ། །ཤེད་ཆུང་ཟོས་རྗེས་མི་བདེ་དང་ག་ཞན། །ཚ་ཆེས་གྲང་ཆེས་གཉིས་ཀ་མི་བཟོད་ན། །མ་ཞུའི་རྣམ་པ་གང་ཡང་རླུང་ལྡན་ཚེ། །ཁོང་སྦོ་འདར་དང་མགོ་འཁོར་ཡན་ལག་རེངས། །མཁྲིས་ལྡན་ཁོང་ཚ་དྲི་ཆེ་འཁྲུ་བ་སེར། །སྒྲེག་སྐྱུག་སྐོམ་དད་ཆེ་ཞིང་རིམས་ཀྱིས་འདེབས།   །བད་ཀན་ལྡན་པ་མཆིལ་མ་འབྱར་བག་མང༌། །ལུས་ལྕི་སེམས་བྱིང་སྒྲེག་སྐྱུག་ཟས་མི་ཞིམ། །དུས་ཀྱིས་དབྱེ་ན་གསར་དང་རྙིང་པ་གཉིས། །གསར་པའི་དུས་ན་མ་ཞུ་བ་ཞེས་བྱ། །རྙིངས་ནས་མ་ཞུའི་རྒྱུས་བསྐྱེད་གཅོང་ནད་འགྱུར།།

སྤྱི་དོན་དྲུག་པ་བཅོས་པའི་ཐབས་ལ་གསར་རྙིང་རྣམ་པ་གཉིས་ཀྱི་དང་པོ། །གསར་དུས་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །མ་ཞུ་ཆུང་འབྲིང་ཆེན་པོ་ནད་སྟོབས་སྦྱར། །མ་ཞུ་ཆུང་ངུ་ཟས་ཀྱིས་བཀྲེས་སྐོམ་བྱ། །ནང་ནུབ་དུས་ན་རྒྱམ་ཚྭའི་ཆུ་སྐོལ་བཏུང༌། །སྙིགས་མ་རང་སར་ལས་པའི་མ་ཞུ་འཇུ། །བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སྦྱོང༌། །ཁ་ཟས་འཇུ་དཀའ་བའི་རིགས་གྲང་མོ་སོགས་ཆེས་པ་སྤང༌། །ཕྱེ་ཐུག་སྒ་བཏབ་ལུག་ཤ་ཡིབ་མ་དང༌། །ཉ་དང་རྒོད་ཤ་ཆང་དང་ཟན་དྲོན་སོགས། །ཡང་དྲོ་འཇུ་སླ་རྒྱུ་སྲུང་ཉུང་ཤས་བསྟེན། །སྤྱོད་ལམ་རླན་གྲང་བསེར་བུ་ཉིན་གཉིད་སྤང༌། །སྐམ་སར་ལུས་དྲོ་རྔུལ་ཕྱིས་རྩོལ་བ་སྤྱད། །འོན་ཀྱང་གསར་དུས་སྨྱུང་བྱ་ཉིན་གཉིད་ཕན། །ཁ་ཅིག་མ་ཞུ་གསར་རྙིང་ཐམས་ཅད་ལ། །བཅགས་པ་ཕན་ཞེས་རྨོངས་པའི་མུན་ཚིག་སྨྲ། །སྙིགས་མ་མ་ཞུ་གསར་པ་བཅགས་ཕན་ཏེ། །དྭངས་མ་མ་ཞུ་རྙིང་པའི་དུག་ཏུ་འགྱུར། །ཅི་ཕྱིར་དྭངས་མ་མཆིན་གནས་མཁྲིས་ལྡན་ཚ། །སྙིགས་མ་ཕོ་ལོང་བད་རླུང་བསྡོངས་པས་གྲང༌། །མ་ཞུ་འབྲིང་པོ་རྒྱམ་ཚྭ་སྒ་ཨ་པི་བཞི་ཐང་བཏང༌། །རྒྱམ་ཚྭ་ཁ་རུ་ཚྭ་དང་ཚ་བ་སྒ་པི་ཕོ་གསུམ། །བསྡུས་ཐང་ཚན་མོས་དྲོད་སྐྱེད་མ་ཞུ་འཇུ། །ཞི་དཀའ་རྒོད་མ་ཁ་ཡི་ཕྱེ་མ་འམ་ཕྱི་རྒྱུད་ལྟར། །སེ་འབྲུ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་ཚྭ་སྣ་རྒྱ་རྒྱམ་ཁ་གསུམ། །བུར་དཀར་སྦྱར་ཕྱེ་ཐུན་སྐྱུངས་ཆུ་ཚན་དབུལ། །ཐུན་ཆེས་འཇུ་དཀའ་བེ་སྣབས་གྲོགས་སུ་འགྱུར། །ཡང་ན་རྡོ་དང་བོང་བ་ཚྭ་ཡི་དྲོད་དུགས་བདུག །ཁྱི་འདི་དྲོ་ཡང་དང་ག་འགགས་པས་ཁྱི་པགས་ཀྱི་དུགས་རང་བཟང་སྤྱང་ཀའི་གཡི་སོགས་སྤུ་དུགས་རྐེད་པར་དཀྲི། །མ་ཞུ་ཆེན་པོ་འབྲིང་པོའི་སྨན་གྱིས་བཞུས་རྗེས་སྦྱང༌། །སྟོད་གནས་སྐྱུགས་ལ་སྨད་གནས་ནི་རུ་ཧ། །བར་དུ་གནས་ན་བཤལ་གྱིས་སྦྱང་བར་བྱ། །རྗེས་ལ་ཟས་སྤྱོད་བསྟེན་ཉེས་སླར་འཕེལ་བྱེད། །དེ་ཕྱིར་རྗེས་ཀྱི་སྤྱོད་ལམ་ཤིན་ཏུ་གཟབ། །དེས་ཀྱང་ཞེན་ཆེ་རྩ་བ་མ་ཐོན་ན།  །ཕོ་གསང་གང་བབས་མེ་འམ་ཐུར་མ་སྤྲུག །གཉིས་པ་བྱེ་བྲག་བཅོས་པ་སྙིགས་མ་མ་ཞུ་ལ། །ཕོ་བའི་དྲོད་སྐྱེད་སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ། །མ་ཞུ་འཇུ་བྱེད་རྒྱམ་ཚྭ་ཁ་རུ་ཚྭ། །རྒྱ་ཚྭ་བུར་དཀར་སྦྱར་བའི་ཕྱེ་མ་ལ། །རྩམ་པ་མ་ཞུ་ཕབས་དང་བུལ་ཏོག་བསྣན། །ཤ་མ་ཞུ་ན་སྤྱང་ཀིའི་ཕོ་བའམ། །སོ་བྱ་ཆུར་གནས་པའི་ཆུ་བྱ་སྐྱར་མོ་ཉ་ལེན་དང་བྱ་རྒོད་ཀྱི་གྲེ་བ་བསྣན་ལ་བཏང༌། །ཤ་གང་མ་ཞུ་བའི་སེམས་ཅན་དེའི་རིགས་ཀྱི་ཤ་ཁུ་སོག་ཡུའི་ཐང་དང་ལྟག་པ་སྤྲད། །སྔོ་ངད་མ་ཞུ་ཟྭ་དང་དབྱི་མོང་དཀར་པོ་བསྣན། །ཆང་མ་ཞུ་ལ་ཕབས་དང་ཆང་སྐོལ་བསྣན། །ཡང་ན་སོག་ཚིགས་ཆང་གི་རྒྱུ་གྲོ་ནས་སོག་པ་གང་ཡིན་དེའི་རིགས་ཀྱི་སོག་མའི་རིགས་ཀྱི་ཐང་གིས་འཇུ་བར་བྱེད། །ཇ་ཆུ་མ་ཞུ་ཚྭ་བསྣན་པའི་ནད་པ་རང་གི་དྲི་ཆུ་བཏུང༌། །ཞོ་དར་འོ་མ་མ་ཞུ་ཕྱུར་ཁུས་སྐྱུར་མོ་དེས་འཇུ། །མར་ཚིལ་མ་ཞུ་ཅོང་ཞི་མེས་བཏུལ་བསྣན། །འབྲུ་མར་མ་ཞུ་སྲན་ཕྱེ་ལྟག་སྤྲད་བསྣན། །རྡོ་མ་ཞུ་ལ་མཚུར་དང་ཟེ་ཚྭ་བསྣན། །སྨན་མ་ཞུ་ན་བཙན་དུག་གི་རིལ་བུ་ཆུང་ངུ་གོང་གི་སྨན་དང་ལྟག་པ་སྤྲད། །སྨན་རྗེས་སོ་ཆ་ཤུ་དག་པི་པི་ལིང༌། །སྒ་སྐྱ་ར་ཡི་འོ་མས་གྱེན་དུ་དྲང༌། །ནད་སྟོབས་ཆེ་བར་དང་པོར་སྐྱུགས་བྱས་རྗེས་ལ་སྨན། །ཁྱད་པར་ཚ་དུགས་རྩོལ་སྤྱད་ཆུ་སྐོལ་མཆོག །དྭངས་མ་མ་ཞུ་ཆ་མཉམ་རྒྱ་སྒ་ཨ་པི་བཞི་ཐང་བཏང༌། །བྱེར་ན་འོ་མ་ལན་ཚྭ་བཏབ་པས་བསྡུ། །མ་བྱེར་འདུས་ནས་དུར་བྱིད་ཤྲཱི་ཁཎ། །རུ་རྟ་རྒྱམ་ཚྭ་ཤུ་དག་བུ་རམ་སྦྱར། །ཆུ་ཚན་སྐྱུར་རྩབས་འབྲས་ཀྱིས་ཕྱི་རྗེས་བཅད། །གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་སོ་སོའི་དྲོད་སྙོམས་པས་ཆུ་སྐོལ་འཕུལ་ལ་བཏང༌། །མ་ཞུ་བེ་སྣབས་སོ་ཆ་ཤུ་དག་སྒ། །རྒྱམ་ཚྭ་ཆུ་སྐོལ་འཕུལ་བའི་སྐྱུགས་ཀྱིས་དྲང༌། །སྐྱུགས་རྗེས་ལྟོ་བར་དུགས་བྱ་ཆུ་སྐོལ་བཏུང་། །ལྕུམ་རྩ་སོ་ཆ་བུལ་ཏོག་པི་པི་ལིང༌། །ཚྭ་དང་མར་སྦྱར་རེང་བུས་སྨད་རླུང་སྦྱོང༌། །དེ་སྟེང་དུར་བྱིད་ཕབས་སྦྱར་མས་འདྲེན་བཏང༌། །སྲོད་ཀྱི་དུས་སུ་རྐང་མཐིལ་རྡོ་ཡིས་བདུག །བསུད་ནད་རྟིང་པའི་དྲེག་མཚམས་མེ་བཙའ་གདབ། །དེ་ཉིན་སྨྱུང་བྱས་སྟེང་ཁ་སྣའི་རླུང་དྲག་ཏུ་བསྣན་ལ་དབུགས་བསྲེ་བ། །འོག་སྒོའི་རླུང་གློད་ལ་བར་རླུང་དྲག་ཏུ་བསྐོར་ཞིང་སྤྲུག །དེ་འོག་བཤལ་རྗེས་ལྟ་བུར་ཟས་སྤྱོད་གཟབ། །མ་ཞུ་ཤིང་འདྲ་ཐང་མ་ནུ་བཞི་ཐང་ངམ་ཆ་མཉམ་བཞི་ཐང་དུགས་ཆུ་རྡོའི་ཆུ་བ་ཧ་ལོའི་རྩེ་བཅིལ་ནད་ཀྱི་རྣོ་ངར་བསད་ལ། །སྦྱོངས་སྐྱུགས་ལྷན་ཅིག་ཏུ་སྦྲགས་བཏང་ལྟོ་བར་ཆུ་ཚན་མོའི་དྲོད་དང་ཤུག་པས་བདུག །ལོང་རྩ་རུ་ཐུང་གཏར་ལ་ཁ་ཟས་དབྲི། །དུག་འདྲ་རུས་རྙིང་རླངས་རུས་པ་ཆུར་བཙོས་པའི་རླངས་པའི་སྟེང་དུ་འདུག་ནས་རྔུལ་འབྱུང་ངོ་དུགས་དེའི་ཁུ་བའི་ཆུ་ཚན་དུ་ཉལ་བ་བྱ། །དེ་འོག་དུག་གམ་སྨུག་པོ་ལྟ་བུར་བསྡུ། །འདུས་རྟགས་ཐོབ་ནས་ལྟོ་དང་རྩ་ནས་སྦྱང༌། །རྗེས་ལ་ཕྱི་རྒྱུད་ག་བུར་ཉི་ཤུ་རྩ་ལྔ་དང༌། །གུར་གུམ་བསྣན་པའི་སེ་འབྲུ་ལྔ་པ་ལྟག་པ་སྤྲད་ལ་བཏང༌། །མཇུག་ཏུ་རྩ་སྒོ་རྒྱས་པར་བྱེར་བ་འབའ་སམ་སྨན་མར་ཕྱི་རྗེས་བཅད། །མ་ཞུ་རླུང་ལྡན་དུགས་དང་འཇམ་རྩི་བཏང༌། །མཁྲིས་ལྡན་སྦྱང་ཞིང་བད་ཀན་ལྡན་པ་སྐྱུགས། །རླུང་མཁྲིས་བད་ཀན་གང་གཙོའི་རང་རང་ཁ་འཛིན་ཟས་སྨན་གང་ལ་གང་འཚམ་པས་བཅོས། །གཉིས་པ་མ་ཞུ་རྙིངས་ནས་ནད་གཞན་གྱུར་པ་ལ། །དང་པོ་མ་ཞུའི་རྒྱུ་ལས་སྐྱེས་པའི་ཕྱིར། །སེ་འབྲུ་ཚ་ན་གུར་གུམ་གྲང་ན་དོང་གྲ་བསྣན་པའི་ལྔ་པ་ཚ་གྲང་ཚ་ན་ཀར་བུར་བསྒྱུར། །ཆུ་སྐོལ་འཕུལ་བས་ཕོ་བའི་མེ་དྲོད་སྐྱེད། །མ་ཞུའི་ནད་འབྱང་དྭངས་མ་རང་གནས་འཇོག །འབྲས་བུ་ནད་གཞན་གསོ་སླའི་གྲོགས་སུ་འགྱུར། ནད་ཀྱི་རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ། །དཔེར་ན་དུག་རྩ་བ་མ་ཕྱུངས་བར་ལོ་མ་བཅད་ནད་སྐྱུར་བ་དང་འདྲ་སྟེ་ནད་ཀྱི་གཏིང་མི་ཐོན་ནོ། །ཁོང་ནད་ཐམས་ཅད་མ་ཞུས་སྐྱེད་པའི་ཕྱིར། །མ་ཞུའི་གསོ་དཔྱད་མཁས་པ་ཤིན་ཏུ་གཅེས། །རྒྱུ་ཉིད་གྲོལ་ན་འབྲས་བུ་ག་ལ་འབྱུང༌། །ཞེས་གསུངས་སོ། །དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་པ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །མ་ཞུའི་རྒྱུས་བསྐྱེད་འབྲས་བུ་གཅོང་ནད་དུ། །དེ་དག་རྒྱུ་རྐྱེན་གྱུར་ཚུལ་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྗེས་གཅོད་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  སྟོན་པས་གསུངས་པ།  ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མ་ཞུའི་རྒྱུས་བསྐྱེད་འབྲས་བུ་གཅོང་ནད་ལ། །གསར་པ་ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས། །དུག་གཅོང་བད་ཀན་སྨུག་པོ་མཁྲིས་པའི་ནད། །རྙིང་པ་སྐྲན་དང་སྐྱ་རྦབ་དམུ་འོར་བཞི། །གཅོང་ཆེན་ཟད་བྱེད་རྣམ་པ་ལྔ་རུ་བཤད། །དུག་ནད་ཕྱིས་སུ་དུག་ནད་བཅོས་ཀྱི་སྐབས་འབྱུང་ལ་གསར་གཞན་ལྷེན་དང་མེ་ཉམས་ལྕགས་དྲེག་མཁྲིས་པ་སྨུག་པོ་སོགས་སྔར་བད་ཀན་གྱི་སྐབས་བརྗོད་ཟིན་པས། །སྐབས་འདིར་མ་ཞུ་རྙིང་པའི་གཅོང་ནད་སྡེ་ལྔར་བསྟན་པ་ཡིིན་ལ། །གཅོང་སྡེ་བཞི་དང་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ཀྱང་དུས་གཞན་ནོ།། ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པའི་ལེའུ་སྟེ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།