སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་དྲུག་པ། མཁལ་མ་སྒོས་བཅོས་ཀྱི་མན་ངག

༄༅། །ཨོཾ་སྭསྟི་སིདྡྷཾ། ཨོཾཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མཁལ་མ་སྒོས་བཅོས་ཀྱི་མན་ངག་འདི་ལ། དང་པོ་མཁལ་མ་སུརྱ་ཞེས་བྱ་བ་ལས་དྲག་ཞུལ་བྱས་པ་ལས་བྱུང་སྟེ། མཁལ་རྐེད་ལྕི་ཞིང་། དང་ག་འགྲིབ། རྣ་བ་མི་གསང་། ཤ་སྐམ་མོ། དེ་ལ་དང་པོ་དུགས་བྱ། བར་དུ་ཐང་གཏང་། ཐ་མ་གཏར་གྱིས་ཚ་རིངས་གདུལ་ལོ། །དེས་མ་ཕན་ན། ཟས་བསིལ་གྱིས་བཅོས། ཙོ་བཤལ་བྱ། རྗེས་ལ་གུར་གུམ་བདུན་པ་གཏང་། རྩ་བ་ལྔའི་སྨན་མར་གཏང་། མཁལ་གསང་བསྲེགས། མཁལ་མ་ཟག་ཁུ་ཞེས་བྱ་བའི་ཁུ་བ་རྣག་དང་བཅས་པ་ཆུའི་ནང་དུ་སྔོན་ནམ། རྗེས་ལ་འཛག ན་ཟུག་ཆེའོ། །དེ་ལ་རྩ་བཤལ་གཏང་། འཇམ་རྩི་བསྟེན། རྩ་བ་ལྔའི་སྨན་མར་བསྟེན། སྔོ་དང་ཟས་བཅུད་མེད་སྤང་། རྟ་རྒྱུག་པ་དང་། བང་དང་། མཆོངས་པ་དང་། ཉལ་པོ་རྣམས་མཁལ་མའི་དགྲ་ཡིན་པས་སྤང་། མཁལ་མ་ད་རྒན་ཞེས་བྱ་བ། ཚིགས་དང་བཤུལ་ཤ་ཐམས་ཅད་ན། བརྡུངས་པའམ། བརྩིར་ན་ཕན་པ་སྙམ་བྱེད། སྐབས་སུ་རྐེད་པ་ན། རྒྱབ་ལག་བྱས་ན་བདེ་བ་སྙམ་བྱེད། མཇུག་ཚིགས་འཐོན་ནས་སྒུར་པོར་འགྲོ། དེ་ལ་བདུད་རྩིའི་དུགས་བྱ། བསྐུ་མཉེ་བྱ། རྩ་བཤལ་གཏང་། མེ་བཙའ་བྱ། ཟས་བཅུད་ལ་བསྟེན། ད་བྱིད་དང་རྩ་བ་ལྔ་བསྟེན་ནོ། །མཁལ་མ་ཆུ་ཤོར་ཞེས་བྱ་བ། ཚིགས་པ་བཅོ་བརྒྱད་པ་མན་ཆད་ན། སྤྱི་བོའི་འབོགས་མཚམས་གཡོ་ཞིང་ན། བརླ་སུལ་དང་། བྱིན་སུལ་འཕྲོ་ཞིང་ནའོ། །དེ་ལ་དང་པོ་དུགས་ཡང་ཡང་བྱ། སྐྱུ་རུ་ར་དང་། སླེ་ཏྲེས་ཀྱི་ཐང་གིས་བསྡུས་ལ་མཁལ་རྩ་གཏར། ལག་པས་སླེབ་པའི་བརླ་སུལ་དུ་ཐུར་མ་རྒྱབ་ལ་ཆུ་སེར་དབྱུང་། མཁལ་གསང་གི་ན་སར་མེ་བཙའ་བྱའོ། །མཁལ་མ་རྡོའུ་ཞེས་བྱ་བ་འབྲས་བུ་དང་། སྤུ་ལྟག་ན་ཕྱིས་ན་ཕན་པ་སྙམ་བྱེད་དོ། །དེ་ལ་ད་བྱིད། ལྕམ་པ། ར་མཉེ་བ། སྡིག་སྲིན། རམ་བུ་རྣམས་བརྒྱད་འགྱུར་དུ་སྦྱར་ལ་ཆང་གིས་ནུས་པ་བསྐྱེད་ལ་རི་བོང་གི་རིལ་མ་ཙམ་ལྟོ་སྟོང་ལ་གཏང་ངོ་། །དེས་རྡེའུ་འི་ནད་སེལ་ལོ། །སྐྲན་ཡོད་ན་ལུས་བསྒྱུར། ལངས་ན་ཚ་ཤགས་བྱེད་དོ། །དེ་ལ་རྡོ་མེ་ལ་བསྲེགས་པ་དམར་པོ་རས་བལ་དང་། ཕ་ཚེ་ཆ་རུ་བཅུག་ནས་ལྷོད་ལྷོད་མང་དུ་བྱས་ལ། ན་སར་སྣམ་བུས་བཅུད་ལ་ཡུན་རིང་དུ་བདུག་གོ། ཡང་ར་དང་ཁྱི་མ་གཏོགས་པའི་རུས་པ་ཡིབ་མ་སྣ་ཚོགས་མཐེ་བོང་ཙམ་དུ་བརྡུངས་པ་ལ་ཡུན་རིང་དུ་བཙོ། དེ་དོང་དུ་མེ་དུ་བ་མེད་པའི་སྟེང་དུ་བཞག་ལ། མཚམས་རྣམས་འདག་པས་བྱུག ཕྲུ་བའི་ཁ་ཕད་གྲུལ་གྱིས་མཐུག་ཏུ་བཀབ་སྟེ། དེ་ལ་སྐྲན་བརླན་ལ་བདུག དེ་སྟེང་ནས་མལ་ཆས་བསྟིབས། སྐྲན་རིགས་ཐམས་ཅད་ལ་དེ་ལྟར་བྱའོ། །སྤྱིར་དབྱི་བཤལ།  མཁལ་རྐེད་ན། རྐང་པ་སྦྲིད། གཡལ་དང་སྦྲིད་པ་བྱུང་ན་སྐད་ངན་འཆོར། དེ་ཐམས་ཅད་ལ་ལུག་གི་མཁལ་མ་མར་དུ་བཙོས་ལ་གཏང་། ལོང་རྩ་གཉིས་དང་། མཇུག་(གཞུག་)གུ་ཆུང་གཏར། མཁལ་གསང་བསྲེག་གོ། གསོ་དཔྱད་བདུད་རྩི་ཐིགས་པ་ལས་མཁལ་མ་སྒོས་སུ་བཅོས་པའི་ལེའུའོ། །ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།