སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།



ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྩ་དཀར་ནད་ལ་གྱེས་ཚུལ་རྒྱུ་རྐྱེན་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

གྱེས་ཚུལ་ལུས་ཀུན་རྩ་བ་རྩས་སྐྱེད་དེ། །སྲོག་གི་རྩ་བར་གྱུར་པའི་རྩ་རིགས་གཉིས། །སྲོག་རྩ་ལས་བྱུང་རྩ་ནག་གྱེན་དུ་གྱེས། །ཀླད་པ་ལས་བྱུང་རྩ་དཀར་ཐུར་དུ་ཟུག །ནང་རྩ་དོན་འབྲེལ་ཕྱི་རྩ་ཡན་ལག་འབྲེལ། །ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་སྟེ། །རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ། །མཁྲིས་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་འབྲེལ། །བད་ཀན་རྩ་བཞི་ཕོ་མཆེར་མཁལ་ལྒང་འབྲེལ། །འདུས་པའི་རྩ་གཅིག་བསམ་སེར་འབྲེལ་བ་ཡིན། །ནང་རྩ་མི་མངོན་དོན་སྣོད་འབྲེལ་བའི་ཕྱིར། །མགོ་སྐྱོན་འབབ་ཅིང་ན་ལུགས་དུ་མ་སྟོན། །ཕྱི་རྩ་སྦུ་གུ་ཅན་གཉིས་འཇའ་བྱེད་གཉིས། །རཏྣ་གཉིས་ཏེ་རྩ་རྒྱུད་དྲུག་ཏུ་བཤད།  །སྦུ་གུ་ཅན་དེ་ལྟག་པའི་སྡུད་སྒོར་དོན། །ཨན་སྟོང་གཡས་གཡོན་མཚོན་རེ་ཐད་ཀར་འགྲིམས༌།  ཚིགས་པ་ལྔ་ནས་གཞུང་པའི་རྩ་དང་འབྲེལ། །བཅུ་གཉིས་པ་ནས་བསམ་སེ་མཁལ་མར་འབྲེལ།  །གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། །བྱིན་བརླའི་ཕྱི་སུལ་ཕྱི་ལོང་གུང་མཐེབ་བརྒྱུད། །གཉིས་ནི་བཅུ་བཞི་ནས་གྱེས་དཔྱི་སྟེང་དོན། །བརླ་སྒང་པུས་ཚིགས་ངར་གདོང་ཐུར་བར་འགྲིམས། །པིར་མགོར་འབྲེལ་ནས་གོང་དང་རྐང་མཐིལ་འདུས། །འཇའ་བྱེད་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན། །ཨན་སྟོང་འགྲམ་ནས་ཕྲག་བརྒྱུད་དཔུང་སོག་མཚམས།  །དཔུང་འཛུམ་ཚིགས་དམིགས་ལུག་གཞུག་ཕྱི་མཆན་འགྲིམས། །གྲུ་མོའི་ཚིགས་བསྐོར་ལག་པའི་མཐེབ་མོར་འབྲེལ། །རཏྣ་རྩེ་མགོ་རྣ་ཤལ་འོག་ཏུ་ཐོན། །སྒྲོག་རུས་ནང་ནུབ་གྲུ་མོ་གཞུ་མཆོག་བར། །ཐུར་བར་འགྲིམས་ནས་ལག་པའི་སྲིན་མཐེབ་འབྲེལ། །ཕྱི་རྩ་ཤ་ཆུ་རུས་ཚིགས་འབྲེལ་བའི་ཕྱིར། །སྐྲངས་སྦོས་སྐམས་དང་ཞ་རེངས་བྱེད་པར་འགྱུར།།

དེ་ལ་རྒྱུ་རྐྱེན་དྲག་ཤུལ་འགྲམས་པའམ། །རིམས་དུག་ཚ་བ་རྩ་ལ་བབས་པ་འམ། །མཚོན་གྱིས་བཅད་བརྡུངས་རླུང་འཁྲུགས་རྩར་ཞུགས་པས། །དེ་ལ་རྩ་དཀར་ནད་དུ་འགྱུར་བ་ཡིན།།

 དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་རྩ་དཀར་ཚ་དང་གྲང་བ་གཉིས། །དེ་ཡང་དུས་ཀྱིས་གསར་དང་རྙིངས་པར་འགྱུར། །བྱེ་བྲག་གནས་དང་འདུ་བའི་ནད་གཞིས་དབྱེ། །གནས་ནི་མགོ་དང་བྱང་ཁོག་ཡན་ལག་གསུམ། །འདུ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི།།

དེ་རྟགས་མགོ་སྟོད་ཁ་མིག་ཡོན་པོར་འགྱུར། །མགོ་འཁོར་མྱོས་དང་དྲན་ཉམས་ཙོག་མི་ཟུག །གཉིད་ཆུང་སྐྱུག་དང་ཁ་ལུགས་དབང་པོ་འཁྲུལ། །གཡའ་ཟ་སྒྲ་ཆེར་མི་བཟོད་ཡན་ལག་བཤལ། །བྱང་ཁོག་སྨྲ་མང་འདར་རྗེས་ངོམས་པ་མེད། །གཞོགས་གཅིག་བེམ་མམ་ཚོར་བྲལ་སྐྲངས་སམ་སྙམ། །དྲི་ཆུ་བླུགས་སམ་ཡང་ན་རྒྱུན་གཉིས་སྡོམ། །མེ་ལྟར་ཚ་འམ་ཡང་ན་རྡོ་ལྟར་གྲང༌།  །གཞུ་ལྟར་གུག་གམ་ཡང་ན་རྭ་ལྟར་དགྱེ། །ཤིང་ལྟར་རེངས་སམ་ཡང་ན་གྱོང་ལྟར་བསྡུས།  །ངོ་མཚར་ནད་རྟགས་དུ་མ་སྟོན་པར་བྱེད། །ཡན་ལག་བཤལ་སྦྲིད་བེམ་མམ་ཚོར་བ་བྲལ། །གཡོ་སྐམས་ཞ་རེངས་འཁུམས་སམ་རོ་ལྟར་བོག །མཚོན་ཕོག་གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྐྲངས། །འགྲམས་མཚོན་ཚད་བབས་མཁྲིས་ལྡན་ཚ་བར་འགྱུར། །རླུང་དང་བད་ཀན་རྐྱེན་བྱས་གྲང་བར་འགྱུར། །རླུང་ལྡན་འདར་གཡལ་ཁ་སྐོམ་ཤེས་པ་འཁྲུལ། །མཁྲིས་ལྡན་དྲོད་དང་ཚ་བ་ཟུག་གཟེར་ཆེ། །བད་ཀན་ལྡན་པ་དྲོད་ཆུང་གཡོ་ཞིང་སྐྲངས། །འདུས་པའི་མཚན་ཉིད་ཀུན་རྟགས་སྟོན་པར་བྱེད། །སྟོབས་ལྡན་འཆི་ལ་འབྲིང་པོ་བཅོས་པས་འཚོ། །ཚབས་ཆུང་ཡུན་ལོན་རང་བཞིན་འཚོ་བར་འགྱུར།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་གསར་དང་རྙིངས་པ་དུས་དང་སྦྱར། །གསར་དུས་ཚབས་ཆེན་མཐིལ་བཞི་བཅུ་གསུམ་པ། །སྤུ་འཁྱིལ་པིར་མགོ་སོར་མོ་ཉི་ཤུ་བསྲེག །ཚ་བ་ཤས་ཆེ་རིན་ཆེན་རྡོ་རྩི་སྔོ། །(གསེར་ཟངས་གཡུ་རྙིང་ཐོག་ལྕགས་བྱུ་རུ་ཉ་སྐྱོགས།  །དཀར་སྨུག་བཞི་བཟང་དྲུག་གླ་རྩི།  འབྲི་ཏ་ས་འཛིན་ལྕམ་པ་) ཀ་ར་དཀར་སྦྱར་ཆུ་གྲང་འཕུལ་ལ་བཏང༌། །ཡང་ན་(ཉ་ཕྱིས་བཟང་དྲུག་གི་ཝཾ་ཙན་དན་དཀར་དམར་ཨ་ག་རུ་བསེ་རུ་གླ་རྩི་རུ་རྟ་པི་ལིང་ཤིང་ཚ་འབྲས་བུ་གསུམ་སྡིག་སྲིན་གསེར་བྱེ་ལྕམ་པ་ཟི་ར་གཉིས་འབྲི་ཏ་ས་འཛིན་)ཉི་ཤུ་རྩ་ལྔའི་ཕྱེ་མ་སྦྱར། །ཟས་སྐོམ་གསར་བཅུད་ཡོས་ཐུག་ཞོ་དར་བསྟེན། །སྟོད་སྨད་གར་བབས་གནས་སྦྱར་རླངས་ཐོན་གཏར། །ཚ་བ་བྲི་ནས་བུར་ཆང་བདུད་རྩི་ཡིན། །གྲང་བ་ཤས་ཆེ་གླ་རྩི་བཟང་པོ་དྲུག །བ་མཁལ་རུ་རྟ་ཨ་རུ་བུ་རམ་སྦྱར། །ཨ་རུ་གྲང་བསིངས་ཁུ་བས་འཕུལ་ལ་བཏང།༌།  ཡང་ན་ཨ་རུ་སྨན་ཆེན་དཀར་ནག་སེར། །གླ་རྩི་རུ་རྟ་ཤུ་དག་དྲི་ཆུས་སྦྲུ། །རིལ་བུ་སྲོད་དུས་བསྟེན་ན་བདུད་རྩིར་འགྱུར། །དྲུག་བདུན་དཀར་ནག་མཚམས་བསྲེག་གཏར་མི་བྱ། །ཁ་ཟས་དྲོད་བཅུད་བུར་ཆང་སྨན་མར་སྦྱར། །རྩ་ནད་རྙིངས་པ་བསྡུས་སྦྱངས་བརྟ་བར་བྱ། །ད་ལིས་ཀྱི་ལྕེ་ཤིང་མངར་ཁཎྜ་ལ། །གུར་ཀུམ་སུག་སྨེལ་འབྲི་ཏ་ས་འཛིན་དང༌། །གསེར་བྱེ་ཉི་དགའ་སྦྲང་སྦྱར་ནང་ནུབ་བཏང་། །གླ་རིལ་ཆང་བཙོས་དྲིལ་བས་རྩ་ནད་སྡུད། །དེ་ནས་བྱང་ཁོག་ནང་རྩར་བབས་ཆེ་ན། །ལྟོ་སྦྱོངས་རྗེས་ལ་རྩ་བཤལ་བསྔགས་པ་ཡིན། །མགོ་དང་ཡན་ལག་ཕྱིར་བབས་རྩ་ནས་སྦྱངས། །ཐ་མར་འབྲི་ཏ་ས་འཛིན་ཨ་རུ་ར། །ད་ལིས་ཀྱི་ལྕེ་ཤིང་མངར་ཉི་དགའ་ཡི། །སྨན་མར་སྦྲང་རྩི་བུ་རམ་ལྡན་པ་བཏང༌། །ཡང་ན་འབའ་སམ་སྨན་མར་དྲོད་བཅུད་བསྟེན། །བྱེ་བྲག་མགོར་བབས་ཕྱི་རྩ་གླ་རིལ་ལུམས། །ཨན་སྟོང་འགྲམ་དང་སྡུད་སྒོ་སྤུ་འཁྱིལ་བསྲོ། །ནང་རྩར་བབས་ན་རྡོ(འི་རྒྱལ་པོ་བཞི་དོམ་མཁྲིས་གུར་ཀུམ་གླ་རྩི་རུ་རྟ་ཨ་རུ་ཨ་བྱག་ཆུ་རྩ་བོང་ང་གསེར་ཐིག་ཚ་ན་ཀ་ར་གྲང་ན་བུ་རམ་གྱི་)སྦྱོར་བསྟེན་པར་བྱ། །རི་བོའི་རྩེ་ལ་གསེར་གྱི་མེ་རྒྱས་གདབ། །ལུས་ཀྱི་ཆ་ཉམས་དྲོད་ཤོར་མདུད་གསུམ་མདོར། །གཞོགས་རེངས་ཁ་ལུགས་རྩེ་མགོ་སོར་མོ་བསྲེག །ཁ་མིག་ཡོ་ན་ལྟག་ཟུར་སྤུ་འཁྱིལ་བསྲེག །དར་རྩ་བསྣད་འགྲམས་མགོ་ལྕི་སྣ་སྦྱོངས་བྱ། །ཚ་བ་རྩ་རྒྱས་རྩེ་ཆུང་རྩ་ལྟོ་སྦྲག །རླུང་འཁྲུགས་གུར་ཀུམ་ཤིང་མངར་སྣ་སྨན་བཏང༌། །བྱང་ཁོག་རྩ་ནད་སྤྱི་གཙུག་སྡུད་སྒོ་དང༌། །དྲུག་པ་དཀར་ནག་མཚམས་དང་སྒྲོག་རུས་གཤོང།། །ཨན་སྟོང་འགྲམ་དང་སྐེ་སྟོང་སོག་མཐིལ་བསྲེག །གསེར་ཟངས་ཐོག་ལྕགས་བྱུ་རུ་ཉ་སྐྱོགས་དང༌། །བཟང་དྲུག་ཙན་དན་དཀར་དམར་ཨ་ག་རུ། །གླ་རྩི་བསེ་རུ་འགྲོན་ཐལ་དོམ་མཁྲིས་དང༌། །རྡོ་དྲེག་ཀ་ར་ཨ་རུའི་ཁུ་བས་འཕུལ། །གླ་རིལ་ལུམས་བྱ་རྙིངས་ནས་རྩ་ལྟོ་སྦྲག །སྙིང་ལ་ཛཱ་ཏི་རུ་རྟ་ཨ་གར་བསྣན། །གློ་ལ་ཤིང་མངར་རྒུན་འབྲུམ་གླ་སྒང་བསྣན། །མཆིན་པར་ཨུཏྤལ་བྲག་ཞུན་བ་ཤ་ཀ །མཆེར་པར་མ་ནུ་པ་ཏོལ་པི་པི་ལིང།༌།  མཁལ་མར་བཙོད་དང་ཞུ་མཁན་རྒྱ་སྐྱེགས་བསྣན། །ཕོ་བར་མ་ནུ་རྒྱམ་ཚྭ་པ་ཏོ་ལ། །རྒྱུ་ལོང་བོང་ང་དུག་ཉུང་གླ་སྒང་བསྣན། །མཁྲིས་པར་ཏིག་ཏ་དུག་ཉུང་གསེར་མེ་ཏོག །ལྒང་པར་ལྕམ་པ་རྒྱ་ཚྭ་སྡིག་པ་བསྣན། །རང་རང་རྩ་གཏར་རང་སོར་རང་གསང་བསྲེག །ཡན་ལག་རྩ་དཀར་བྱེར་བསྡུའི་ཁཎྜ་ལ། །ཚ་ན་ག་བུར་གྲང་ན་པི་པི་ལིང༌། །རིལ་བུ་མཐེབ་ཙམ་ར་འོ་སྦྱར་ལ་བཏང༌། །གླ་རིལ་བདུད་རྩི་ལྔ་ཡི་ལུམས་སུ་གཞུག །གང་བབས་རྩ་གཏར་རྙིངས་ནས་རྩ་ནས་སྦྱང༌། །ཤ་སྐམས་པ་ལ་དེ་རྗེས་ཆུ་ལུམས་བྱ། །འབྲས་བུའི་མར་ལ་བཟང་དྲུག་སྨན་ལྡན་བསྟེན། །ཆུ་རྒྱུས་བབས་ཚེ་སློ་ལུམས་ཆང་རྒན་བཏུང༌། །རྐང་བཤལ་བཅུ་བཞི་རྩ་ནག་ཁ་གཟར་དང༌། །དཔྱི་མིག་པུས་ཚིགས་ཕྱི་ནང་རྐང་མཐིལ་བསྲེག །ལག་བཤལ་སྒྲོག་རུས་གཤོང་དང་འཇའ་བྱེད་གཉིས། །དཔུང་ཚིགས་ཕྱི་ནང་རཏྣ་ལག་མཐིལ་བསྲོ། །རླུང་ལྡན་རླུང་གསང་བསྲོ་ཞིང་བཅུད་ཟས་བསྟེན། །མཁྲིས་པར་ལྡན་ན་ལྟོ་སྦྱོངས་རྩ་སྦྱོངས་བཏང༌།  །བད་ཀན་ལྡན་ལ་ཆུ་ཚན་ལུམས་དུགས་བྱ། །འདུས་པའི་ནད་ལ་ཀུན་དང་འབྲེལ་བར་བཅོས། །གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར། །གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། །ཐབས་འདི་རྨ་རྣམས་ཀུན་གྱི་ལོག་གནོན་དང༌། །རིམས་དུག་བླ་གཉན་ནད་ཀྱི་མདེ་ཁ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྩ་དཀར་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།