སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་ལྔ། མོ་ནད་བྱེ་བྲག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་ལྔ། མོ་ནད་བྱེ་བྲག་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མོ་ནད་བྱེ་བྲག་དབྱེ་བ་དེ་ཡི་རྒྱུ་ནི་གོང་དུ་མོ་ནད་སྤྱི་གསོ་བའི་སྐབས་སུ་གསུངས་པ་དེ་རྣམས་སུ་སོང་བ་བཞིན་ནོ། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་དབྱེ་བ་མངལ་ནད་རླུང་མཁྲིས་བད་ཀན་ཁྲག །འདུས་པ་རྣམ་ལྔ་གསང་བའི་སྐབས་སུ་བཤད། །ཁྲག་ཚབས་གློ་སྙིང་མཆིན་མཆེར་མཁྲིས་པ་མཁལ། །རྒྱུ་མ་འོ་མ་ནུ་མ་གོར་པ་བཅུ། །རླུང་ཚབས་མགོ་དང་རུས་པ་སྙིང་མཁལ་མ། །ཕོ་བ་རྒྱུ་མའི་ཚབས་དང་དྲུག་ཏུ་བཤད། །ཟླ་མཚན་ཆུ་སེར་རླུང་གིས་བྱེར་བ་ལས། །རྩ་ནད་ཅེས་བྱ་ཚབས་ནད་བཅུ་དྲུག་འགྱུར། །ཚབས་སྐྲན་ཆུ་བུར་ཅན་དང་ཧྲེམ་པོ་ཁྲག་སྐྲན་དང༌། །བེམ་པོ་ཤ་སྐྲན་རྨེན་བུའི་སྐྲན་དང་ཕོ་སྐྲན་ནག་པོ་དང༌། །རྩ་སྐྲན་ས་བོན་སྐྲན་དང་ཟ་ཁུ་དགུ།།

སྤྱི་དོན་གཉིས་པ་དགུ་པོའི་རྒྱུ་ནི་ཟླ་མཚན་ཆུ་སེར་དང་རླུང་གིས་མངལ་དུ་བསྒྲིལ་བ་ལ། །ཚབས་སྐྲན་ཞེས་བྱ་དབྱེ་བ་དགུ་རུ་འགྱུར། །ཁྲགས་ཚབས་ལ་མ་རུ་རྩེ་དང་ཨ་སོ་རྣམ་པ་གཉིས། །མངལ་གྱི་སྲིན་བུ་ལངས་པ་དང་ཁྲོས་པ་ནད་གཉིས་སྐྱེད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་སྙིང་གི་ཁྲག་ཚབས་རོ་སྟོད་གཟེར། །རྒྱུ་ཞབས་ཚ་ཞིང་གཏུབས་པ་སྙམ་དུ་བྱེད། །གཉིས་པ་གློ་ཡི་ཁྲག་ཚབས་གློ་མང་རོ་སྟོད་གཟེར། །རྩེའུ་འགྲེང་རྩེ་ཆུང་རེངས་པས་སྐེ་འགྱུར་དཀའ་བ་ཡན་ལག་སྦྲིད་ཅིང་ཁ་གདོང་སྐྲངས། །གསུམ་པ་མཆིན་པའི་ཁྲག་ཚབས་མིག་སྤྲིན་དམར་རམ་སེར། །མཆིན་པའི་སྟེང་དང་མགོ་བོ་ན་བའོ། །བཞི་བ་མཆེར་པའི་ཁྲག་ཚབས་རྒྱུ་ཞབས་ན་ཞིང་གཟེར། །ཕོ་བ་འཁྲོག་ཅིང་མཆེར་པའི་སྟེང་དུ་ན། །ལྔ་བ་མཁྲིས་པའི་ཁྲག་ཚབས་ཉམ་ཆུང་སྐོམ་དད་ཆེ། །གློ་ལུ་ཤ་ལྤགས་སེར་པོར་འགྲོ་བ་ཡིན། །དྲུག་པ་མཁལ་མའི་ཁྲག་ཚབས་འདོམས་མཚན་དབྲག་གཡའ་མོ་མཚན་ཚ།  །རྐེད་སོ་མན་ཆད་རུས་པ་ཁོལ་ཞིང་ཚ། །བདུན་པ་རྒྱུ་མའི་ཁྲག་ཚབས་ཚ་ཞིང་གཏུབས་སྙམ་བྱེད། །བརྒྱད་པ་འོ་ཚབས་ཟླ་མཚན་འོ་ཁ་ཆུ་འདྲ་འཛག །སྙིང་འཕྱོ་ཆུ་སོ་ན་ཞིང་སྐྱུག་སྙམ་བྱེད། །དགུ་བ་ནུ་ཚབས་ནུ་མ་སྐྲངས་ཤིང་ཟུག་གཟེར་ཆེ། །བཅུ་བ་ཁྲག་ཚབས་གོར་པ་ལུས་ལྕི་འགྲོ་མི་ཤེས། །རྒྱུ་སྨད་ཁེངས་ཤིང་ལྡང་དུབ་ན་བར་བྱེད། །རླུང་ཚབས་ལ་དང་པོ་མགོ་ཡི་རླུང་ཚབས་མགོ་འཁོར་ལིང་ཐོག་མོད། །རྣ་བ་འོན་ཞིང་རྣག་འཛག་སོ་འགྲམ་ན། །གཉིས་པ་རུས་པའི་རླུང་ཚབས་རུས་པ་འཁོལ་ཞིང་གྲང༌། །ཚིགས་རྐང་མཚང་ར་བེམ་པོ་བཟོད་པ་ཆེ། །གསུམ་པ་སྙིང་གི་རླུང་ཚབས་དྲན་པ་མི་གསལ་ཞིང༌། །མགོ་འཁོར་རྣ་བ་འུར་ཞིང་སྨྱོ་འབོག་བྱེད། །བཞི་བ་མཁལ་མའི་རླུང་ཚབས་རྐེད་ཚིགས་འཁོལ་འཁོར་ཞིང་ན། །གྲང་ན་ན་ཞིང་རྐེད་པ་མན་ཆད་བཤལ། །ལྔ་བ་ཕོ་བའི་རླུང་ཚབས་སྦོ་འདྲིལ་ལྡང་དུབ་བྱེད། །ཁ་ཟས་འཇུ་དཀའ་བསིལ་ཟས་ཤིན་ཏུ་གནོད།   དྲུག་པ་རྒྱུ་མའི་རླུང་ཚབས་རྒྱུ་སྨད་བསྡམས་ཤིང་ཟླ་མཚན་འབྱང་དུས་མེད་དུ་འབབ་པ། །སྐྲན་ནད་ལའང་དང་པོ་མངལ་སྐྲན་ཆུ་བུར་ཅན་ནི་ཆུ་སྐྲན་བུ་ལྟར་ཆགས་པ་རྒྱུ་སྨད་སྦོ། །ཆུ་སེར་ཕྱིར་བབས་པས་ཟླ་མཚན་ཆུ་སེར་དག་ཏུ་འབྱང་བར་འཛག་པ་བྱེད། །གཉིས་པ་ཁྲག་སྐྲན་ཁྲག་རོ་འདྲིལ་བས་བུ་ཆགས་པ་ལྟར་ཧྲེམ་པོ་ཁྲག་ལམ་འདྲིལ་བས་རྒྱུ་ཞབས་ལྡང་དུབ་ན། །གསུམ་པ་ཤ་སྐྲན་བེམ་པོ་མངལ་ཁ་འཆུས་པས་དྭངས་མ་ཆུ་སེར་དུ་འཛག་ཅིང་ཚིགས་མ་ནང་དུ་འདྲིལ་མཁལ་རྐེད་ཆད་སྙམ་བྱེད། །ཕོ་བ་རྫིངས་ཤིང་ཟས་སྐོམ་འཇུར་མི་འདོད། །མཚང་ར་མི་ཐེག་རྒྱུ་ཞབས་དང་དྲི་ཆུ་སྡོམ་པར་བྱེད། །བཞི་བ་རྨེན་སྐྲན་བུ་མོ་ཆུང་བ་སྐྱེས་པ་ཆེ་བ་དང་འཕྲད་པས་མངལ་འགྲམས་ཏེ་རྨེན་བུ་སྐྲན་ཆགས་པ་ཁྲག་ནག་འཛག་ཅིང་ཤ་མི་སྐྱེ། །ཆུ་སྲི་ལྡང་དུབ་ན་ཞིང་སྨད་མི་ཐེག །ལྔ་བ་ཕོ་སྐྲན་བུད་མེད་གཞོན་ནུ་མ་སྐྱེས་པ་མང་པོས་འདོད་སྤྱོད་ཀྱིས་རེམས་པ་མངལ་དུ་དྲེག་པ་ཆགས་པ་ལུས་ཤ་སྐྱེར་མི་འདོད། །སྨད་བཤལ་གཞོགས་ལྕི་དབུགས་རྒོད་སྙིང་མི་བདེ། །དྲུག་པ་སྐྲན་རོ་ནག་པོ་བུ་བཙས་པའི་རྗེས་སུ་ཁྲག་རོ་འདྲིལ་བ་དང་ལུས་ཀྱི་ཤ་པགས་མདོག་འགྱུར་ཚིགས་གཞི་སྐྲངས། །ལུས་ཤ་བེམ་པོར་བྱེད་ཅིང་མཛེ་རུ་འགྲོ། །བདུན་པ་རྩ་སྐྲན་ལིང་པ་བུ་བཙས་རྗེས་མངལ་འགྲམས་ནས་རྩ་ལ་སྐྲན་ཆགས་པ་ཤ་རུས་ཁོལ་ཞིང་ན། །བརྒྱད་པ་ས་བོན་སྐྲན་ནི་སྐྱེས་པའི་ས་བོན་མངལ་དུ་འདྲིལ་བ་ཤ་རུས་འཇིག་སྙམ་བྱེད། །དགུ་བ་ཁྲག་སྐྲན་བུ་རོ་མངལ་དུ་ལུས་པས་སྲ་ལ་ཧྲེམ་ཞིང་བུ་མི་ཆགས་པ་ཟ་ཁུ་རྒྱུན་དུ་འཛག་ཁོང་པ་སྦོ་ཞིང་འཁྲོག །སྐྲན་དེ་རྣམས་ཀུན་ཀྱང་བྱིས་པ་ཆགས་ལྟར་སྲ་ཞིང་འདྲིལ། །སྐབས་སུ་སྦོ་ཞིང་ན་གཟེར་ཆུ་སེར་འཛག །མངལ་གྱི་སྲིན་བུ་ལངས་པས་ཚ་བའི་ནད། །མཚང་ར་མཚན་མ་གཡའ་འཁོལ་ནུ་མ་རྒྱས། །སེམས་འཕྱོ་གཉིད་མེད་འགྲོ་འདོད་སྐྱེས་པ་འདོད། །ཤ་སྐམ་མོ་མཚན་དྲི་མ་ཤིན་ཏུ་མནམ། །ཁྲོས་པ་དེ་དུས་སྐྱེས་པ་མ་འཕྲད་པས། །མཛུབ་མོ་ཤིང་བུས་ཕྲུགས་པས་སྲིན་ཁྲོས་ཏེ། །མངལ་ཁ་སྐྲངས་ཤིང་ཆུ་སེར་འཛག་པ་དང༌། །ཤིན་ཏུ་སྲ་ཞིང་ན་ལ་མཚན་མ་སྦོ།།

སྤྱི་དོན་བཞི་བ་བཅོས་ཐབས་རྩ་ནད་སྐྲན་དང་སྲིན་བུ་གསུམ། །དང་པོ་རྩ་ནད་བཅུ་དྲུག་བཅོས་པ་ནི། །རླུང་ཚབས་དྲུག་པོ་དྲོད་དང་བཅུད་ཀྱིས་བཅོས། །ཁྲག་ཚབས་བཅུ་པོ་བསིལ་དྲོད་ཁྲེའུར་བཅོས། །ཁྲག་ཚབས་དང་པོ་སྙིང་གི་ཁྲག་ཚབས་ཨ་རུ་རྒྱམ་ཚྭ་དང༌། །ཤིང་ཚའི་ཐང་བཏང་ལ་གོང་གི་ལྟོ་གཤེར་འབྲིང་པོས་སྦྱངས་རྗེས་སྙིང་རྩ་རྩེའུ་ཆུང་དང་སྣོད་ཀ་གཏར། །དེ་འོག་འབྲས་བུའི་ཨ་བར་སྐྱུརའི་སྨན་མར་ཕྱི་རྒྱུས་ལྟར་སྦྱར་ཚིགས་པ་དྲུག་པ་བསྲེག །གཉིས་པ་གློ་ཚབས་གོང་གི་ལྟོ་གཤེར་ཆུང་བས་སྦྱང་བྱ་སྟེ། །དྲུག་འགོ་གཏར་ལ་བདེ་བྱེད་འབྲིང་པོ་ཅུ་གང་བདུན་པ་ལ་རྒུན་འབྲུམ་དང་ཤིང་མངར་བསྣན་པས་སྦྱར། །རྗེས་ལ་དམར་བཙོད་ཚོས་འབྲི་མོག་གསུམ་སྨན་མར་སྦྱར་བཞི་ལྔ་བསྲེག །གསུམ་པ་མཆིན་ཚབས་གུར་ཀུམ་ཤིང་ཚ་པི་པི་ལིང༌། །ཨ་རུ་ཆང་སྦྱར་གོང་གི་ལྟོ་གཤེར་གྱིས་སྦྱངས་ལ་རུ་ཐུང་གཏར། །ཕྱི་རྒྱུད་མཆིོན་ཚད་སེལ་བའི་གུར་ཀུམ་བདུན་སྦྱར་རྗེས་ལ་བརྒྱད་པ་བསྲེག །བཞི་བ་མཆེར་ཚབས་རྒྱ་ཚྭ་ཤིང་ཚ་དུར་བྱིད་སྦྱང། །རྒྱུད་ཕྱི་མའི་མ་ཞུ་གསར་རྙིང་འཇུ་བའི་སེ་འབྲུ་བརྒྱད་སྦྱར་བཅུ་གཅིག་མཆེར་སྟེང་བསྲེག །ལྔ་བ་མཁྲིས་ཚབས་ཨ་རུ་ཁྲོན་བུ་གསེར་མེ་ཏོག །ཐང་ཁྲུས་རྗེས་ལ་ཕྱི་རྒྱུད་ཀྱི་ཏིག་ཏ་བརྒྱད་པ་སྦྱར། །མཁྲིས་རྩ་གཏར་ཞིང་ཚིགས་པ་བཅུ་པ་བསྲེག །དྲུག་པ་མཁལ་མའི་ཚབས་ལ་ཤིང་ཚ་ཆང་ལ་བསྐོལ། །རྒྱ་ཚྭ་རྒྱ་རུ་བ་སྤྲུ་ཙཎྜ་ལི་གཏུམ་མོའམ་གདོལ་པ་མོར་འཇུག་པས་གཏུམ་མོར་བྱས་ན་འོལ་མོ་དང་གདོལ་པ་མོར་བྱས་ན་ཐར་ནུ་ལ་ངོས་འཛིན་པ་མཁས་པའི་ལུགས་རྣམ་པར་དག་པའོ  །ཁ་ཚར་བཏབ་བཏང་བྱིན་གཞུག་རྩ་ལ་གཏར། །རྗེས་ལ་རྩ་བ་ལྔའི་སྨན་སྦྱར་སྦྱར་བཅུ་བཞི་བསྲེག །བདུན་པ་རྒྱུ་ཚབས་ལྕུམ་རྩ་ཨ་རུའི་ཐང་གཤེར་སྦྱང༌། །འོམ་བུ་བདུད་རྩི་ལྔའི་དུགས་བདུག་བཅུ་བདུན་བསྲེག  རི་དྭགས་གཉན་མོའི་གློ་བ་སྒ་དང་མར་རྙིང་བཏང༌། །བརྒྱད་པ་འོ་ཚབས་ནས་གྲོ་འབྲས་སྲན་སོ་སོགས་འབྲུ་སྣའི་དུགས་བྱ་ཚ་མར་ལུས་ལ་བྱུག །ཤིང་ཚ་གཟེ་མ་ར་སྣ་མཱུ་ལ་ཙི་ཏྲ་ཀའི་རྩ་བ་སྒ། །སྤང་རྒྱན་དཀར་པོ་བུ་རམ་སྦྱར་ལ་བཏང༌། །དགུ་བ་ནུ་མའི་ཁྲག་ཚབས་སྐྲངས་པའི་སྟེང་མཚལ་གྱིས་ཡི་ག་ཉ་ཞེས་དགུས་འཁོར་ལོར་བྲིས་པས་མནན། །བ་ཤ་ཀ་དང་ཀྱི་ལྕེ་དཀར་པོ་དང༌། །ཨ་རུའི་ཐང་བཏང་འབྲུ་སྣའི་སྨན་མར་ནི་རྫོང་འཕྲང་དང་གསེར་མཆན་དུ་ནས་དཀར་འབྲས་སོ་བ་གསུམ་ཕུལ་དོ་རེ་སྦྲུས་ལ་བཙོས་པའི་ཁུ་བ་བྲེ་ཕྱེད་ལ་མར་ཕྱེད་བཏབ་སྒ་པི་ལིང་ཕོ་རིལ་ཁ་རུ་ཚ་རྒྱམ་ཚ་ཤིང་ཚ་ཐུན་ལོག་རེ་བཏབ། ཆུ་བཅད་སྦྲང་དང་བུ་རམ་སྦྱར་ལ་བཏང་ཞེས་འབྱུང་ངོ་སྦྱར། །རྒྱབ་རྩ་དྲུག་འདུས་གཏར་ཞིང་གསུམ་པ་བདུན་པ་བསྲེག །བཅུ་པ་ཁྲག་ཚབས་གོར་པ་འབྲུ་འམ་ཚ་དུགས་ཐུག་བྱ། །ཤ་རུ་འོལ་མོ་རྒྱ་ཚྭ་ཆང་སྦྱར་བཏང༌། །ལོང་རྩ་ཡོབ་གོང་རྩ་གཏར་ཟས་དྲོད་བསྟེན། །རླུང་ཚབས་ལས་དང་པོ་མགོ་ཡི་རླུང་ཚབས་ལུག་གི་མགོ་ཡི་རླུང་ཚབས་ལུག་གི་མགོ་ཡི་རུས་ཁུ་དང༌། །ལུག་གི་མགོ་ཤ་ཀླད་པ་གྲོད་པར་བྲབས་བྲུབས་བཙོས་བདུག །མཚོགས་གསང་ཕྱེ་ལ་སྡུད་སྒོ་མཚོགས་མ་སྤྱི་གཙུག་ལྟག་པའི་སྡུད་སྒོ་གསུམ་སྟེང་བསྲེག །མགོ་བཅུད་མགོ་འཁྲོལ་མར་ཆང་འབྲས་བུའི་སྨན་མར་ཕྱི་རྒྱུད་ལྟར་བསྟེན། །གཉིས་པ་རུས་ཚབས་ལུག་ཐོང་པ་དང་ཚེར་མོའི་མཚང་ར་རུས་ཁུ་བསྡུས། །ཁུ་བར་ལུག་ཐོང་ཚེར་དེའིམཚང་རའི་ཤ་བཏབ་ཚ་བ་སྒ་པི་ཕོ་གསུམ། །ཤིང་ཚ་སྨྱུག་ཤུན་སྨྱུག་མ་གཞོན་ནུའི་རྩི་ཀྱང་ཅུ་གང་ལ་བཞེད་དགོས་བཙོང་དམར་པོ་ནག་པོ་བཏབ་འཚོས་པར་བཙོ། །ནང་པར་ཁྱེའུ་སུས་ཆ་སྐྱེད་ཁྱོར་རེ་བསྲོས་ཀྱིན་བཏང༌། །རྒྱུད་ཕྱི་མའི་རུས་ཆང་སྦྲང་ཆང་བུར་ཆང་བསྔགས་པ་ཡིན།  གསུམ་པ་སྙིང་ཚབས་སྤྲེ་དོམ་འཕྱི་བའི་སྙིང་གིས་གཙོ་བྱས། །སྙིང་སྣ་ཚོགས་ཚད་བརྡུངས་ཏེ་གྲོད་པར་བླུག །ཛཱ་ཏི་སུག་སྨེལ་ཤིང་ཚ་སྙིང་ཞོ་ཤ །རྭ་ཚ་བཅོས་མ་སྟེ་ཚྭ་བཟོ་བདུད་རྩིའི་མེ་ལོང་དུ་ཡོད་པ་འདིར་མ་བྲིས་པས་དེར་ལྟོས་ཤིག་དྭ་ཚ་ཤིང་ཚ་མཐུག་པོ་ཨ་རུ་ཁ་རུ་ཚྭ། །ཁ་ཚར་བཏབ་སྟེ་ཆུ་ལ་འཚོས་པར་བཙོས། །དེ་དང་ལུག་ཤ་བསྲེས་ཏེ་ཁྱེའུ་སུས་ཚད་བསྐྱེད་དེ་བསྟེན། །རྒྱུད་ཕྱི་མའི་འབྲས་བུ་ཨ་བར་སྐྱུར་འི་མར་སྦྱར་ཚིགས་པ་དྲུག་པ་བསྲེག །བཞི་བ་མཁལ་ཚབས་ར་ལུག་ཐུག་པོའི་མཁལ་མ་དང༌། །རྟ་དང་གླང་གི་མཁལ་མས་གཙོ་བྱས་ལ། །མཁལ་སྣ་མཁལ་ཚིལ་བཅས་གཏུབས་ཏེ་གྲོད་པར་བླུག །ཤིང་ཚ་དྭ་ཚ་ཤིང་ཚ་ཐུག་པོ་སུག་སྨེལ་ཨ་རུ་ར། །རྭ་ཚ་སྤོད་སྣ་སྒ་པི་ཕོ་ལ་ལ་ཕུད་འུ་སུ་བ་སྤྲུ་མཁལ་མ་ཞོ་ཤ །གཟེ་མ་ཕྱི་རྒྱུད་ལྟར་འབྲས་སྣ་ཨ་ས་འཇམ་གསུམ་བཏབ་ཆུ་སྲང་གང་ལ་བཙོས་བྱས་ལ། །ལུག་ཤ་བསྲེས་ཏེ་ཚ་བ་ཁྱེའུ་སུས་ཉུང་རིམ་ནས་ཆེ་ཆེར་བཏང་བསྟེན། །ཡང་ན་ལུག་ཐོང་མཁལ་མ་ཚིལ་དང་བཅས།  །ཤིང་ཚ་སྨྱུག་ཤུན་རྐང་ངམ་ཅུ་གང་བཏབ་བཙོས་གྲང་པ་དང་། །བཙོང་དམར་རི་ནག་པོ་དང་ཤིང་ཚ་ཚ་བ་སྒ་པི་ཕོ་གསུམ་བཏབ་བཏང་།  ལྔ་བ་ཕོ་བའི་རླུང་ཚབས་བྱ་བྲའམ་ཕུག་རོན་བྲུན་བོང་མོ་སྟེ་སྤང་དྲལ་པ་བསྲེགས་པས་བདུག །རྒྱུད་ཕྱི་མའི་སེ་འབྲུའི་ཅུར་ནིས་བཏང་ཞིང་འཕྱི་བ་དང་བྱ་གོང་མོའི་ཤ་བཏང༌། །མདུན་གྱི་ཕོ་གསང་དང་རྒྱབ་ཀྱི་ཚིགས་པ་བཅུ་གཅིག་པ་མེས་མནན་སྒོག་སྐྱའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །དྲུག་པ་རྒྱུ་མའི་རླུང་ཚབས་ལུག་ཐོང་པ་དང་ཚེར་མོའི་ཁྲག་ནང་དུ། །རྭ་ཚ་དྭ་ཚ་ཤིང་ཚ་མཐུག་པོ་ཤིང་ཚ་སུག་སྨེལ་དང༌། །ཨ་རུ་སླེ་ཏྲེས་སྤོད་སྒ་པི་ཕོ་འུ་ལ་སྣ་འབྲས་ཕྱེ་སྦྱར། །རྒྱུ་མ་རྒྱངས་བཙོས་ཁྱེའུ་ཉུང་ཉུང་སུས་བསྟེན་པར་བྱ། །ཡང་ན་བཞག་ཤ་དཔེ་རྙིང་དུ་གཞང་ཤ་ཚིལ་ཞེས་འབྱུང་ཚིལ་གཏུབས་ཁྲག་དང་བསྲེས། །སྨྱུག་ཤུན་ཅུ་གང་བཙོང་ནག་དང་ཤིང་ཚ་རྒྱམ་ཚྭ་བཏབ། །རྒྱུ་མ་རྒྱངས་བཙོས་ཁྱེའུ་སུས་ཉུང་རིམ་ནས་སྐྱེད་བསྟེན་པར་བྱ། །གཉིས་པ་སྐྲན་ནད་དགུ་ཡི་བཅོས་ཐབས་ནི། །མེ་ཏོག་སྣ་ཚོགས་ཆང་དུ་བཏབ་པ་མནན་པའམ། །བྱ་བྲ་ཕུག་རོག་བྲུན་སྣུམ་དང་བསྲེས་ནས་འབྲུ་སྣ་ཚོགས་པའི་ལུམས། །ལུས་ཀུན་དྲིལ་ཞིང་མཚང་ར་རྒྱུ་ཞབས་བདུག །སྒ་དང་ཚ་མར་སྦྱར་བའི་བསྐུ་མཉེ་བྱ། །བྱི་ས་བྱི་ཁུང་ཁ་ཤར་ལྟའི་བྱ་བྲ་ཕུག་རོག་བྲུན་གྲོག་ཞིང་བྱང་ངམ་ཐོག་མཐིལ་ཆགས་པའི་སྤང་འདྲ་བ་གྲོག་མའི་ཞིང་ཟེར་བ་དེའོ་དྲོད་དུགས་བྱ། །ཕྱི་རྒྱུད་ལྟར་སེ་འབྲུའི་ཅུར་ནིས་ཕྱི་རྒྱུད་དུ་གསུངས་པའི་ཐུན་གསུམ་རིལ་བུ་ཚ་བའི་རིལ་བུས་བཤིག །ལོང་རྩ་གཏར་ཞིང་སྔར་བཤད་པའི་གཏར་གྱིས་ཁྲུས་གཤེར་སྐྲན་རོ་སྦྱང༌། །རྗེས་ལ་པཉྫ་ཞེས་པ་ནི་བཟང་པོ་ལྔ་སྟེ་རྒྱུད་ཕྱི་མར། སེ་འབྲུ་འུ་སུ་དོང་གྲ་ཙི་ཏྲ་ཀ  །པི་པི་ལིང་གི་མར་དང་བུ་རམ་སྦྱར། བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས། །རྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ། །མེ་དྲོད་བསྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད། །བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར། །ཞེས་པ་དེ་ཡིན་ནོ། །སྨན་པ་གཞན་གྱིས་འདི་ནོར་ན་ཨང་ཕ་ལའི་སྨན་མར་རམ། །རྒྱུད་ཕྱི་མའི་རྩ་བ་ལྔ་སྦྱར་ཚིགས་པ་བཅོ་ལྔ་བསྲེག །བོང་བུ་འཕྱི་བ་ལ་སོགས་བཤུལ་ཤ་བསྟེན། །གསུམ་པ་སྲིན་བུའི་ནད་གཉིས་བཅོས་པ་ནི། །སྲིན་ལངས་ཚ་བའི་ནད་ལ་སྐྱེས་པ་འཁྲིག་པ་བསྟེན། །འབྲུ་བྱུང་སྣུམ་བྱུག་རྗེས་ལ་ཟན་ཡོད་བཏབ་པས་དྲིལ་ཕྱིས་ཞེས་པར་མཆན་དུ་སྐྱེས་པ་དར་མ་ལུས་རྔུལ་བའི་དྲེག་པ་རིལ་བུ་བྱས་པ་བཏང་ཟེར་བ་སྣང་བས་དོ་ལ་གནས་པ་འདྲ། སྐྱེས་དེར་ས་བོན་དྭངས་མ་ཐང་ཁོང་དུ་ཐང་དུ་བཏང༌། །སྲིན་ཁྲོས་འབྲུ་སྦང་སྐམ་པོའམ་དྲེས་མའི་མེ་ཏོག་བྱི་རུག་པས་བདུག །བྱི་རུག་བརྒྱད་པའི་རྒྱུད་འདི་ཉིད་ཀྱི་ལེའུ་ལྔ་བཅུ་པ་སྲིན་ནད་གསོ་བའི་སྐབས། བྱི་རུག་བྱི་ཏང་ཀ་ཞིམ་ཐིག་ལེ། །སྐེ་ཚེ་ལྕ་བ་སྣེའུ་འབམ་པོ་དང་། །ཤེལ་སྣ་བསྐོལ་ཁུར་ཞེས་པ་དེ་ཡིན་ཁུ་བ་མངལ་དུ་བཏང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་བྱེ་བྲག་བཅོས་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།