སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་ཏུ་བཅོས་པ།



ལེའུ་དོན་ལྔ་པ།  མོ་ནད་བྱེ་བྲག་ཏུ་བཅོས་པ། 

མོ་ནད་གཙོ་བོ་སྤྱི་བཅོས་ཀྱི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་མོ་ནད་བྱེ་བྲག་ཏུ་བཤད་པའི་དབྱེ་བ་དང༌། དེའི་རྒྱུ་དང༌། རྟགས་དང༌། བཅོས་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

དབྱེ་བ་ཕྱེ་ན་མངལ་ནད་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང་རྣམ་པ་ལྔ་ནི་གསང་བའི་ནད་གསོ་སྐབས་སུ་གོང་དུ་བཤད་གྲུབ་པ་དང༌། འདིར་ཁྲག་ཚབས་ལ་གློ་བ་དང༌། སྙིང་དང༌། མཆིན་པ་དང༌། མཆེར་པ་དང༌། མཁྲིས་པ་དང༌། མཁལ་མ་དང༌། རྒྱུ་མ་དང༌། འོ་མ་དང༌། ནུ་མ་དང༌། གོར་པ་དང་བཅས་བཅུའོ། །རླུང་ཚབས་ལ་མགོ་དང༌། རུས་པ་དང༌། སྙིང་དང༌། མཁལ་མ་དང༌། ཕོ་བ་དང༌། རྒྱུ་མའི་ཚབས་དང་དྲུག་ཏུ་བཤད་པ།  

དེ་རྣམས་ཀྱི་རྒྱུ་ནི། ཟླ་མཚན་དེ་ཉིད་ཆུ་སེར་དང་རླུང་གིས་བསྐྱེད་དེ་རྩ་དང་དོན་སྣོད་སོགས་ལ་བྱེར་བ་ལས་རྩ་ནད་ཅེས་བྱ་བའི་ཚབས་ནད་ཀྱི་རིགས་གོང་དུ་བཤད་པའི་བཅུ་དྲུག་པོར་འགྱུར་བ་ཡིན་ནོ། །ཚབས་སྐྲན་ཆུ་བུར་ཅན་དང༌། ཁྲག་སྐྲན་ཧྲེམ་པོ་དང༌། ཤ་སྐྲན་བེམ་པོ་དང༌། རྨེན་སྐྲན་དང༌། ཕོ་སྐྲན་དང༌། སྐྲན་རོ་ནག་པོ་དང༌། རྩ་སྐྲན་ལིང་པ་དང༌། ས་བོན་སྐྲན་དང༌། ཁྲག་སྐྲན་ཟ་ཁུ་དང་དགུ་ཡོད་པའི་རྒྱུ་ནི་ཟླ་མཚན་དང་ཆུ་སེར་དང་རླུང་གིས་མངལ་དུ་བསྒྲིལ་བ་ལས་ཚབས་སྐྲན་ཞེས་བྱ་བའི་དབྱེ་བ་དགུ་པོ་དེ་རུ་འགྱུར། མ་རུ་ཙེ་དང་ཨ་སོ་རྣམ་པ་གཉིས་ནི་མངལ་ནང་གི་སྲིན་བུ་ལངས་པ་དང་ཁྲོས་པ་ལ་ནད་རིགས་གཉིས་སྐྱེད་དོ། །

དེ་རྣམས་ངོས་འཛིན་པའི་རྟགས་ལ་སྙིང་གི་ཁྲག་ཚབས་ནི་རོ་སྟོད་གཟེར་ལ་རྒྱུ་ཞབས་ཚ་ཞིང་གཏུབས་པ་སྙམ་དུ་སེམས་པར་བྱེད་པ་དང༌། གློ་བའི་ཁྲག་ཚབས་ནི་གློ་མང་རོ་སྟོད་གཟེར་ལ་རྩེའུ་འགྲེང་ཞེས་རྩེ་ཆུང་རེངས་ཏེ་སྐེ་འགྱུར་དཀའ་ལ་ཡན་ལག་སྦྲིད་ཅིང་ཁ་དང་གདོང་པ་སྐྲངས་པ་དང༌། མཆིན་པའི་ཁྲག་ཚབས་ནི་མིག་སྤྲིན་དམར་རམ་ཡང་ན་སེར་བ་དང༌། མཆིན་པའི་སྟེང་དང་མགོ་བོ་གཉིས་ན་བ་འོང༌། མཆེར་པའི་ཁྲག་ཚབས་ནི་རྒྱུ་ཞབས་ན་ཞིང་གཟེར་ལ་ཕོ་བ་འཁྲོག་པར་བྱེད་ཅིང་མཆེར་པའི་སྟེང་དུ་ན། མཁྲིས་པའི་ཁྲག་ཚབས་ནི་ཉམ་ཆུང་སྐོམ་དད་ཆེ་ལ་གློ་ལུ་ཞིང་ཤ་ལྤགས་གཉིས་སེར་པོར་འགྲོ་བ་ཡིན། མཁལ་མའི་ཁྲག་ཚབས་ནི་འདོམས་དབྲག་གཡའ་ཞེས་ཟ་འཕྲུག་བྱེད་ཅིང་མོ་མཚན་ཚ་ལ་རྐེད་པ་དང་ཆུ་སོ་མན་ཆད་ཀྱི་རུས་པ་ཁོལ་ཞིང་ཚ། རྒྱུ་མའི་ཁྲག་ཚབས་ནི་ཚ་ཞིང་གཏུབས་པ་སྙམ་དུ་བྱེད་པ་དང༌། འོ་ཚབས་ནི་ཟླ་མཚན་འོ་ཁའི་ཆུ་འདྲ་བ་འཛག་ཅིང་སྙིང་འཕྱོ་ལ་ཆུ་སོ་ན་ཞིང་སྐྱུག་སྙམ་བྱེད། ནུ་ཚབས་ནི་ནུ་མ་སྐྲངས་ཤིང་ཟུག་གཟེར་ཆེ་བ་འོང༌། ཁྲག་ཚབས་གོར་བ་ནི་ལུས་ལྕི་ལ་འགྲོ་མི་ཤེས་པ་དང༌། རྒྱུ་སྨད་ཁེངས་སྙམ་སེམས་ཤིང་ལྡང་དུབ་ན་བར་བྱེད།

རླུང་ཚབས་དྲུག་ལས་མགོའི་རླུང་ཚབས་ནི་མགོ་འཁོར་ལ་ལིང་ཐོག་མོད་པ་དང་རྣ་བ་འོན་ཞིང་རྣག་ཀྱང་འཛག་ཅིང་སོ་འགྲམ་ན། རུས་པའི་རླུང་ཚབས་ནི་རུས་པ་ཁོལ་ཞིང་གྲང་ལ་ཚིགས་རྐང་ཚང་ར་སོགས་བེམ་བོར་གྱུར་པའི་གང་བྱས་ཀྱང་བཟོད་པ་ཆེ་བ་སྟེ་མི་ཤེས། སྙིང་གི་རླུང་ཚབས་ནི་དྲན་པ་མི་གསལ་ཞིང་མགོ་འཁོར་ལ་རྣ་བ་འུར་ཞིང་སྨྱོ་འབོག་བྱེད་པ་དང༌། མཁལ་མའི་རླུང་ཚབས་ནི་རྐེད་ཚིགས་ཁོལ་ཞིང་ན་ལ་ལྷག་ཏུ་གྲང་ན་ན་ཞིང་རྐེད་པ་མན་ཆད་བཤལ། ཕོ་བའི་རླུང་ཚབས་ནི་སྦོ་ཞིང་འདྲིལ་ལ་ལྡང་དུབ་བྱེད་པ་དང་ཁ་ཟས་ཀྱི་རིགས་འཇུ་དཀའ་ཞིང་བསིལ་ཟས་ཤིན་ཏུ་གནོད། རྒྱུ་མའི་རླུང་ཚབས་ནི་རྒྱུ་ཞབས་བསྡམས་ཤིང་ཟླ་མཚན་འབྱང་བ་ཞེས་དུས་མེད་དུ་འབབ་པ་དང༌།

མངལ་སྐྲན་ཆུ་བུར་ཅན་ནི་ཆུ་སྐྲན་ཆུ་བུར་ལྟར་ཆགས་ཤིང་རྒྱུ་སྨད་སྦོ་ལ་ཆུ་སེར་ཕྱིར་བབས་པས་ཟླ་མཚན་ཆུ་སེར་དག་ཏུ་འབྱང་སྟེ་འཛག་པར་བྱེད། ཁྲག་སྐྲན་ཧྲེམ་པོ་ནི་ཁྲག་རོ་འདྲིལ་བས་བུ་ཆགས་པ་ལྟར་ཧྲེམ་ཞིང་རྒྱུ་ཞབས་ལྡང་དུབ་ཏུ་ན་བ་དང༌། ཤ་སྐྲན་བེམ་པོ་ནི་བུད་མེད་གཞོན་ནུ་ལ་སྐྱེས་པ་མང་པོས་འདོད་པ་སྤྱད་པ་ལས་འབྱུང་བས་མངལ་ཁ་འཆུས་ཏེ་དྭངས་མ་ཆུ་སེར་དུ་འཛག་ཅིང་སྙིགས་མ་འདྲིལ་བ་ཡིན་པས་མཁལ་གོང་ཆད་སྙམ་བྱེད་པ་དང༌། ཕོ་བ་རྫིངས་ཤིང་ཟས་སྐོམ་གང་ཡང་འཇུར་མི་འདོད་ཅིང་ཚང་ར་མི་ཐེག་ལ་རྒྱུ་ཞབས་དང་ཆུ་སྡོམ་པར་བྱེད། རྨེན་སྐྲན་ནི་བུ་མོ་ཆུང་ཆུང་སྐྱེས་པ་དར་མ་དང་ཕྲད་དེ་མངལ་འགྲམས་ནས་རྨེན་བུ་ལྟར་སྐྲན་ཆགས་ལ་ཁྲག་ནག་འཛག་ཅིང་ཤ་མི་སྐྱེ་བ་དང་ཆུ་སྲི་ལ་ལྡང་དུབ་ན་ཞིང་སྨད་མི་ཐེག ཕོ་སྐྲན་ནི་བུད་མེད་གཞོན་ནུ་ལ་སྐྱེས་པ་མང་པོས་འདོད་སྤྱོད་བྱས་དྲགས་པས་མངལ་དུ་དྲེག་པ་ཆགས་པ་རེམས་པས་ལུས་ཤ་སྐྱེར་མི་འདོད་ཅིང་སྨད་བཤལ་ལ་གཞོགས་ལྕི་ཞིང་དབུགས་རྒོད་སྙིང་མི་བདེ། སྐྲན་རོ་ནག་པོ་ནི་བུ་བཙས་པའི་རྗེས་ལ་ཁྲག་རོ་འདྲིལ་བས་ཤ་མདོག་འགྱུར་ཞིང་ཚིགས་གཞི་སྐྲངས་ལ་ལུས་ཤ་བེམ་པོར་བྱེད་ཅིང་མཇུག་ཏུ་མཛེ་རུ་འགྲོ། རྩ་སྐྲན་ལིང་པ་ནི་བུ་བཙས་རྗེས་རྩ་འགྲམས་ནས་རྩ་ལ་སྐྲན་ཆགས་པས་ཤ་རུས་ཁོལ་ཞིང་ན། ས་བོན་སྐྲན་ནི་སྐྱེས་པའི་ས་བོན་བུ་མི་ཆགས་པའི་སྐྱོན་ཡོད་དེ་མངལ་དུ་འདྲིལ་བས་ཤ་རུས་འཇིག་པ་སྙམ་དུ་བྱེད། ཁྲག་སྐྲན་ཟ་ཁུ་ནི་བུ་རོ་མངལ་དུ་ལུས་པས་སྲ་ལ་ཧྲེམ་པ་བུ་མི་ཆགས་ཤིང་ཕྱིར་ཡང་འཛག་ལ་ཁོང་པ་སྦོ་ཞིང་འཁྲོག་གོ། དེ་ཀུན་ཀྱང་བྱིས་པ་ཆགས་པ་ལྟར་སྲ་ཞིང་འདྲིལ་ལ། སྐབས་སུ་སྦོ་ཞིང་ན་ལ་གཟེར་བ་དང་ཆུ་སེར་འཛག

མངལ་གྱི་སྲིན་བུ་ལངས་པས་ནི་ཚ་བའི་ནད་ཚང་ར་དང་མཚན་མ་གཡའ་བ་སྟེ་ཟ་ཁོལ་བྱེད་ཅིང་ནུ་མ་རྒྱས་ལ་སེམས་འཕྱོ་ཞིང་གཉིད་མེད་པ་དང༌། འགྲོ་འདོད་ལ་སྐྱེས་པ་འདོད་ཅིང་ཤ་སྐམ་ལ་མོ་མཚན་གྱི་དྲི་མ་ཤིན་ཏུ་མནམ། ཁྲོས་པ་ནི་དེ་དུས་སུ་སྐྱེས་པ་དང་མ་ཕྲད་པས་མཛུབ་མོ་དང་ཤིང་བུ་སོགས་ཀྱིས་ཕྲུགས་པས་སྲིན་དེ་ཁྲོས་ཏེ་མངལ་གྱི་ཁ་སྐྲངས་ཤིང་ཆུ་སེར་འཛག་པ་དང་ཤིན་ཏུ་སྲ་ཞིང་ན་ལ་མཚན་མ་སྦོའོ། །

བཅོས་པའི་ཐབས་ལ་རྩ་ནད་དང༌། སྐྲན་ནད་དང༌། སྲིན་བུའི་ནད་དང་གསུམ་བཅོས་དགོས་པའི་དང་པོ་རྩའི་ནད་བཅུ་དྲུག་པོ་བཅོས་པ་ནི། སྤྱི་བཅོས་རླུང་ཚབས་དྲུག་པོ་དྲོད་དང་བཅུད་སོགས་ཀྱིས་བཅོས་ཤིང༌། ཁྲག་ཚབས་བཅུ་པོ་བསིལ་དྲོད་གཉིས་ཁྱེའུར་ཞེས་སྤེལ་མར་བཅོས། བྱེ་བྲག་སྙིང་གི་ཁྲག་ཚབས་ལ་ཨ་རུ་མཆུ་སྙུང་གི་མཆུ་དང༌། རྒྱམ་ཚྭ་དང༌། ཤིང་ཚ་བཅས་པའི་ཐང་གཤེར་གྱིས་སྦྱངས་རྗེས་སྙིང་རྩ་སྣོད་ཀ་གཏར་བ་དང༌། དེ་འོག་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ལ་ཚིགས་པ་དྲུག་པ་བསྲེག གློ་ཚབས་ལ་གོང་གི་ལྟོ་གཤེར་ཆུང་བས་སྦྱང་བར་བྱ་སྟེ་དེ་ནས་དྲུག་འགོ་གཏར་ལ་བདེ་བྱེད་འབྲིང་པོ་ཅུ་གང་བདུན་པ་ལ་རྒུན་འབྲུམ་དང་ཤིང་མངར་བསྣན་པ་སྦྱར་བ་དང༌། རྗེས་ལ་དམར་པོ་ཚོས་བཙོད་འབྲི་མོག་གསུམ་གྱི་སྨན་མར་སྦྱར་ལ་ཚིགས་པ་བཞི་ལྔ་བསྲེག མཆིན་ཚབས་ལ་གུར་ཀུམ། ཤིང་ཚ། པི་པི་ལིང༌། ཨ་རུ་མཆུ་སྙུང་གི་མཆུ་ཕུལ་གང་རྣམས་ཆང་དང་སྦྱར་བ་སྦྱངས་ལ་རུ་ཐུང་གཡས་པ་གཏར་བ་དང༌། རྒྱུད་ཕྱི་མའི་མཆིན་ཚད་སེལ་བའི་གུར་ཀུམ་བདུན་པ་སྦྱར་ཏེ། རྗེས་ལ་ཚིགས་པ་བརྒྱད་པ་བསྲེག མཆེར་ཚབས་ལ་རྒྱ་ཚྭ། ཤིང་ཚ། དུར་བྱིད་བཅས་ཀྱིས་སྦྱོང་ཞིང་ཕྱི་རྒྱུད་ལྟར་གྱི་མ་ཞུ་གསར་རྙིང་འཇུ་བའི་སེ་འབྲུ་བརྒྱད་པ་སྦྱར་ལ་ཚིགས་པ་བཅུ་གཅིག་པ་དང་མཆེར་སྟེང་བསྲེག མཁྲིས་ཚབས་ལ་ཨ་རུ་ར་ཁྲོན་བུ། གསེར་མེ་ཏོག་བཅས་པའི་ཐང་ཁྲུས་རྗེས་ལ་ཕྱི་རྒྱུད་ཀྱི་ཏིག་ཏ་བརྒྱད་པ་སྦྱར་བཏང་མཁྲིས་རྩ་གཤའ་རིངས་གཏར་ཞིང་ཚིགས་པ་བཅུ་པ་བསྲེག མཁལ་མའི་ཚབས་ལ་ཤིང་ཚ་ཆང་ལ་བསྐོལ་བར་རྒྱ་ཚྭ། རྒྱ་རུ། བ་སྤྲུ། ཙཎྜ་ལི་ཞེས་འོལ་མོ་སེ་བཅས་པའི་ཁ་ཚར་བཏབ་པ་བཏང་ལ་བྱིན་གཞུག་རྩ་ལ་གཏར་རྗེས་ལ་ཕྱི་རྒྱུད་ལྟར་གྱི་རྩ་བ་ལྔའི་སྨན་མར་སྦྱར་ལ་ཚིགས་པ་བཅུ་བཞི་པ་བསྲེག རྒྱུ་ཚབས་ལ་ལྕུམ་རྩ་དང༌། ཨ་རུ་མཆུ་སྙུང་གི་ཐང་གཤེར་གྱིས་སྦྱངས་ལ་འོམ་བུ་ཤུག་པའི་འབྲུ་བ་ལུ་མཚེ་དང་མཁན་དཀར་ཏེ། བདུད་རྩི་ལྔའི་དུགས་བདུག་ཅིང་ཚིགས་པ་བཅུ་བདུན་པ་བསྲེག་པ་དང༌། རི་དྭགས་གཉན་མོའི་གློ་བ་དང༌། སྒ་དང་མར་རྙིང་བཅས་བཏང༌། འོ་མའི་ཚབས་ལ་གྲོ་འབྲས་སྲན་སོ་སོགས་འབྲུ་སྣའི་དུགས་ལུས་པོ་ལ་བྱ་ཞིང་ཚྭ་མར་བྱུག་པ་དང༌། ཤིང་ཚ། གཟེ་མ། ར་སྣ་མཱུ་ལ་སྟེ་གོང་ལྟར་ཐང་མ་སྒྲོན་ཤིང་གི་རྩ་བ། སྒ། སྤང་རྒྱན་དཀར་པོ་རྣམས་བུ་རམ་དང་སྦྱར་ལ་བཏང༌། ནུ་མའི་ཁྲག་ཚབས་ལ་སྐྲངས་པ་དང་ཟུག་ཡོད་པའི་ཐོག་ལ་མཚལ་གྱིས་ཡི་གེ་ཉ་དགུ་བྲིས་པས་མནན་ལ་བ་ཤ་ཀ་དང་ཀྱི་ལྕེ་དཀར་པོ་དང་ཨ་རུ་ར་བཅས་པའི་ཐང་བཏང་ཞིང་འབྲུ་སྣའི་སྨན་མར་སྦྱར་ཞེས་པ། རྫོང་འཕྲང་དུ། ནས་དཀར་དང༌། གྲོ་འབྲས། སོ་བ་བཞི་ཕུལ་དོ་དོ་སྦྲུས་ལ་བཙོས་པའི་ཁུ་བ་བྲེ་ཕྱེད་དོ་ལ་མར་བྲེ་ཕྱེད་ཀྱི་རྩིས་བཏབ། ཚ་བ་སྒ་པི་ཕོ་གསུམ། ཁ་རུ་ཚྭ། རྒྱམ་ཚྭ། ཤིང་ཚ། རྭ་ཚྭ་རྣམས་ཐུན་ལོག་རེ་བཏབ་ལ་ཆུ་བཅད་དེ་སྦྲང་དང་བུ་རམ་སྦྱར་ལ་བཏང་ཞེས་པ་དེ་ལྟར་བཏང་ལ་རྒྱབ་རྩ་དྲུག་འདུས་གཏར་ཞིང་ཚིགས་པ་གསུམ་པ་བདུན་པ་བསྲེག ཁྲག་ཚབས་གོར་པ་ལ་འབྲུ་འམ་ཚྭའི་དུགས་བྱ་ཞིང༌། ཤ་རུ། འོལ་མོ། རྒྱ་ཚྭ་གསུམ་ཆང་དང་སྦྱར་བ་གཏོང་བ་དང༌། ལོང་རྩ་དང་ཡོབ་གོང་གི་རྩ་གཏར་ཞིང་ཁ་ཟས་དྲོད་ཀྱི་རིགས་བསྟེན།

མགོའི་རླུང་ཚབས་ལ་ལུག་གི་མགོའི་རུས་ཁུ་དང༌། ལུག་གི་མགོ་ཤ ཀླད་པ་བཅས་པ་གྲོད་པར་བྲུབས་ཞེས་ཀྱང་བླུགས་པ་བཙས་པས་བདུག་ཅིང་མཚོག་གསང་ཕྱེ་ལ་ལྟག་པའི་སྡུད་སྒོ། མཚོག་མའི་འདུས་སོ་སྤྱི་བོ་བཅས་གསུམ་གྱི་སྟེང་བསྲེགས་ལ། མགོ་བཅུད་མགོ་ཁྲོལ་གྱི་སྦྱོར་བ་ནི་ལུག་མགོ་ལོ་གསུམ་ལོན་པར་ཤིང་ཀུན་སྒ་བཏབ་བཙོས་པ་དང༌། མར་ཆང་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་པོའི་སྨན་མར་ཕྱི་རྒྱུད་ལྟར་བསྟེན། རུས་ཚབས་ལ་ལུག་ཐོང་པ་དང་ཚེར་མོའི་ཚང་རའི་རུས་ཁུ་གདུས་པའི་ཁུ་བ་དེར་ཐོང་ཚེར་རང་གི་ཚང་རའི་ཤ་བཏབ། དེ་སྟེང་ཚ་བ་སྒ་པི་ཕོ་གསུམ། ཤིང་ཚ། སྨྱུག་མ་གཞོན་ནུའི་ཕྱི་ཤུན། བཙོད་དམར་རམ་ནག་པོ་གང་རིགས་བཅས་བཏབ་པ་ཚོས་པར་བཙོས་ལ་དེའི་ནང་པར་དེ་ཁྱེའུ་སུས་ཞེས་ཐོ་རངས་ཕོ་བའི་བད་ཀན་བེ་སྣབས་བྱང་ཞིང་དྲོད་ཆེ་བའི་དུས་ཁྱོར་བ་རེ་བསྲོས་ཀྱིན་བཏང་ཞིང༌། རུས་ཆང༌། སྦྲང་ཆང༌། བུར་ཆང་སོགས་ཕྱི་རྒྱུད་ལྟར་ཡང་བསྔགས་པ་ཡིན། སྙིང་ཚབས་ལ་སྤྲེའུ། དོམ། འཕྱི་བ་བཅས་པའི་སྙིང་གིས་གཙོ་བྱས་པའི་སྙིང་སྣ་ཚོགས་ཚད་བརྡུངས་ཏེ་གྲོད་པར་བླུགས་ལ་ཛཱ་ཏི། སུག་སྨེལ། ཤིང་ཚ། སྙིང་ཞོ་ཤརྭ་ཚྭ། དྭ་ཚ། ཨ་རུ་ར། ཁ་རུ་ཚྭ་རྣམས་ཀྱི་ཁ་ཚར་བཏབ་སྟེ་ཆུ་ལ་ཚོས་པར་བཙོས་པ་དེ་དང་ལུག་ཤ་བསྲེས་ཏེ་ཁྱེའུ་སུས་ཞེས་བཤད་མ་ཐག་པ་ལྟར་ཐོ་རངས་དུས་བསྟེན་ཅིང༌། རྒྱུད་ཕྱི་མའི་འབྲས་བུ་ཨ་བར་སྐྱུར་གསུམ་པོའི་མར་སྦྱར་ལ་ཚིགས་པ་དྲུག་པ་བསྲེག མཁལ་ཚབས་ལ་ར་ལུག་ཐུག་པོ་སྟེ་མཚན་མ་མ་བཅད་པའི་མཁལ་མ་དང༌། རྟ་དང་གླང་གིའང་བྱུང་ན་ཐུག་པོའི་མཁལ་མས་གཙོ་བྱས་ལ་མཁལ་སྣ་ཚོགས་ཚད་ཚིལ་དང་བཅས་པ་གཏུབས་ཏེ་གྲོད་པར་བླུགས། དེ་སྟེང་ཤིང་ཚ། དྭ་ཚ་སྟེ་ཤིང་ཚ་མཐུག་པོ། སུག་སྨེལ། ཨ་རུ་ར། རྭ་ཚྭ། སྤོད་སྣ་སྒ་པི་ཕོ་གསུམ། ལ་ལ་ཕུད། འུ་སུ་སོགས་དང་བཅས་པ། བ་སྤྲུ། མཁལ་མ་ཞོ་ཤ གཟེ་མ། འབྲས་སྣ་ཨ་འཇམ་སྲ་གསུམ་རྣམས་བཏབ་ལ་ཚོས་པར་བཙོས་བྱས་ལ་ལུག་ཤ་བསྲེས་པའི་ཚ་བ་ཆ་བསྐྱེད་དེ་ཁྱེའུ་སུས་ཞེས་བཤད་མ་ཐག་པ་ལྟར་ཐོ་རངས་ཀྱི་དུས་བསྟེན་པའམ། ཡང་ན་ལུག་ཐོང་གི་མཁལ་མ་ཚིལ་དང་བཅས་པ་ལ་ཤིང་ཚ་དང་སྨྱུག་མ་གཞོན་ནུའི་ཕྱི་ཤུན་བཏབ་སྟེ་བཅོས་པ་གྲང་པ་དང༌། ཐུན་རེ་བསྲོས་པར་ཁྱེའུ་སུས་ཙོང་དམར་རམ་ནག་པོ་དང་ཤིང་ཚ། ཚྭ་བ་སྒ་པི་ཕོ་གསུམ་བཏབ་ལ་བཏང༌། ཕོ་བའི་རླུང་ཚབས་བྱ་བྲ་ཞེས་ཕུག་རོན་གྱི་བྲུན་ནམ་བོང་བ་བསྲེགས་པས་བདུག་ཅིང༌། རྒྱུད་ཕྱི་མའི་སེ་འབྲུའི་ཅུར་ནིས་དང༌། འཕྱི་བ་དང་གོང་མོ་གཉིས་ཀྱི་ཤ་བཏང་ལ་མདུན་གྱི་ཕོ་གསང་དང་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་མེས་མནན་ཏེ་ཕྱི་རྒྱུད་ཀྱི་སྒོག་སྐྱའི་སྨན་མར་སྦྱར། རྒྱུ་མའི་རླུང་ཚབས་ལ་ལུག་ཐོང་ཚེར་གྱི་ཁྲག་སྣོད་སྤྱད་དུ་བླུགས་པའི་ནང་དུ་རྭ་ཚ། དྭ་ཚ་སྟེ་ཤིང་ཚ་མཐུག་པོ། ཤིང་ཚ། སུག་སྨེལ་དང༌། ཨ་རུ་ར། སླེ་ཏྲེས། སྤོད་སྣ་སྒ་པི་ཕོ། ལ་ལ་ཕུད། འུ་སུ་སོགས་དང་འབྲས་ཕྱེ་རྣམས་སྦྱར་བས་རྒྱུ་མ་བརྒྱངས་ཏེ་བཙོས་ལ་ཁྱེའུ་སུས་ཞེས་བཤད་མ་ཐག་པ་ལྟར་གྱི་ཐོ་རངས་ཀྱི་དུས་བསྟེན་པར་བྱ། ཡང་ན་བཞག་ཅེས་གཉེ་མའི་ཤ་ཚིལ་བཅས་གཏུབས་ལ་ཁྲག་དང་བསྲེས་པར་སྨྱུག་མ་གཞོན་ནུའི་ཕྱི་ཤུན་དང༌། བཙོང་ནག་དམར་གང་རུང་དང༌། ཤིང་ཚ། རྒྱམ་ཚྭ་རྣམས་བཏབ་པས་རྒྱུ་མ་བརྒྱངས་ཏེ་བཙོས་ལ་ཁྱེའུ་སུས་ཞེས་བཤད་མ་ཐག་པ་ལྟར་ཐོ་རངས་དུས་བསྟེན་པར་བྱ།

གཉིས་པ་སྐྲན་གྱི་ནད་དགུའི་བཅོས་པའི་ཐབས་ནི་མེ་ཏོག་སྣ་ཚོགས་པ་ཆང་གི་དཀྱིལ་དུ་བསྣན་པ་སྟེ་བླུགས་པའམ། བྱ་བྲ་ཞེས་ཕུག་རོན་གྱི་བྲུན་སྣུམ་དང་བསྲེས་ནས་འབྲུ་སྣ་ཚོགས་པའི་ལུམས་ཀྱིས་ལུས་ཀུན་དྲིལ་ཞིང་ཁྱད་པར་ཚང་ར་དང་རྒྱུ་ཞབས་བདུག་ཅིང༌། སྒ་དང་ཚྭ་མར་བཅས་སྦྱར་བའི་བསྐུ་མཉེ་བྱ། ཡང་ན་བྱི་ཁུང་ཤར་བལྟའི་ས་བྱ་བྲ་སྟེ་ཕུག་རོན་གྱི་བྲུན། གྲོག་ཞིང་བཅས་པའི་དྲོད་དུགས་བྱ་ཞིང༌། རྒྱུད་ཕྱི་མའི་དོང་གྲ་བསྣན་པའི་སེ་འབྲུ་ལྔའི་ཅུར་ནིས་དང༌། ཚ་བའི་རིལ་བུའང་ཕྱི་མ་ལྟར་ཐུན་གསུམ་གྱིས་བཤིག་པ་དང་ལོང་རྩ་གཏར་ཞིང་སྔར་བཤད་པ་ལྟར་གྱི་ཁྲུས་གཤེར་གང་འོས་ཀྱིས་སྐྲན་རོ་སྦྱང༌། རྗེས་ལ་པཉྩ་ཕ་ལའི་སྨན་མར་ཞེས་པ་པཉྩ་ལྔ་དང༌། ཕ་ལ་བཟང་པོ་ལ་འཇུག་པས་བཟང་པོ་ལྔའི་སྨན་མར་ཏེ་ཕྱི་རྒྱུད་སྨན་མར་ལེའུར། སེ་འབྲུ་འུ་སུ་དོང་གྲ་ཙི་ཏྲ་ཀ། པི་པི་ལིང་གི་མར་ལ་བུ་རམ་སྦྱར། །བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས། །སྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ། །མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད། །བུད་མེད་བུ་མེད་ལ་ཡང་བུ་རྙེད་ཅེས་པ་དེ་འམ། རྒྱུད་ཕྱི་མའི་རྩ་བ་ལྔའི་སྨན་མར་སྦྱར་ལ་ཚིགས་པ་བཅོ་ལྔ་པ་བསྲེག་ཅིང༌། བོང་བུ་དང་འཕྱི་བ་ལ་སོགས་པའི་བཤུལ་ཤའི་རིགས་བསྟེན།

གསུམ་པ་སྲིན་བུའི་ནད་གཉིས་བཅོས་པའི་ཐབས་ནི་སྲིན་ལངས་ཚ་བའི་ནད་ལ་སྐྱེས་པས་འཁྲིག་པ་བསྟེན་ཅིང་དྲིལ་ཕྱིས་ཞེས་པ་འདིར་ལུས་དྲེག་གི་རིལ་བུ་བྱ་བ་དང་ཟན་ལ་སྤོད་བཏབ་པ་སོགས་ཇི་སྙེད་ཀྱི་བཞེད་པ་སྣང་མོད། དྲིལ་བ་ནི་སྐྱེས་པའི་ལུས་རྔུལ་ཐོག་ལ་ཕྱེ་བྱུགས་ཏེ་ཕྱིས་པའི་ཟན་དེ་འཐད་ཅིང་རྒྱུ་མཚན་ཡང་ཁམས་ཀྱི་སྙིགས་མ་མིག་སྐྱགརྣ་སྤབས། སྣབས། སོ་དྲེགབ་སྤུ་ནས་འབབ་པ་རྔུལ་རྣམས་ཡིན་པས་སྙིགས་མ་གཞན་རྣམས་ཀྱང་རུང་ལ་གཙོ་ཆེ་བ་རྔུལ་དེ་དང་ས་བོན་གྱི་དྭངས་མ་ངོ་བོ་དེ་ཁོང་པར་ཐང་དུ་བཏང༌། སྲིན་ཁྲོས་པ་ལ་འབྲུ་ཡོས་སམ། འབྲུ་སྣ་ཚོགས་པའམ། དྲེས་མའི་མེ་ཏོག་གམ་བྱེ་རུག་པས་བདུག་ཅིང༌། བྱེ་རུག་བརྒྱད་པ་ཞེས་པ་འདི་ཉིད་ལེའུ་ལྔ་བཅུ་པ་སྲིན་བུའི་ནད་གསོ་བའི་སྐབས། བྱི་རུག་བྱི་ཐང་ག་དང་ཞིམ་ཐིག་ལེ། །སྐེ་ཚེ་ལྕ་བ་སྣེའུ་འབམ་པོ་དང༌། །ཤ་སྣ་བསྐོལ་ཁུར་ཞེས་པའི་ཁུ་བ་དེ་མངལ་དུ་བཏང་ངོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་མོ་ནད་ཀྱི་ནང་ཚན་བྱེ་བྲག་ཏུ་བཅོས་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།