སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།



ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མོ་ནད་བྱེ་བྲག་དབྱེ་བ་དེ་ཡི་རྒྱུ། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

དབྱེ་བ་མངལ་ནད་རླུང་མཁྲིས་བད་ཀན་ཁྲག །འདུས་པ་རྣམ་ལྔ་གསང་བའི་སྐབས་སུ་བཤད། །ཁྲག་ཚབས་གློ་སྙིང་མཆིན་མཆེར་མཁྲིས་པ་མཁལ། །རྒྱུ་མ་འོ་མ་ནུ་མ་གོར་པ་བཅུ། །རླུང་ཚབས་མགོ་དང་རུས་པ་སྙིང་མཁལ་མ། །ཕོ་བ་རྒྱུ་མའི་ཚབས་དང་དྲུག་ཏུ་བཤད། །ཟླ་མཚན་ཆུ་སེར་རླུང་གིས་བྱེར་བ་ལས། །རྩ་ནད་ཅེས་བྱ་ཚབས་ནད་བཅུ་དྲུག་འགྱུར། །ཚབས་སྐྲན་ཆུ་བུར་ཅན་དང་ཧྲེམ་པོ་དང༌། །བེམ་པོ་རྨེན་སྐྲན་ཕོ་སྐྲན་ནག་པོ་དང༌། །རྩ་སྐྲན་ས་བོན་སྐྲན་དང་ཟ་ཁུ་དགུ། །ཟླ་མཚན་ཆུ་སེར་རླུང་གིས་བསྒྲིལ་བ་ལ། །ཚབས་སྐྲན་ཞེས་བྱ་དབྱེ་བ་དགུ་རུ་འགྱུར། །མ་རུ་རྩེ་དང་ཨ་སོ་རྣམ་པ་གཉིས། །མངལ་གྱི་སྲིན་བུ་ལངས་ཁྲོས་ནད་གཉིས་སྐྱེད།།

དེ་རྟགས་སྙིང་གི་ཁྲག་ཚབས་རོ་སྟོད་གཟེར། །རྒྱུ་ཞབས་ཚ་ཞིང་གཏུབས་པ་སྙམ་དུ་བྱེད། །གློ་ཡི་ཁྲག་ཚབས་གློ་མང་རོ་སྟོད་གཟེར། །རྩེའུ་འགྲེང་ཡན་ལག་སྦྲིད་ཅིང་ཁ་གདོང་སྐྲངས། །མཆིན་པའི་ཁྲག་ཚབས་མིག་སྤྲིན་དམར་རམ་སེར། །མཆིན་པའི་སྟེང་དང་མགོ་བོ་ན་བའོ། །མཆེར་པའི་ཁྲག་ཚབས་རྒྱུ་ཞབས་ན་ཞིང་གཟེར། །ཕོ་བ་འཁྲོག་ཅིང་མཆེར་པའི་སྟེང་དུ་ན། །མཁྲིས་པའི་ཁྲག་ཚབས་ཉམ་ཆུང་སྐོམ་དད་ཆེ། །གློ་ལུ་ཤ་ལྤགས་སེར་པོར་འགྲོ་བ་ཡིན། །མཁལ་མའི་ཁྲག་ཚབས་འདོམས་གཡའ་མོ་མཚན་ཚ།  །རྐེད་སོ་མན་ཆད་རུས་པ་ཁོལ་ཞིང་ཚ། །རྒྱུ་མའི་ཁྲག་ཚབས་ཚ་ཞིང་གཏུབས་སྙམ་བྱེད། །འོ་ཚབས་ཟླ་མཚན་འོ་ཁ་ཆུ་འདྲ་འཛག །སྙིང་འཕྱོ་ཆུ་སོ་ན་ཞིང་སྐྱུག་སྙམ་བྱེད། །ནུ་ཚབས་ནུ་མ་སྐྲངས་ཤིང་ཟུག་གཟེར་ཆེ། །ཁྲག་ཚབས་གོར་པ་ལུས་ལྕི་འགྲོ་མི་ཤེས། །རྒྱུ་སྨད་ཁེངས་ཤིང་ལྡང་དུབ་ན་བར་བྱེད། །མགོ་ཡི་རླུང་ཚབས་མགོ་འཁོར་ལིང་ཐོག་མོད། །རྣ་བ་འོན་ཞིང་རྣག་འཛག་སོ་འགྲམ་ན། །རུས་པའི་རླུང་ཚབས་རུས་པ་འཁོལ་ཞིང་གྲང༌། །ཚིགས་རྐང་མཚང་ར་བེམ་པོ་བཟོད་པ་ཆེ། །སྙིང་གི་རླུང་ཚབས་དྲན་པ་མི་གསལ་ཞིང༌། །མགོ་འཁོར་རྣ་བ་འུར་ཞིང་སྨྱོ་འབོག་བྱེད། །མཁལ་མའི་རླུང་ཚབས་རྐེད་ཚིགས་འཁོལ་ཞིང་ན། །གྲང་ན་ན་ཞིང་རྐེད་པ་མན་ཆད་བཤལ། །ཕོ་བའི་རླུང་ཚབས་སྦོ་འདྲིལ་ལྡང་དུབ་བྱེད། །ཁ་ཟས་འཇུ་དཀའ་བསིལ་ཟས་ཤིན་ཏུ་གནོད།   །རྒྱུ་མའི་རླུང་ཚབས་བསྡམས་ཤིང་ཟླ་མཚན་འབྱང་། །མངལ་སྐྲན་ཆུ་བུར་ཅན་ནི་རྒྱུ་སྨད་སྦོ། །ཟླ་མཚན་ཆུ་སེར་དག་ཏུ་འབྱང་བར་བྱེད། །ཁྲག་སྐྲན་ཧྲེམ་པོ་རྒྱུ་ཞབས་ལྡང་དུབ་ན། །ཤ་སྐྲན་བེམ་པོ་མཁལ་རྐེད་ཆད་སྙམ་བྱེད། །ཕོ་བ་རྫིངས་ཤིང་ཟས་སྐོམ་འཇུར་མི་འདོད། །མཚང་ར་མི་ཐེག་རྒྱུ་ཆུ་སྡོམ་པར་བྱེད། །རྨེན་སྐྲན་ཁྲག་ནག་འཛག་ཅིང་ཤ་མི་སྐྱེ། །ཆུ་སྲི་ལྡང་དུབ་ན་ཞིང་སྨད་མི་ཐེག །ཕོ་སྐྲན་རེམས་པ་ལུས་ཤ་སྐྱེར་མི་འདོད། །སྨད་བཤལ་གཞོགས་ལྕི་དབུགས་རྒོད་སྙིང་མི་བདེ། །སྐྲན་རོ་ནག་པོ་མདོག་འགྱུར་ཚིགས་གཞི་སྐྲངས། །ལུས་ཤ་བེམ་པོར་བྱེད་ཅིང་མཛེ་རུ་འགྲོ། །རྩ་སྐྲན་ལིང་པ་ཤ་རུས་ཁོལ་ཞིང་ན། །ས་བོན་སྐྲན་ནི་ཤ་རུས་འཇིག་སྙམ་བྱེད། །ཁྲག་སྐྲན་ཟ་ཁུ་ཁོང་པ་སྦོ་ཞིང་འཁྲོག །ཀུན་ཀྱང་བྱིས་པ་ཆགས་ལྟར་སྲ་ཞིང་འདྲིལ། །སྐབས་སུ་སྦོ་ཞིང་ན་གཟེར་ཆུ་སེར་འཛག །མངལ་གྱི་སྲིན་བུ་ལངས་པས་ཚ་བའི་ནད། །མཚང་ར་མཚན་མ་གཡའ་འཁོལ་ནུ་མ་རྒྱས། །སེམས་འཕྱོ་གཉིད་མེད་འགྲོ་འདོད་སྐྱེས་པ་འདོད། །ཤ་སྐམ་མོ་མཚན་དྲི་མ་ཤིན་ཏུ་མནམ། །ཁྲོས་པ་དེ་དུས་སྐྱེས་པ་མ་འཕྲད་པས། །མཛུབ་མོ་ཤིང་བུས་ཕྲུགས་པས་སྲིན་ཁྲོས་ཏེ། །མངལ་ཁ་སྐྲངས་ཤིང་ཆུ་སེར་འཛག་པ་དང༌། །ཤིན་ཏུ་སྲ་ཞིང་ན་ལ་མཚན་མ་སྦོ།།

བཅོས་ཐབས་རྩ་ནད་སྐྲན་དང་སྲིན་བུ་གསུམ། །དང་པོ་རྩ་ནད་བཅུ་དྲུག་བཅོས་པ་ནི། །རླུང་ཚབས་དྲུག་པོ་དྲོད་དང་བཅུད་ཀྱིས་བཅོས། །ཁྲག་ཚབས་བཅུ་པོ་བསིལ་དྲོད་ཁྲེའུར་བཅོས། །སྙིང་གི་ཁྲག་ཚབས་ཨ་རུ་རྒྱམ་ཚྭ་དང༌། །ཤིང་ཚའི་ཐང་གཤེར་སྦྱངས་རྗེས་སྙིང་རྩ་གཏར། །དེ་འོག་འབྲས་བུའི་མར་སྦྱར་དྲུག་པ་བསྲེག །གློ་ཚབས་ལྟོ་གཤེར་ཆུང་བས་སྦྱང་བྱ་སྟེ། །དྲུག་འགོ་གཏར་ལ་བདེ་བྱེད་འབྲིང་པོ་སྦྱར། །རྗེས་ལ་དམར་གསུམ་མར་སྦྱར་བཞི་ལྔ་བསྲེག །མཆིན་ཚབས་གུར་ཀུམ་ཤིང་ཚ་པི་པི་ལིང༌། །ཨ་རུ་ཆང་སྦྱར་སྦྱངས་ལ་རུ་ཐུང་གཏར། །གུར་ཀུམ་བདུན་སྦྱར་རྗེས་ལ་བརྒྱད་པ་བསྲེག །མཆེར་ཚབས་རྒྱ་ཚྭ་ཤིང་ཚ་དུར་བྱིད་སྦྱང། །སེ་འབྲུ་བརྒྱད་སྦྱར་བཅུ་གཅིག་མཆེར་སྟེང་བསྲེག །མཁྲིས་ཚབས་ཨ་རུ་ཁྲོན་བུ་གསེར་མེ་ཏོག །ཐང་ཁྲུས་རྗེས་ལ་ཏིག་ཏ་བརྒྱད་པ་སྦྱར། །མཁྲིས་རྩ་གཏར་ཞིང་ཚིགས་པ་བཅུ་པ་བསྲེག །མཁལ་མའི་ཚབས་ལ་ཤིང་ཚ་ཆང་ལ་བསྐོལ། །རྒྱ་ཚྭ་རྒྱ་རུ་བ་སྤྲུ་ཙཎྜ་ལི།  །ཁ་ཚར་བཏབ་བཏང་བྱིན་གཞུག་རྩ་ལ་གཏར། །རྗེས་ལ་རྩ་བ་ལྔ་སྦྱར་བཅུ་བཞི་བསྲེག །རྒྱུ་ཚབས་ལྕུམ་རྩ་ཨ་རུའི་ཐང་གཤེར་སྦྱང༌། །འོམ་བུ་བདུད་རྩིའི་དུགས་བདུག་བཅུ་བདུན་བསྲེག  །གཉན་མོའི་གློ་བ་སྒ་དང་མར་རྙིང་བཏང༌། །འོ་ཚབས་འབྲུ་སྣའི་དུགས་བྱ་ཚ་མར་བྱུག །ཤིང་ཚ་གཟེ་མ་ར་སྣ་མཱུ་ལ་སྒ། །སྤང་རྒྱན་དཀར་པོ་བུ་རམ་སྦྱར་ལ་བཏང༌། །ནུ་མའི་ཁྲག་ཚབས་མཚལ་གྱི་ཉ་དགུས་མནན། །བ་ཤ་ཀ་དང་ཀྱི་ལྕེ་དཀར་པོ་དང༌། །ཨ་རུའི་ཐང་བཏང་འབྲུ་སྣའི་སྨན་མར་སྦྱར། །རྒྱབ་རྩ་གཏར་ཞིང་གསུམ་པ་བདུན་པ་བསྲེག །ཁྲག་ཚབས་གོར་པ་འབྲུ་འམ་ཚ་དུགས་བྱ། །ཤ་རུ་འོལ་མོ་རྒྱ་ཚྭ་ཆང་སྦྱར་བཏང༌། །ལོང་རྩ་ཡོབ་གོང་རྩ་གཏར་ཟས་དྲོད་བསྟེན། །མགོ་ཡི་རླུང་ཚབས་མགོ་ཡི་རུས་ཁུ་དང༌། །མགོ་ཤ་ཀླད་པ་གྲོད་པར་བྲུབས་བཙོས་བདུག །མཚོགས་གསང་ཕྱེ་ལ་སྡུད་སྒོ་གསུམ་སྟེང་བསྲེག །མགོ་བཅུད་མར་ཆང་འབྲས་བུའི་སྨན་མར་བསྟེན། །རུས་ཚབས་ཐོང་ཚེར་མཚང་ར་རུས་ཁུ་བསྡུས། །ཁུ་བར་མཚང་རའི་ཤ་བཏབ་ཚ་བ་གསུམ། །ཤིང་ཚ་སྨྱུག་ཤུན་བཙོང་བཏབ་འཚོས་པར་བཙོ། །ནང་པར་ཁྱེའུ་སུས་ཁྱོར་རེ་བསྲོས་ཀྱིན་བཏང༌། །རུས་ཆང་སྦྲང་ཆང་བུར་ཆང་བསྔགས་པ་ཡིན།  །སྙིང་ཚབས་སྤྲེ་དོམ་འཕྱི་བའི་སྙིང་གཙོ་བྱས། །སྙིང་སྣ་ཚོགས་ཚད་བརྡུངས་ཏེ་གྲོད་པར་བླུག །ཛཱ་ཏི་སུག་སྨེལ་ཤིང་ཚ་སྙིང་ཞོ་ཤ །རྭ་ཚ་དྭ་ཚ་ཨ་རུ་ཁ་རུ་ཚྭ། །ཁ་ཚར་བཏབ་སྟེ་ཆུ་ལ་འཚོས་པར་བཙོས། །དེ་དང་ལུག་ཤ་བསྲེས་ཏེ་ཁྱེའུ་སུས་བསྟེན། །འབྲས་བུའི་མར་སྦྱར་ཚིགས་པ་དྲུག་པ་བསྲེག །མཁལ་ཚབས་ར་ལུག་ཐུག་པོའི་མཁལ་མ་དང༌། །རྟ་དང་གླང་གི་མཁལ་མས་གཙོ་བྱས་ལ། །མཁལ་སྣ་ཚིལ་བཅས་གཏུབས་ཏེ་གྲོད་པར་བླུག །ཤིང་ཚ་དྭ་ཚ་སུག་སྨེལ་ཨ་རུ་ར། །རྭ་ཚ་སྤོད་སྣ་བ་སྤྲུ་མཁལ་ཞོ་ཤ །གཟེ་མ་འབྲས་སྣ་གསུམ་བཏབ་བཙོས་བྱས་ལ། །ལུག་ཤ་བསྲེས་ཏེ་ཚ་བ་ཁྱེའུ་སུས་བསྟེན། །ཡང་ན་ལུག་ཐོང་མཁལ་མ་ཚིལ་དང་བཅས།  །ཤིང་ཚ་སྨྱུག་ཤུན་བཏབ་བཙོས་གྲང་པ་དང་། །བཙོང་དང་ཤིང་ཚ་ཚ་བ་གསུམ་བཏབ་བཏང་།  །ཕོ་བའི་རླུང་ཚབས་བྱ་བྲའམ་བོང་བསྲེགས་བདུག །སེ་འབྲུའི་ཅུར་ནིས་འཕྱི་བ་གོང་མོ་བཏང༌། །མདུན་རྒྱབ་མེས་མནན་སྒོག་སྐྱའི་སྨན་མར་སྦྱར། །རྒྱུ་མའི་རླུང་ཚབས་ཐོང་ཚེར་ཁྲག་ནང་དུ། །རྭ་ཚ་དྭ་ཚ་ཤིང་ཚ་སུག་སྨེལ་དང༌། །ཨ་རུ་སླེ་ཏྲེས་སྤོད་སྣ་འབྲས་ཕྱེ་སྦྱར། །རྒྱུ་མ་རྒྱངས་བཙོས་ཁྱེའུ་སུས་བསྟེན་པར་བྱ། །ཡང་ན་བཞག་ཤ་ཚིལ་གཏུབས་ཁྲག་དང་བསྲེས། །སྨྱུག་ཤུན་བཙོང་དང་ཤིང་ཚ་རྒྱམ་ཚྭ་བཏབ། །རྒྱུ་མ་རྒྱངས་བཙོས་ཁྱེའུ་སུས་བསྟེན་པར་བྱ། །གཉིས་པ་སྐྲན་ནད་དགུ་ཡི་བཅོས་ཐབས་ནི། །མེ་ཏོག་སྣ་ཚོགས་ཆང་དུ་མནན་པའམ། །བྱ་བྲ་སྣུམ་དང་བསྲེས་ནས་འབྲུ་སྣའི་ལུམས། །ལུས་ཀུན་དྲིལ་ཞིང་མཚང་ར་རྒྱུ་ཞབས་བདུག །སྒ་དང་ཚ་མར་སྦྱར་བའི་བསྐུ་མཉེ་བྱ། །བྱི་ས་བྱ་བྲ་གྲོག་ཞིང་དྲོད་དུགས་བྱ། །སེ་འབྲུའི་ཅུར་ནིས་ཚ་བའི་རིལ་བུས་བཤིག །ལོང་རྩ་གཏར་ཞིང་ཁྲུས་གཤེར་སྐྲན་རོ་སྦྱང༌། །རྗེས་ལ་པཉྫ་ཕ་ལའི་སྨན་མར་རམ། །རྩ་བ་ལྔ་སྦྱར་ཚིགས་པ་བཅོ་ལྔ་བསྲེག །བོང་བུ་འཕྱི་བ་ལ་སོགས་བཤུལ་ཤ་བསྟེན། །གསུམ་པ་སྲིན་བུའི་ནད་གཉིས་བཅོས་པ་ནི། །སྲིན་ལངས་ཚ་བའི་ནད་ལ་སྐྱེས་པ་བསྟེན། །དྲིལ་ཕྱིས་ས་བོན་དྭངས་མ་ཐང་དུ་བཏང༌། །སྲིན་ཁྲོས་འབྲུའམ་མེ་ཏོག་བྱི་རུག་བདུག །བྱི་རུག་བརྒྱད་པའི་ཁུ་བ་མངལ་དུ་བཏང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་བྱེ་བྲག་བཅོས་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།