སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་ལྔ་པ། མོ་ནད་བྱེ་བྲག་གསོ་བ།

ལེའུ་དོན་ལྔ་པ་མོ་ནད་བྱེ་བྲག་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མོ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མོ་ནད་བྱེ་བྲག་ནད་ཀྱི་དབྱེ་བ་དང༌། རྒྱུ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིའོ།  །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་དབྱེ་བ་ལའང་བཞི་མངལ་ནད་གོང་དུ་བསྟན་ཚུལ། ཚབས་ནད་ཀྱི་དབྱེ་བ་དེའི་རྒྱུ། སྐྲན་ནད་ཀྱི་དབྱེ་བ་དེའི་རྒྱུ། སྲིན་ནད་མིང་དང་ནད་རྒྱུ་བཤད་པའོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ཚབས་ནད་ཀྱི་དབྱེ་རྒྱུ་བཤད་པ་ལ་གསུམ། ཁྲག་ཚབས་བཅུ་བཤད་པ་དང༌། རླུང་ཚབས་དྲུག་བཤད་པ་དང༌། དེའི་རྒྱུ་སྤྱིར་བཤད་པ་ལ་གསུམ་ལས།

དང་པོ་ནི། ཁྲག་ཚབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་རླུང་ཚབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི་ཟླ་མཚན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ཚབས་སྐྲན་གྱི་ནད་དགུ་བཤད་པ་ནི། ཚབས་སྐྲན་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་སྲིན་ནད་ཀྱི་མིང་དང་རྒྱུ་བཤད་པ་ནི། མ་ར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ལ་རྒྱུད་སྡེ་རྣམས་སུ་ལུས་ཟུངས་ཀྱི་དྭངས་མ་ཁམས་དཀར་དམར་དུ་གྲགས་པ་དཀར་ཆའི་དྭངས་མ་དབུ་མའི་ཡར་སྣ་སྨིན་མཚམས་སུ་ཧཾ་གི་རྣམ་པ་དང༌། དམར་ཆའི་དྭངས་མ་དབུ་མའི་མར་སྣ་ལྟེ་འོག་ཏུ་ཨའི་རྣམ་པར་གནས་པ་དེ་གཉིས་ཀྱི་ཆ་ཤས་ལུས་ཀུན་ཏུ་ཁྱབ་པ་ལས་ལྷག་པར་བུད་མེད་ལ་དཀར་ཆའི་སྙིགས་མ་འོ་མར་འགྱུར། དམར་ཆའི་སྙིགས་མ་ཁྲག་ཏུ་གྱུར་པ་ལོ་བཅུ་གཉིས་སུ་ནུས་པ་རྫོགས་ནས་ལྔ་བཅུའི་བར་དུ་ཟླ་བ་རེ་རེ་བཞིན་ཟགས་པ་ཟླ་མཚན་ཞེས་བྱ་སྟེ། དེ་ཉིད་སྔོན་ལས་དང་འཕྲལ་རྐྱེན་གྱིས་ནད་དུ་སོང་བ་ནི་མོ་ནད་ཐམས་ཅད་ཀྱི་རྩ་བ་དང་ངོ་བོར་གནས་ཤིང་རླུང་ཁྲག་ཐམས་ཅད་ལ་ཁྱབ་པའི་ངེས་པས་རྟགས་ཀྱང་སྣ་ཚོགས་སུ་སྣང་ངོ༌། །གསུམ་པ་དེ་རྣམས་ཀྱི་རྟགས་བཤད་པ་ལ་བཞི། ཁྲག་ཚབས་བཅུའི་རྟགས་བཤད་པ། རླུང་ཚབས་དྲུག་གི་རྟགས་བཤད་པ། སྐྲན་ནད་དགུའི་རྟགས་བཤད་པ། སྲིན་ནད་གཉིས་ཀྱི་རྟགས་བཤད་པ་དང་བཞི་ལས། དང་པོ་ཁྲག་ཚབས་བཅུའི་རྟགས་ནི། དང་པོ་ནི། སྙིང་གི་ཞེས་འབྲུ་བདུན་དང་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི་གློ་ཡི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྩེའུ་འགྲེང་ཞེས་པ། རྩེའུ་ཆུང་རེངས་ནས་རྐེ་འགྱུར་དཀའ་འོ། །གསུམ་པ་ནི་མཆིན་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི་མཆེར་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི་མཁྲིས་པའི་ཞེས་རྐང་པ་གཉིས་སོ། །དྲུག་པ་ནི་མཁལ་མའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདོམས་གཡའ་ཞེས་པ་འདོམས་ཟ་འཕྲུག་གཡའ་ཁོལ་བྱེད་པའོ། །བདུན་པ་ནི་རྒྱུ་མའི་ཞེས་རྐང་པ་གཅིག་གོ་ །བརྒྱད་པ་ནི་འོ་ཚབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དགུ་པ་ནི་ནུ་ཚབས་ཞེས་རྐང་པ་གཅིག་གོ་ །བཅུ་པ་ནི་ཁྲག་ཚབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་རླུང་ཚབས་དྲུག་བཤད་པ་ལ། དང་པོ་ནི་མགོ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་རླུང་ཚབས་དྲུག་བཤད་པ་ལ། དང་པོ་ནི། མགོ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་རླུང་ཚབས་དྲུག་བཤད་པ་ལ། དང་པོ་ནི། མགོ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་རུས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ།།

        གསུམ་པ་ནི་སྙིང་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི་མཁལ་མའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི་ཕོ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི་རྒྱུ་མའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསྡམས་ཤིང་ཟླ་མཚན་འབྱང་ཞེས་པ་བསྡམས་པ་ནི་རྒྱུ་ཞབས་བསྡམས་པའོ། །ཟླ་མཚན་འབྱང་བ་ནི་དུས་མེད་དུ་འབྱུང་བའོ། །གསུམ་པ་སྐྲན་ནད་དགུ་བཤད་པ་ལ་སོ་སོའི་རྟགས་དང་ཀུན་གྱི་སྤྱི་རྟགས་གཉིས་ལས། དང་པོ་ནི། མངལ་སྐྲན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མངལ་སྐྲན་ཆུ་བུར་ཅན་ཞེས་པ་མངལ་ལམ་ཆུ་སྐྲན་ཆུ་བུར་ལྟར་ཆགས་ཤིང་ཆུ་སེར་ཕྱིར་འདུས་པས་ཟླ་མཚན་ཆུ་སེར་དུ་འཛག་གོ །གཉིས་པ་ནི། ཁྲག་སྐྲན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཧྲེམ་པོ་ཞེས་པ་ནི་ཁྲག་རོ་འདྲིལ་བས་བུ་ཆགས་པ་ལྟར་ཧྲེམ་པའོ། །གསུམ་པ་ནི། ཤ་སྐྲན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བེམ་པོ་ཞེས་པ་ནི་མངལ་ཁ་འཆུས་ཏེ། དྭངས་མ་ཆུ་སེར་དུ་འཛག་ཚིགས་མ་ནང་དུ་འདྲིལ་བས་རྐེད་པ་ཆད་སྙམ་བྱེད་པའོ། །བཞི་པ་ནི། རྨེན་སྐྲན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བུ་མོ་གཞོན་ནུ་ཆགས་པ་སྤྱད་དྲགས་ནས་མངལ་འགྲམས་ནས་རྨེན་བུ་ལྟར་སྐྲན་ཆགས་པའོ། །ལྔ་པ་ནི། ཕོ་སྐྲན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ།

        རིམ་པ་ཞེས་པ་ནི། བུ་མོ་གཞོན་པ་སྐྱེས་པ་མང་པོ་ཕྲད་ནས་ཆགས་པ་སྤྱད་དྲགས་པས་མངལ་དུ་དྲེག་པ་ཆགས་པའོ། །དྲུག་པ་ནི། སྐྲན་རོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྲན་རོ་ནག་པོ་ནི་བུ་བཙས་རྗེས་ལ་ཁྲག་རོ་འདྲིལ་བའོ། །བདུན་པ་ནི། རྩ་སྐྲན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལིང་པ་ཞེས་པ་ནི་བུ་བཙས་པའི་རྗེས་རྩ་འགྲམས་ནས་རྩ་ལ་སྐྲན་ཆགས་པའོ། །བརྒྱད་པ་ནི། ས་བོན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ནི་སྐྱེས་པའི་ས་བོན་མངལ་དུ་འདྲིལ་བའོ། །དགུ་པ་ནི། ཁྲག་སྐྲན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་སྐྲན་ཟ་ཁུ་ནི་བུ་རོ་མངལ་དུ་ལུས་པས་སྲ་ལ་ཧྲེམ་བུ་མི་ཆགས་ཕོ་བ་སྦོ་འཁྲོག་བྱེད་པའོ། །གཉིས་པ་ཀུན་རྟགས་སྤྱིར་བསྟན་པ་ནི། ཀུན་ཀྱང་ཞེས་རྐང་པ་གཉིས་གྱིས་བསྟན་ནོ། །བཞི་པ་སྲིན་རྟགས་བཤད་པ་ལ་གཉིས་ལས། དང་པོ་ནི། མངལ་གྱི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི་ཁྲོས་པའི་ཞེས་རྐང་པ་བཞིས་བསྟན། བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རྩ་ནད་བཅོས་པ་དང༌། སྐྲན་ནད་བཅོས་པ་དང༌། སྲིན་བུའི་ནད་བཅོས་པ་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ། དང་པོ་རྩ་ནད་བཅོས་པ་ལ་གཉིས། སྤྱིའི་བཅོས་དང༌། བྱེ་བྲག་གི་བཅོས་གཉིས་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་ལ་ཁྲག་ཚབས་རླུང་ཚབས་གཉིས་ལས། དང་པོ་ཁྲག་ཚབས་ལ་བཅུ་ལས། དང་པོ་ནི། སྙིང་གི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་གི་ཁྲག་ཚབས་ལ་ཨ་རུ་རྒྱམ་ཚྭའི་ཐང་བཏང་ཞིང༌། གོང་གི་ལྟོ་གཤེར་འབྲིང་བོས་སྦྱངས། དེ་རྗེས་སྙིང་རྩ་རྩེའུ་ཆུང་ངམ་སྣོད་ཀ་གཏར། འབྲས་བུ་གསུམ་གྱི་སྨན་མར་སྦྱར། ཚིགས་པ་དྲུག་པ་བསྲེག་གོ་ །གཉིས་པ་ནི། གློ་ཚབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བདེ་བྱེད་འབྲིང་བོ་ནི་ཕྱི་རྒྱུད་ལྟར་རོ། །དམར་གསུམ་ནི་བཙོད་ཚོས་འབྲི་མོག་གསུམ་མོ། །གསུམ་པ་ནི། མཆིན་ཚབས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གུར་ཀུམ་བདུན་པ་ནི་ཕྱི་རྒྱུད་དུ་མཆིན་ཚད་སེལ་བ་ཞེས་པ་དེའོ། །བཞི་པ་ནི། མཆེར་ཚབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །སེ་འབྲུ་བརྒྱད་པ་ནི་ཕྱི་རྒྱུད་དུ་མ་ཞུ་གསར་རྙིང་འཇུ་ཞེས་པའོ། །ལྔ་པ་ནི། མཁྲིས་ཚབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཏིག་ཏ་བརྒྱད་པ་ནི་ཕྱི་རྒྱུད་ཕྱེ་མའི་ལེའུར། མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། ཞེས་པ་དེའོ། །དྲུག་པ་ནི། མཁལ་མའི་ཞེས་རྐང་པ་བཞིས་བསྟན་ཏེ། རྩ་བ་ལྔ་སྦྱར་ཞེས་པ་རྩ་བ་ལྔའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བར་བྱའོ། །བདུན་པ་ནི། རྒྱུ་ཞབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བདུད་རྩིའི་དུགས་ནི་བདུད་རྩི་ལྔའོ། །གཉན་མོའི་གློ་བ་ཞེས་པ་ནི། གཉན་གྱིས་རྭ་ཡིས་རིམས་ནད་སེལ། །ཞེས་པའི་རི་དྭགས་གཉན་མོའི་གློ་བའོ། །ལུགས་གཅིག་ལ་བ་དང་ཝ་མོའི་གློ་བ་ལ་བཞེད་པའང་འདུག་གོ་ །བརྒྱད་པ་ནི། འོ་ཚབས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དགུ་པ་ནི། ནུ་མའི་ཞེས་རྐང་པ་བཞིས་བསྟན་ཏེ། མཚལ་གྱི་ཉ་དགུས་མནན་པ་ནི། སྐྲངས་དང་གཟུགས་ཡོད་སར་མཚལ་གྱིས་ཡི་གེ་ཉ་ཞེས་པ་དགུ་བྲིས་ཏེ་མནན་ནོ། །འབྲུ་སྣའི་སྨན་མར་ཞེས་པར། རྫོང་འཕྲང་དུ། ནས་དཀར་དང་འབྲས་དང་སོ་བ་གསུམ་ཕུལ་དོ་དོ་སྦྲུས་ལ་བཅོས་པའི་ཁུ་བ་བྲེ་ཕྱེད་དོ་ལ་མར་བྲེ་ཕྱེད་ཀྱི་རྩིས་བཏབ། ཚ་བ་གསུམ། ཁ་རུ་ཚྭ་རྒྱམ་ཚྭ་རྣམས་ཐུན་ལོག་རེ་བཏབ་ལ་ཆུ་བཅད་དེ་སྦྲང་དང་བུ་རམ་དང་སྦྱར་ལ་བཏང་ཞེས་འབྱུང་ངོ༌། །རྒྱབ་རྩ་དྲུག་འདུས་ལ་གཏར་ག་བྱ།

        གཉིས་པ་རླུང་ཚབས་དྲུག་བཅོས་པའི། དང་པོ་ནི། མགོ་ཡིས་ཞེས་རྐང་པ་བཞིས་བསྟན་ཏེ། མགོ་ཡིས་རུས་ཁུ་དང༌། མགོ་ཤ་ཀླད་པ་ཞེས་པ་ལུག་གི་མགོ་རུས་ཤ་ཀླད་པའོ། །སྡུད་སྒོ་གསུམ་ནི། མཚོག་མའི་འདུས་སོ། སྤྱི་གཙུག ལྟག་པའི་སྡུད་ཁུང་གསུམ་སྟེང་དུ་བསྲེག་གོ །མགོ་བཅུད་ཅེས་པ་མགོ་ཁྲོལ་དང་འབྲས་བུའི་སྨན་མར་ནི་ཕྱིར་རྒྱུད་ལྟར་རོ། །གཉིས་པ་ནི། རུས་ཚབས་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། སྙིང་ཚབས་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཞི་པ་ནི། མཁལ་ཚབས་ཞེས་རྐང་པ་བཅུས་བསྟན་ཏེ། རྭ་ཚ་ཞེས་པ་ནི། ཚྭ་བཟོ་བདུད་རྩི་མེ་ལོང་དུ། །གཡག་རྒོད་ར་ལུག་གནའ་བའི་རྭ། །སེར་ཙམ་བསྲེག་པའི་ཕྱེ་མ་དང༌། །བྱང་ཚྭ་ལྷད་མེད་ཆ་མཉམ་པ། །རང་ནུབ་ཙམ་གྱི་བ་ཆུ་དང༌། །བརྒྱད་འགྱུར་ཆུར་སྐོལ་དཀྲུག་ཅིང་བཙོ། །དེ་ལ་རྒྱམ་ཚྭ་ཚ་ལ་དང༌། །བུལ་ཏོག་ཅུང་ཟད་ཁ་ཚར་བཏབ། །ཟན་ཙམ་འགྱུར་ཚེ་གོང་བུ་བྱ། །གནའ་རུ་སྲབ་མོའི་ནང་དུ་གཞུག །རྭ་རྩེས་ཁ་བཅད་མེ་མུར་དུ། །ཞག་གསུམ་སྦས་པ་རྭ་ཚྭའོ། །དེ་མ་འགྲུབ་ན་མགར་བ་ཡིས། །ཐོང་སོ་དར་བླུད་ཚ་ཞུན་ཀྱིས། །ཚབ་ནི་རུང་ཞེས་བླ་མས་གསུངས། །ཞེས་པ་དེའོ། །སྤོད་སྣ་ནི་ཚ་བ་གསུམ་ལ་ལ་ཕུད་འུ་སུ་རྣམས་སོ། །ལྔ་པ་ནི། ཕོ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སེ་འབྲུའི་ཅུར་ནི་ཞེས་པ་རྒྱུད་ཕྱི་མའི་སེ་འབྲུ་ལྔའོ། །འཕྱི་བ་གོང་མོ་བཏང་ཞེས་པའི་འཕྱི་བ་དང་གོང་མོའི་ཤ་བཏང་བའོ། །མདུན་རྒྱབ་མེས་མནན་པ་ནི། མདུན་གྱི་ཕོ་གསང་དང་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་བསྲེག་གོ་ སྒོག་སྐྱའི་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །དྲུག་པ་ནི། རྒྱུ་མའི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གཞག་ཤ། ཚིགས་འབྲག ཚིལ། ཞེས་པ་ཡང་འདུག་གོ་ །ཁྱེ་སུས་ཞེས་པ་ནི་ཉུང་ཤས་རིམ་གྱིས་བསྐྱེད་པའོ། །གཉིས་པ་སྐྲན་ནད་དགུ་བཅོས་པ་ནི། གཉིས་པ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། བྱིས་ས་ནི་བྱི་ཁུང་ཁ་ཤར་ལ་བསྟན་པའི་སའོ། །སེ་འབྲུ་ཅུར་ནི་དང༌། ཚ་བའི་རིལ་བུ་ནི་ཕྱི་རྒྱུད་ཕྱེ་མའི་ལེའུ་དང་ཐལ་སྨན་ལེའུ་ལྟར་རོ། རྗེས་ལ་པཉྩ་ཕ་ལའི་སྨན་མར་སྦྱར་ཞེས་པ་པཉྩ་ལྔ་དང༌། ཕ་ལ་བཟང་པོ་ལ་འཇུག་པས་བཟང་པོ་ལྔའི་སྨན་མར་ཏེ། ཕྱི་རྒྱུད་སྨན་མར་ལེའུར། སེ་འབྲུ་འུ་སུ་དོང་གྲ་ཙི་ཏྲ་ཀ། །པི་པི་ལིང་གི་མར་ལ་བུ་རམ་སྦྱར། །བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས། །སྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ། །མེ་དྲོད་བསྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད། །བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར། །ཞེས་པ་དེའོ། །བཤུལ་ཤ་བསྟན་ཞེས་པ་ནི་སྒལ་བའི་ཕྱིའི་བཤུལ་ཆེན་པོ་ཅན་བཤུལ་ཆགས་ཏེ་རྟ་བོང་རྨིག་ཟླུམ་གྱི་ཤའོ།།

        གསུམ་པ་སྲིན་བུའི་ནད་བཅོས་པ་ལ་གཉིས་ལས། དང་པོ་ནི། སྲིན་ལངས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དྲིལ་ཕྱི་ཞེས་པར་མཆན་བུ་ལ་ལར་སྐྱེས་པ་དར་མ་ལུས་རྔུལ་བའི་དྲེག་རིལ་བྱས་ལ་གཏང་ཟེར་ཡང་དོན་ལ་མི་འཐད་པ་འདྲ། འདིར་ནི་ཁྲུས་བྱས་སྣུམ་བྱུགས།  དེ་རྗེས་ཟན་ལ་སྤོད་བཏབ་པས་དྲིལ་ཞིང་ཕྱི་བའོ། །གཉིས་པ་ནི། སྲིན་ཁྲོས་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ནོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་ལྔ་པའོ་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།