ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011 |
མན་ངག་རྒྱུད། >> ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ། |
ལེའུ་དོན་བརྒྱད་པ་རྣམ་ཤེས་སྨྱོ་བྱེད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྣམ་ཤེས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྣམ་པར་ཤེས་པ་སྨྱོ་བར་བྱེད་པ་དེའི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང་བཅོས་ཐབས་དང་བཞིར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། ཡན་ལག་བརྒྱད་པ་ལས། དེ་ཡི་སྙིང་སྟོབས་ཞན་པ་ཡིས། །སྙིང་གི་ནད་ལ་གནོད་བྱ་སྟེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡིས་ལམ་བཀག་ནས། །སྨྱོ་བྱེད་དག་ནི་བསྐྱེད་པར་བྱེད། །དེ་ཡི་བློ་དང་རྣམ་ཤེས་དང༌། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ཁ་ལོ་སྒྱུར་པ་ནི། །མེད་པ་ལྟ་བུར་བཅོམས་པ་ནི། །ཀུན་ལ་བསམ་པ་མེད་པར་སྤྱོད། །ཅེས་གསུངས་ཤིང༌། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་ན་རྩའི་རྒྱལ་པོ་ཨ་ཝ་དྷུ་ཏིའ་རྟ་རྟ་ཙམ་གནས། དེའི་ཕྱོགས་བཞིའི་རྩ་འདབ་བཞི་དང་སྟེང་འོག་གི་དྷུ་ཏིའ་གཉིས་ཏེ་དྲུག་གི་ནང་སྟོང་པར་གནས་པ་ལ་སྟེང་ལྗང༌། འོག་སྔོ། ཤར་ནག ལྷོ་དམར། ནུབ་སེར། བྱང་དཀར་བར་གནས། དེ་ལ་ཤར་མདུན་གྱི་འདབ་མ་ལ་རྣ་བའི་རྣམ་པར་ཤེས་པ། ལྷོ་གཡས་ཀྱི་འདབ་མ་ལ་མིག་གི་རྣམ་པར་ཤེས་པ། ནུབ་རྒྱབ་ཀྱི་འདབ་མ་ལ་སྣའི་རྣམ་པར་ཤེས་པ། བྱང་གཡོན་གྱི་འདབ་མ་ལ་མིག་གི་རྣམ་པར་ཤེས་པ། ནུབ་རྒྱབ་ཀྱི་འདབ་མ་ལ་སྣའི་རྣམ་པར་ཤེས་པ། བྱང་གཡོན་གྱི་འདབ་མ་ལ་མིག་གི་རྣམ་པར་ཤེས་པ། སྟེང་གི་དྷུ་ཏིའ་ལ་ལུས་གྱི་རྣམ་པར་ཤེས་པ། འོག་གི་དྷུ་ཏིའ་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་རྣམ་ཤེས་ཚོགས་དྲུག་གནས་པ་ལས། མདུན་གྱི་འདབ་མ་ལ་བརྒྱུད་ནས་ནད་གདོན་ཞུགས་ཏེ་འོག་གི་དྷུ་ཏིའར་སོན་པ་ལ་དྲན་པ་ཉམས་ཏེ། ཤིང་རྟའི་ཁ་ལོ་སྒྱུར་མཁན་མེད་པ་བཞིན་ཤེས་པ་ཡན་པར་གྱུར་པ་ལས་བྱ་བ་ཅི་དགར་འཇུག་པར་བྱེད་པས་སྨྱོ་བར་གདགས་སོ། །ཞེས་གསུངས་སོ། །ལར་སེམས་ནི་ངོ་བོ་ཡོད་མེད་ལས་འདས་ཤིང་རྣམ་པ་སྣ་ཚོགས་འཆར་བའི་གོ་མ་འགགས་པས། ཁམས་རྣམས་དང་ཕྲད་པ་ལས་དུ་མར་སྣང་བ་སྟེ། འདིར་རིང་རྒྱུ་གཞན་གྱིས་སེམས་དཀྲུགས་པ་སོགས་དང་ཉེ་རྒྱུ་སྙིང་སྟོབས་ཞན་པ་དང༌། སློང་རྐྱེན་མྱ་ངན་སེམས་ལས་ཟས་སྤྱོད་མི་འཕྲོད་པ་གདོན་སོགས་ཀྱིས་ཉེས་པ་འཁྲུགས་ནས་རྣམ་ཤེས་རྒྱུ་བའི་བུ་ག་རྣམས་སུ་ཞུགས་པས་ཡིད་དེ་ལམ་ལོག་པར་ཞུགས་པའི་དབང་གིས་དྲན་པ་ཉམས་ཏེ་འབོགས་པའོ། །ཡང་ན་ཅི་བྱ་རྟོལ་མེད་པར་སྨྱོ་བར་འགྱུར་བའོ། །དེའི་ཕྱིར་རྟེན་འབྲེལ་ལུས་ལ་སྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་སྔགས་ལམ་གྱི་ཁྱད་ཆོས་སོ།།
གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དབྱེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་འདུས་པ་དང་དང༌། ཡིད་གདུང་བ་དང༌། དུག་དང༌། གདོན་ལས་གྱུར་པ་བདུན་དུ་དབྱེ་བའོ། །གསུམ་པ་དེ་རྣམས་ཀྱི་རྟགས་བཤད་པ་ལ་བདུན་ལས། དང་པོ་ནི། རླུང་གྱུར་ཞེས་འབྲུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། འདུས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། ཡིད་གདུང་ཞེས་རྐང་པ་གཅིག་སྟེ། བརྒྱད་པའི་སྙིང་པོ་བསྡུས་པར། ནོར་དང་ཆུང་མ་སོགས་བྲལ་བས། །གནག་དཀའ་བ་ལས་སེམས་གདུངས་པས། །སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། །ཀྱི་ཧུད་ཀྱི་ཧུད་སྨྲེ་སྔགས་འདོན། །གློ་བུར་དུ་ནི་ངུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུངས་སེམས་ཁོང་ཆུད། །གཉིད་ཀྱང་རྣམ་པར་འཁྱམས་པ་ཡིན། །ཞེས་གསུངས་སོ། །དྲུག་པ་ནི། དུག་གི་ཞེས་རྐང་པ་གཅིག་གོ བདུན་པ་ནི། གདོན་གྱུར་ཞེས་རྐང་པ་གཅིག་སྟེ། གང་གང་གནོད་སྤྱོད་བར་ཞེས་པ་ནི། གང་གནོད་པའི་གདོན་དེའི་སྤྱོད་པ་སྟོན་པར་འགྱུར་རོ། །བཞི་པ་བཅོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་དང་བྱེ་བྲག་གི་བཅོས་གཉིས་སོ།།
གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུས་བསྟན་ཏེ། དང་པོ་ཡིད་འཇུག་པའི་བུ་གའི་ལམ་བསལ་བའི་ཕྱིར་དུ། རླུང་ལ་བསྐུ་མཉེ། རུས་སྣའི་ལུམས། འཇམ་རྩི། བད་ཀན་ལ་སྐྱུགས། མཁྲིས་པ་ལ་འཁྲུས། ཁྲག་ལ་གཏར་བ་སོགས་ཉེས་པ་གང་ཤས་ཆེ་བ་དེའི་གཉེན་པོས་བུ་གའི་ཉེས་པ་སྦྱང་ངོ༌། །དགེ་བའི་སྨན་མར་གྱི་ཧ་རི་ནུ་ཀ་ནི་མ་ནུ་རྟ་སྐམ་དེ་ནུ་མ་འདྲ་བ་ལ་མཐེབ་ཆེན་ཙམ་ཁོང་སྤུ་ཡོད་པ་མདོག་དམར་བ་སྟེ། རྟ་སྐམ་རྟའི་ནུ་མ་འདྲ། །ཞེས་སོ། །ཐལ་ཏྲེས་ནི་བ་སྤྲུ་བ། པརྣི་ནི་གཉིས་ནི་སྐབས་འདིར་ཤིང་མངར་དང༌། ཤིང་མངར་གྱི་ལོ་མའོ། །གཞན་ཡང་ལོ་མའི་སྐད་དོད་ལ། པརྣི་ཞེས་འབྱུང་ངོ༌། །རྒྱ་སྤོས་ནི་སྔོ་རྒྱ་སྤོས་སོ། །ཤུག་པ་ནི་དྷེ་བ་ད་རུ་གཙང་ཤུག་གོ །ཙན་དན་ནི་བསྡུས་པར། ཙན་དན་དཀར་པོ་ཞོ་གཉིས་གཉིས། །ཞེས་འབྱུང་བས་ཙན་དན་དཀར་པོའོ། །སྨན་འདི་རྣམས་ཞོ་གཉིས་གཉིས་མར་རྙིང་གི་སྨན་མར་ཚུལ་བཞིན་བྱ་སྟེ་ཡོན་ཏན་ཤིན་ཏུ་མང་ངོ༌། །དེ་རྗེས་སྡིགས་པས་སྐྲག་སྟེ་ཡིད་ལམ་ལོག་པ་ནས་ཐོན་ཏེ་རང་གནས་སུ་འཇུག་པ་སྲིད་པས། བསྡུས་པར་ཡང༌། ལུས་ཀྱི་སྡུག་བསྔལ་འཇིག་པའམ། །སྲོག་གི་འཇིགས་པ་རབ་འཛིན་པས། །དེ་ཕྱིར་ཀུན་ཏུ་འཁྲུལ་བ་ཡིས། །ཉེ་བར་ཞི་བ་ཉིད་དུ་འགྱུར། །ཞེས་འབྱུང་ངོ༌། །གཉིས་པ་བྱེ་བྲག་སོ་སོར་བཅོས་པ་ལ་བདུན་ལས། དང་པོ་ནི། ཁྱད་པར་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། བཙན་དུག་གི་སྨན་མར་འདིའི་ལག་ལེན་ཞིབ་པར་ཁོ་བོས་བྲིས་པའི་ཕྱི་རྒྱུད་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ་དུ་ཤེས་པར་བྱའོ། །ཡང་ན་རྫོང་འཕྲང་དུ། བཙན་དུག་ཞོ་ཕྱེད་ཨ་རུ་ར་ཞོ་དོ་བུར་དཀར་ཞོ་བཞི་ཤིང་ཀུན་ཨ་རུ་ར་རྒྱམ་ཚྭ་ཐུན་རེ་རིལ་བུ་བྱས་ལ་པགས་ནད་བྲི་ལ་བཏང་ཞེས་འབྱུང་ངོ༌། །ཛཱ་ཏི་རུས་ཆེན་ཞེས་མི་རུས་ཀྱི་སྨན་མར་ཚུལ་བཞིན་སྦྱར་བ་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྙིང་རྩ་གཏར་བ་ནི་སྣོད་ཀ་དང་ཐོང་རྩའོ། །ཏིག་ཏའི་སྨན་མར་ནི་རྒྱུད་ཕྱི་མ་ལྟར་རོ། །རྔ་བྲན་ནི་བ་གླང་དང་རྟོལ་ཤའོ། །གསུམ་པ་ནི། བད་འགྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩུབ་པའི་ཟས་ནི་སྐམ་སའི་འབྲུ་རྙིང༌། སྦྲང་རྩི་གཡག་རྒོད་ཀྱི་ཤ་དང་གཅན་གཟན་དང་ཆུར་གནས་ཀྱི་ཤ་རྣམས་སོ། །བཞི་པ་ནི། འདུས་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། ཡིད་གདུང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ནོར་གཏམ་སྙན་གྲོགས་ཀྱིས་གསོ། །ཞེས་པར་རྫོང་འཕྲང་དུ། མྱ་ངན་ལ་ཆོས་བཤད་དོ་ཞེས་པས་ཆོས་ཀྱིས་གསོ་བ་ནི། གང་ཟག་དེའི་བློ་ཚོད་དང་སྦྱར་ཏེ། དབང་པོ་ཡང་རབ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པར་གདོད་མ་ནས་སྐྱེ་འགག་གསུམ་དང་བྲལ་བ་བདེ་སྡུག་སོགས་ཀྱི་གོལ་ས་མེད་པ་ནམ་མཁའ་ལྟ་བུའོ། །འོ་ན་སྐྱེ་འཇིག་སྣ་ཚོགས་པར་སྣང་བ་ཅི་ཞེ་ན། དེ་ནི་རང་གི་གཟུང་འཛིན་ལོག་ཤེས་ཀྱིས་བློས་བརྟགས་ཏེ་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུའོ། །དེ་ན་མདོ་ལས། ཆོས་རྣམས་ཐམས་ཅད་སྐྱེ་བ་དང༌། །འགགས་དང་གནས་པར་འགྱུར་བ་མེད། །བཏགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་དང་འཇིག་པར་སྣང་བ་ཡིན། །ཞེས་འབྱུང་ངོ༌། །གཞན་ཡང་ཇི་ལྟར་སྣང་བ་དེ་ལྟར་སྣང་བ་དེ་ལྟར་མ་གྲུབ་སྟེ་ནང་གི་མཚན་ཉིད་སྟོང་པ་དང༌། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་རོ། །སྟོང་པར་ཡང་མ་གྲུབ་སྟེ་སྒྲོ་སྐུར་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ།།
དེས་ན་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་དུ་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲ་ཡོངས་སུ་གཟུང་བར་བགྱིས། །ཞེས་དང༌། དེ་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགའ་ཅི་ཡོད་དགར་ཅི་ཡོད། །བདེ་དང་སྡུག་བསྔལ་གང་ལ་ཡིན། །གང་གི་བཀུར་བསྟི་བྱས་པ་དང༌། །བརྙས་པ་བྱས་པའང་ཅི་ཞིག་ཡོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཡིན་པས་གང་ཤར་ལྷུག་པ་བཟོ་མེད་རྩིས་གདབ་དང་བྲལ་བར་བཞག ཀྲིས་ཁྲིས་ན་རྒྱང་སྐྱུར། །ཏུག་ཐུག་ན་ལྷོད་གློད་སྟེ། ས་ར་ཧ་པས། འཇུར་བུས་བཅིངས་པའི་སེམས་འདི་ཉིད། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་མ་བཅོས་ཐ་མལ་གྱི་ཤེས་པ་ལྷན་ཅིག་སྐྱེས་པ་གཉུག་མ་ཕྱག་རྒྱ་ཆེན་པོའི་དོན་ནོ། །དབང་པོ་འབྲིང་གི་ཆོས་ཐམས་ཅད་བལྟོས་གྲུབ་རྟེན་འབྲེལ་ཙམ་ལས་རང་བཞིན་མ་གྲུབ་ཅིང༌། སྟོང་པ་རྟེན་འབྲེལ་དབྱེར་མེད་ཀྱི་ངེས་པས་ཟུང་འཇུག་སྒྱུ་མ་ལྟ་བུར་ཐམས་ཅད་རྐྱེན་སྐྱེས་ལྟར་སྣང་ཙམ་སྟེ། སྤྱོད་འཇུག་བཟོད་ལེར། ཉེས་པ་ཅི་སྙེད་ཐམས་ཅད་དང༌། སྡུག་བསྔལ་རྣམ་པ་སྣ་ཚོགས་དང༌། །དེ་ཀུན་རྐྱེན་གྱིས་སྟོབས་ལས་བྱུང༌། །རང་དབང་ཡོད་པ་མ་ཡིན་ནོ། །རྐྱེན་རྣམས་ཚོགས་ལ་དེ་དག་ཀྱང༌། །སྐྱེད་པར་བྱ་ཞེས་སེམས་པ་མེད། །དེས་བསྐྱེད་དེ་ཡང་བདག་བསྐྱེད་ཅེས། །སེམས་པ་ཡོད་པ་མ་ཡིན་ནོ།།
དེ་ཡང་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་གིས་སྟོང་ཉིད་ཤེས་དེས་ཆོས་ཤེས་པའོ། །ཞེས་སོ། །གཞན་ཡང་གང་གདུང་ཡུལ་དེའི་ལུས་ནི་རྡུལ་ཕྲན་ཆ་མེད། སེམས་ནི་སྐད་ཅིག་ཆ་མེད་རྫས་དངོས་ནི་སུའི་ཡང་མིན། རང་མྱ་ངན་གྱིས་སེམས་ཀྱང་བདག་དང་བདག་གི་དང་དངོས་པོར་མ་གྲུབ་པས། ཡང་དག་པར་བདག་གཞན་སྡུག་བསྔལ་གྱི་ཡུལ་དང་ཡུལ་ཅན་མ་གྲུབ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་སྙིང་རྗེས་ཞི་ལ་མི་གནས། གནས་ཚུལ་ཤེས་པས་སྲིད་ལ་མི་གནས་པར་བརྡ་སྤྲད། ཡང་ཐམས་ཅད་ལྷ་དང་སྔགས་ཀྱི་ངོ་བོར་གནས་པས་དངོས་པོ་རང་རྒྱུད་པ་མེད་པར་ཤེས་པར་བྱ། སྣང་སྲིད་ཐམས་ཅད་ལྷའི་རོལ་བ་སྒྲ་ཐམས་ཅད་སྔགས། རྟོག་ཚོགས་ཆོས་ཉིད་ནོར་རྫས་ཐམས་ཅད་མཆོད་པའི་ཚུལ་དུ་ཤེས་པར་བྱའོ། །འབྲིང་གིས་སྐྱེ་འགྲོ་ཐམས་ཅད་ཚེ་རབས་ནས་ཕ་མ་བུ་ཚ་ཤ་སྟག་ཡིན་པ་ལ་དེ་ལྟར་མ་ཤེས་པར་དངོས་འཛིན་གྱིས་སྨྱོ་བ་འདི་རྣམས་ལ་སླར་ཁྲོ་བ་དང༌། གཅིག་ལ་ལྷག་པར་དུང་བར་མི་བྱ། ཐམས་ཅད་སྔོན་ལས་ཀྱིས་བགོ་སྐལ་ལ་སྤྱོད་པས་རྒྱུ་དགེ་བ་མ་བསགས་ན་འབྲས་བུ་བདེ་བ་འབྱུང་བ་དཀའ། བདག་གི་ལས་ངན་སྦྱང་དོན་དུ་འདི་བྱུང་བ་ཡིན་པས་སེམས་ཅན་གྱིས་སྡུག་བསྔལ་འདིས་གོ་ཆོད་པར་གྱུར་ཅིག བདག་བདེ་གཞན་ལ་སྨིན་པར་གྱུར་ཅིག གཞན་གྱིས་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་བསམ་མོ། །ཐ་མས་འདུས་པ་ལས་སྐྱེས་པའི་མཐའ་ནི་འཆི་བ་སྟེ། འདུས་པའི་མཐའ་ནི་འབྲལ་བ་ཡིན། །མཐོན་པོའི་མཐའ་ནི་ལྷུང་བ་སྟེ། །བསགས་པའི་མཐའ་ནི་འཛད་པ་ཡིན། །ཞེས་པས་དུས་ཀྱི་ཆོས་ཉིད་སུས་ཀྱང་འགོག་མི་ནུས། བདག་གཅིག་པུ་ལ་མ་ཡིན་ཐམས་ཅད་འདི་ལས་མ་འདས་སྙམ་དུ་བསམ། ལར་འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་བའོ། །ཞེས་དེ་བཞིན་གཤེགས་པས་གསུངས་པའི་ངེས་པ་འགོད་པར་བྱའོ། །གཞན་ཡང་ངོ་ཚ་དང་ཁྲེལ་བསྲུང་བ་ང་རྒྱལ་སྙིང་སྟོབས་བསྐྱེད། ལེགས་ཕྱོགས་ལ་བསམ། སྡུག་བསྔལ་མི་བྱེད་སྙམ་པའི་ཞེ་བཅད་བྱའོ། །དེ་ལྟར་དབང་བོ་དང་འཚམ་པའི་ཆོས་བཤད། ནོར་དང་ལོངས་སྤྱོད་སྟེར། དེའི་ཡིད་དང་མཐུན་པའི་གཏམ་སྙམ་པོ་བརྗོད། མྱ་ངན་སངས་ནུས་པའི་གྲོགས་བསྟེན་པ་སོགས་ཀྱིས་ཡིད་གདུང་གསོ་བར་བྱའོ།།
འདི་ལ་བསྡུས་པར། དེ་ལ་ཆོས་དང་ནོར་ལྡན་པའི། །གཏམ་དང་མཛའ་བོས་སེམས་དགའ་བྱ། །ཡང་ན་སྡུག་པ་དང་འབྲེལ་བའམ། །སྨད་དུ་བྱུང་བས་གསོ་བར་བྱ། །ཞེས་དང༌། སྡུག་དང་ནོར་དང་བྲལ་བ་ལས། །གང་གི་ཡིད་ལ་གནོད་གྱུར་པ། །དེ་ལ་དེ་འདྲ་རྙེད་འགྱུར་བས་སོ། །སྤྲོ་བསྲིང་དབུགས་དབྱུང་བ་ཡིས་གསོ། དྲུག་པ་ནི་དུག་ལ་ཞེས་རྐང་པ་གཅིག་སྟེ། དཔའ་སེར་ཞེས་པ། དཔའ་བོ་དཀར་པོ་སེར་པོ་དཔའ་རྒོད་གསུམ་ཡོད་པ་ལས། སེར་པོ་ལ་འཁྲུངས་དཔེར། དཔའ་བོ་སེར་པོ་ཞེས་བྱ་བ། །ས་གཞི་འབོལ་བའི་ས་ལ་སྐྱེ། །ལོ་མ་སྡོང་པོ་བ་སྤྲུ་འདྲ། །མེ་ཏོག་སེར་པོ་ཆུང་བ་སྟེ། །རྩ་བ་ཁོང་སྟོང་ཁ་དོག་སེར། །རོ་ནི་ཁ་ལ་བསིལ་བ་ཡིན། །རང་གི་ནུས་པས་དུག་རྣམས་འཇོམས། །ཞེས་པ་དེའོ། །བོང་ང་དཀར་དམར་ཞེས་པ། དཀར་པོ་དངོས་དང་དམར་པོ་མོན་ནས་ཡོང་བ་རྡོག་མ་བོང་དཀར་ལས་ཆེ་བ་མདོག་དམར་པོ་རོ་ཁ་བ་དེའོ། །རྩད་ནི་སུ་མི་སྨན་ཞེས་པ་དེ་ལ་དཀར་སེར་དམར་གསུམ་ལས་སྐབས་འདིར་སེར་པོ་སྔགས་ཞེས་བླ་མས་གསུངས་ཀྱང༌། རང་ལུགས་ནི། རྩད་རྩོད་པ་ཞེས་འབོད་པ་དེའོ། །རེ་རལ་རིགས་རྒྱལ་པོ་རེ་རལ། བློན་པོ་རེ་རལ། བཙུན་མོ་རེ་རལ་དང་གསུམ་ལས། འདིར་བློན་པོ་རེ་རལ། གཙང་ལག ཧ་འབགས་པ། བེ་ལ་ཞོན་པའི་བཙུན་ཆུང༌། བེ་ལྗང་བདུད་རྩི་ཞེས་པ་བེ་སྡོང་ལ་སྐྱེས་པ་ལ་ཞེས་པ་དེའོ། །བདུན་པ་ནི། གདོན་གྱུར་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། བདུག་པའི་སྨན་འདི་དང་གདོན་རྒྱལ་པོ་ཤས་ཆེ་བས་དེའི་བཅོས་བྱ་དགོས་སོ། །གཞན་ཡང་མི་འབྱུང་བའི་མཚན་མ་དང་བྱུང་བ་སོས་པའི་མཚན་མ་ནི། ཡན་ལག་བརྒྱད་པར། གང་ཞིག་ཤ་དང་ཆང་སྤང་ཞིང༌། །ཕན་ལ་བརྩོན་ཞིང་གཙང་སྦྲ་ཆེ། །སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་བུར་སྨྱོ་བྱེད་འབྱུང་མི་འགྱུར། །དབང་པོའི་དོན་ནི་གསལ་བ་དང༌། །དེ་བཞིན་བློ་དང་ཡིད་གསལ་བ། །ལུས་ཟུངས་ཐ་མལ་བར་གནས་པ། །སྨྱོ་བྱེད་དང་བྲལ་མཚན་མ་ཡིན། །ཞེས་བྱུང་ངོ༌། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་བརྒྱད་པའོ་ཞེས་པས་བསྟན་ནོ།།
མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:45 PM
<< སྔ་མ།