སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.02.2011
མན་ངག་རྒྱུད། >> ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ།



ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །མོ་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་ནད་གསོ་བའི་སྐབས་ལ་བསླབ་པ་ནི།།

དུག་གསུམ་འབྱུང་བ་བཞི་ལས་གྲུབ་པའི་ལུས། །སྔོན་ལས་འདོད་ཆགས་དབང་གིས་ཕོ་མོར་སྣང༌། །བསོད་ནམས་དམན་པས་ཟ་མ་མོ་ལུས་ཐོབ། །ནུ་མ་མངལ་དང་ཟླ་མཚན་ཁྱད་པར་ལྷག །ལུས་ཟུངས་ཕྱི་མ་ཁུ་བ་དཀར་དམར་གཉིས། །ཟླ་མཚན་དམར་པོ་བཅུ་གཉིས་ལོན་ནས་འཛག །མངལ་ནང་ཁུ་བ་འཛིན་ཞིང་ཤ་ལུས་སྐྱེད། །དཀར་པོ་ནུ་མ་ལ་རྒྱས་གསོས་སུ་འགྱུར། །དེ་ལ་སྔོན་ལས་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང༌། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང༌། །ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་འགྱུར། །སྐྱེ་བ་དམན་ཕྱིར་བུད་མེད་ལུས་ལ་ལྷག །དེ་ཡང་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །མོ་ནད་སྤྱི་ལ་དབྱེ་བ་དེ་ཡི་རྒྱུ། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

དབྱེ་བ་ཁྲག་ཚབས་རླུང་ཚབས་རྣམ་པ་གཉིས།།
དེ་རྒྱུ་དང་པོ་ཟླ་མཚན་ལས་བྱུང་ཕྱིར། །གསར་པའི་དུས་ན་ཁྲག་ཚབས་ཞེས་བྱ་སྟེ། །རྙིངས་ནས་རླུང་དང་བསྡོངས་པས་རླུང་ཚབས་སོ།།

དེ་རྟགས་ཁྲག་ཚབས་སྤྱི་ཡི་མཚན་ཉིད་ནི། །རྐེད་སོ་མན་ཆད་རུས་པ་འཁོལ་ཞིང་ན། །རྒྱུ་ཞབས་ཚ་འབྲབ་རོ་རྒྱབ་མཆིན་དྲི་གཟེར། །རྩ་རྣམས་ཚ་འཁྱུག་ཤུ་བ་འབྲུམ་ཕྲན་འོང༌། །མངལ་ཁྲག་འཛག་གམ་འཁྱིལ་དང་རྣག་ཏུ་འགྱུར། །རླུང་ཚབས་རུས་པ་འཁོལ་ཞིང་སྙིང་མི་བདེ། །མགོ་འཁོར་མགོ་ཡི་རུས་པ་གྲང་བསིལ་བྱེད། །ལུས་ཀུན་གྲང་ཞིང་ཤ་མཐོང་བར་དུ་ན། །ཤ་རྣམས་གཡོ་ཞིང་སྦོ་ལ་སྦྲིད་པ་དང༌། །མིག་འགྲིབ་སྨྱོ་འམ་འབོག་གམ་བརྗེད་པ་ངས། །ཆུ་སོ་རྒྱུ་ཞབས་བསྡམ་ཞིང་ཟ་ཁུར་འབབ། །ཟླ་མཚན་མི་ཆོད་རྒྱུན་དུ་འབྱང་བར་བྱེད།།

བཅོས་པའི་ཐབས་ལ་ཁྲུས་གཤེར་བཅུད་གཤེར་གཉིས། །དེ་ལ་ཁྲག་ཚབས་ཁྲུས་གཤེར་དག་གིས་བཅོས། །ཁྲུས་གཤེར་ལ་ཡང་ལྟོ་གཤེར་རྩ་གཤེར་གཉིས། །ལྟོ་གཤེར་ལ་ཡང་ཆེན་པོ་ཆུང་ངུ་གཉིས། །རྩ་གཤེར་ནང་དང་ཕྱི་རུ་ཤེས་པར་བྱ། །དང་པོ་ཁྲུས་གཤེར་ཁྲུས་དང་སྣུམ་འཆོས་བྱ། །དངོས་གཞི་ཧ་རི་ཏ་ཀ་ཞིམ་ཤིང་དང༌། །དྭ་ཚ་སོ་སོར་བསྐོལ་ཏེ་གྲང་ནས་བསྲེ། །སྒེ་གཤེར་ཤིང་ཚ་འོལ་མོ་ཁྲོན་བུ་དང་། །རྒྱམ་ཚྭ་ཏྲི་བྱི་ཏ་རྣམས་ཁ་ཚར་གདབ། །སློང་དང་སྦྱོང་བྱེད་གཉིས་སུ་བཅད་ལ་བཏང༌། །ལྟོ་གཤེར་ཆུང་ངུ་ག་བྷ་ཙཎྜ་ལི། །ཏྲི་བྱི་ཏ་དང་ཧ་རི་ཏ་ཀ་དང༌། །ཤིང་ཚ་རྒྱམ་ཚྭ་སྒེ་གཤེར་ཆ་མཉམ་སྟེ། །ཞིབ་བཏགས་ཞིམ་ཤིང་བསྡུས་ཁུར་བཏབ་ལ་བཏང་། །ལྕག་དང་ལོག་གནོན་རྗེས་གཅོད་སྤྱི་དང་མཐུན། །ཟླ་མཚན་འཁྱིལ་དང་མངལ་སྐྲན་བུ་རོ་རྣག །ཁྲག་ཚབས་མ་ལུས་མངལ་སྐྱོན་སྦྱོང་བར་བྱེད། །རྩ་གཤེར་སྔོན་འགྲོ་སྒེ་གཤེར་ཐང་བཏང་ཞིང་། །མེ་ཏོག་གྲོག་ཞིང་འབའ་ཆ་བྱ་བྲ་རྣམས། །གང་རུང་ཆང་བཙོས་ན་ས་རྒྱུ་ཞབས་བདུག །ཁྲུས་དང་བསྐུ་མཉེ་བྱས་རྗེས་བྱང་པ་དང༌། །གསེར་གྱི་བྱེ་མ་ཤིང་ཚ་སུག་སྨེལ་དང༌། །དཀར་རྩི་མཐིང་ཤུན་ལོ་བརྒྱད་ཆུ་ལ་བསྐྱོན། །བྱ་ཐབས་ལག་ལེན་རྩ་སྦྱོང་སྤྱི་དང་མཐུན། །ཕྱི་ཡི་རྩ་གཤེར་ཆེ་འབྲིང་ཆུང་གསུམ་ལས། །ཆེན་པོ་རྒྱ་ཚྭ་ཤིང་ཚ་ཁ་རུ་ཚྭ། །བསེ་རུ་རྒྱ་རུ་གཙོད་རུ་ཤ་བའི་རུ། །དནྡ་དུར་བྱིད་དེ་བ་དཱ་རུ་དང༌། །ད་བྱིད་བྱ་མ་བྱི་ཡི་མཇུག་སྒྲོ་ཕབས། །སུག་སྨེལ་རྡོ་དྲེག་དུད་པ་བུལ་ཏོག་རྣམས། །བུར་སྨུག་སྦྱར་བའི་རིལ་བུ་མངལ་དུ་བསྐྱལ། །འབྲིང་པོ་སུག་སྨེལ་རྒྱ་ཚྭ་ཚ་བ་གསུམ། །དནྡ་དུར་བྱིད་ཡ་བཀྵ་ར་ཕབས། །བ་སྤྲུ་ཤུག་ཚེར་སྦྲང་དང་བུ་རམ་སྦྱར། །ཆུང་བ་གུར་གུམ་རྒྱ་ཚྭ་སུག་སྨེལ་དང་། །བྱང་པ་དུར་བྱིད་བུལ་ཏོག་བུ་རམ་སྦྱར། །རིལ་བུའམ་ཁུ་བ་མངལ་དུ་གཅེ་འུས་བསྐྱལ། །རྒྱུ་ཞབས་དུགས་ཀྱིས་བསྲོ་ཞིང་ལག་པས་མཉེ། །ཟུག་ལངས་མི་དངང་འགོར་ན་གཅེ་འུས་དྲང༌། །མངལ་ཁྲག་འཁྱིམས་དང་མངལ་སྐྲན་བུ་རོ་ལུས། །མངལ་ནད་ཁྲག་ཚབས་མ་ལུས་སྦྱོང་བར་བྱེད། །གཉིས་པ་རླུང་ཚབས་བཅུད་གཤེར་དག་གིས་བཅོས། །དེ་ལ་ཤ་བཅུད་ཆང་བཅུད་སྨན་བཅུད་གསུམ།  །ཤ་བཅུད་སྦྱར་ཐབས་ལུག་ཐུག་ཚོན་པོ་ཡི། །གློ་སྙིང་མཆིན་མཆེར་མཁལ་མ་ལྟོ་ཚིལ་གཞང༌།  །ལྕེ་དང་ཨོལ་བ་རྨེན་བུ་ནམ་ཚོང་བྲང༌། །ལྟག་པ་གུང་རྩིབ་མཇུག་ཐུང་རླིག་པ་མིག །འབྲག་དང་རྐང་བཞག་ཉྭ་གཞི་ཞིབ་བརྡུངས་ལ། །འབྲི་མར་རྙིང་པ་ཕུལ་དོ་ལུང་རྡོར་བསྐོལ། །ཁོལ་དུས་ཤ་རྣམས་བཏབ་ལ་སྣར་ཙམ་བཙོ། །དེ་ནས་གར་ཆང་ཕུལ་དོ་ཚ་བ་གསུམ། །ཤིང་ཀུན་ཆུ་དང་ཆུ་མ་འདྲེས་པའི་ཁྲག །རིམ་པས་གཅིག་ཁོལ་གཅིག་བླུག་དཀྲུག་ཅིང་བཙོ། །དེ་ཉིད་ཤ་སྤྱི་བསྲེས་ཏེ་ཚ་བར་བྱས། །སུམ་ཡར་བསྟེན་ཞིང་སྐོམ་དུ་གར་ཆང་བླུད། །ལུས་གྲང་བསེར་བུ་མི་བཏང་རླུང་ཚབས་འདོན། །ཆང་བཅུད་སྦྲང་དང་བུ་རམ་གཟེ་མའི་ཆང༌། །མར་ཆང་རུས་ཆང་ལྔ་ཡིས་རླུང་ཚབས་སེལ། །སྨན་བཅུད་ལ་ནི་ཁྲག་བཅུད་མར་བཅུད་གཉིས། །ཁྲག་བཅུད་སྦྱོར་བ་གནག་ལུག་ཤ་བ་ཡི། །ཤ་ཚིལ་ཁྲག་དང་རུས་ཁུ་བསྲེས་པ་ལ། །ཤིང་ཚ་བཏབ་བསྐོལ་ཕོག་སྟེ་གྲང་པ་དང༌། །སྨྱུག་ཤུན་ལྕུམ་རྩ་རྒྱམ་ཚྭ་ཚ་བ་གསུམ། །བཏབ་སྟེ་འཇམ་བསྲོས་ཁྱེའུ་སུས་བསྟེན་པར་བྱ། །ཡང་ན་བོང་ཁྲག་ཆུ་མ་ཕོག་པའི་ནང༌། །ཤིང་ཚ་སུག་སྨེལ་སླེ་ཏྲེས་སྲ་འབྲས་སྲིན། །རྒྱམ་ཚྭ་ལྕུམ་རྩ་བཏབ་དཀྲུགས་ཁོལ་བ་དང༌། །རུས་ཁུ་བླུག་བཙོས་ཁྱེའུ་སུས་ཁྱོར་རེ་བསྟེན། །མར་བཅུད་རྩ་བ་ལྔ་ཡི་སྨན་མར་ལ། །སྦྲང་དང་བུ་རམ་ཁ་ཚར་སྨན་མར་སྦྱར། །ཐོ་རངས་ཕྱི་དྲོ་བསྟེན་པས་རླུང་ཚབས་འདོན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་གཙོ་བོ་སྤྱི་བཅོས་ཀྱི་ལེའུ་སྟེ་བདུན་ཅུ་རྩ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།