སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གདོན་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་།

སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གདོན་ལ་འབྱུང་པོའི་གདོན་དང་སྨྱོ་བྱེད་དང༌། །བརྗེད་བྱེད་གཟའ་དང་ཀླུ་གདོན་རྣམ་ལྔར་བཤད། །འབྱུང་པོའི་གདོན་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་ལྔ་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་སྡིག་པ་མི་དགེའི་ལས་མང་སྤྱད། །གྲོགས་མེད་ཡ་ང་གཅིག་བུར་བསྡད་པ་དང༌། །ཡ་ག་ཅན་ལའཇིག་རྟེན་དྲེགས་པ་ཅན་དང་ཐབ་ཞོབ་འམ་མི་གཙང་བས་འབགས་པ་གནོད་པ་ཁྱད་གསོད་ཀྱིས་གཙེས་པ་བཙན་གྱིས་བརྙས་པ་དང༌། །དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ཡུལ་ལྷ་སོགས་མཆོད་འོས་རྣམས་ཀྱི་མཆོད་པ་ཆག་པ་དང་ཡན་ལག་བརྒྱད་པར། དེ་ཡི་རྒྱུ་ནི་འཕྲལ་ལལམ་ནི། །སྔོན་ཆད་ཤེས་རབ་འཆལ་པ་ཡི། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡིས་ཆགས་པ་སོགས་སྐྱེས་ནས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང་། །གཞུང་ལུགས་ཉམས་པ་དེ་དག་ནི། །སྡིག་དང་བདག་ནི་གསོད་བྱེད་ན། །གདོན་ནི་རླགས་སྐབས་འཚོལ་བྱེད་པས། །ལྷ་ལ་སོགས་པས་རྗེས་གནོན་བྱེད། །ཅེས་གསུངས་སོ། །སེམས་མྱ་ངན་གྱིས་གདུངས་ལ་སོགས།  སྤྱོད་པ་རྩིང་པོས་མི་འཚམས་ཡན་ལག་བརྒྱད་པར། །གཅེར་བུར་རྒྱུའམ་བླ་མར་སྨོད། །ཁྲིམས་ཀྱི་ཚུལ་མིན་སྤྱོད་པ་དང་། །གཙང་སྦྲ་མེད་པ་ལྷ་མཆོད་དང་། །མི་གཙང་གཞན་དང་འདྲེས་པ་དང་། །སྦྱིན་སྲེག་སྔགས་རྟོག་མཆོད་སྦྱིན་རྣམས་། །ཕྱིན་ཅི་ལོག་ཏུ་བྱེད་པ་དང་། །མདོར་ན་ཉིད་རེ་སྤྱོད་སོགས་པར། །སྤྱོད་པ་བསྟན་ལས་ཟློག་པའོ། །ཞེས་སོ། །ལུས་ངག་འགལ་ལས་འཇུག་པར་འགྱུར།།

སྤྱི་དོན་གཉིས་པ་མཚན་ཉིད་འབྱུང་པོ་མི་མ་ཡིན་ལ་སོགས། །ལུས་ངག་ཡིད་ལ་ཞུགས་ནས་སྤྱོད་པ་སྒྱུར།།

སྤྱི་དོན་གསུམ་པ་དབྱེ་བ་ལྷ་དང་ལྷ་མིན་དྲི་ཟ་ཀླུ། །གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང༌། །ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེང་བྱེད་དང༌། །རོ་ལངས་མཚུན་ལྷ་ཕ་མས་སྤུན་གྲོགས་ཤི་བར་རྫུས་པ་བླ་མ་དྲང་སྲོང་རྒན། །རིག་འཛིན་གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དོ།།

སྤྱི་དོན་བཞི་བ་དེ་རྟགས་དང་པོ་སྤྱིར་སྔར་བས་དད་དང་ཤེས་པ་དང༌། །ལུས་ངག་ཡིད་སྤྱོད་འགྱུར་ཞིང་དེ་སྤྱོད་བྱེད་ཡན་ལག་བརྒྱད་པར། ཤེས་དང་རྣམ་ཤེས་ཚིག་དང་ནི། །སྤྱོད་དང་སྙིང་སྟོབས་རང་བཞིན་གང་། །གང་གི་རང་བཞིན་འགྱུར་བ་སྣང་། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། །ཅེས་སོ།  །དོན་མེད་བློ་སེམས་མི་བདེ་སྤྲོ་ཐུང་ཤེས་པ་འཕྱོ། །གཉིས་པ་ཁྱད་པར་དཱེ་ཝ་ལྷ་གདོན་སཾ་ཀྲྀ་ཏ་ལེགས་པར་སྦྱར་བ་སྐད་སྨྲ། །ཚིག་སྙན་གཉིད་ཆུང་བཞིན་ལེགས་གཙང་སྦྲ་ཆེ། །ཨ་བ་ར་ལྷ་མིན་ཡན་ལག་བརྒྱད་པར། ལྷ་མིན་ཡོན་པོར་ལྟ་ཞིང་བཞིན་ངན་ཞེས། །ཞེས་སོ། ཤ་ཆང་ལ་དད་མིག་ཟུར་བལྟ། །ཁྲོ་གཏུམ་ང་རྒྱལ་ཆེ་ཞིང་ཁྲོ་ཞིང་རྩོལ་བ་ཆེ་བ་དང་། ཞེས་སོ། །བབ་ཆོལ་མང༌། །གནྡྷརྡྷ་དྲི་ཟ་བཅུ་གཅིག་དང་བཅུ་དགུ་ལ་འཛིན་སྒེག་ཅིང་དྲི་ཞིམ་རང་ལ་མགུ། །གླུ་གར་རྩེད་འཇོ་ལ་དགའ་རྒྱན་དམར་གོས་ཕྲེང་བྱུགས་པ་དམར་པོ་ལ་སྲེད་ཞེས་པ་འདོད། །ནཱ་ག་ཀླུ་གདོན་མདངས་ལྡན་མིག་དམར་འབུར་ཚུགས་བལྟ།།དཀར་དང་དམར་འདོད་ལྕེ་མྱུལ་ཁ་བུབ་ཉལ། །ཡཀྵ་གནོད་སྦྱིན་པ་སྟེར་གཏེར་ལ་དགའ་ཞིང་གསང་གཏམ་སྨྲ། །སྨན་པ་བྲམ་ཟེ་ལ་སྡང་ཉ་ལ་སྲེད། །བྲཧྨ་ཚངས་པ་ཀྱེ་ཞེས་འབོད་ཅིང་བསྟན་བཅོས་འདོན། །རྡོ་ཤིང་ལ་སོགས་རང་ལ་བརྡེག་གཞན་ལ་འཛིང་ཚུལ་གཤེ་ཞིང་དགོད་ལ་དགའ། །རཀྴ་སྲིན་པོ་སྟོབས་ལྡན་ཚིགས་རྩུབ་ཤ་ཁྲག་སོགས་དམར་ལ་རྩི། །བི་ཤ་ཙི་ཤ་ཟ་ངོ་གནོང་གདོང་ནི་སྣུམ་པ་དང་ཞེས་སྐད་དམའ་སྐབས་སུ་འབོག །དོན་མེད་ངུ་ཞིང་ས་འབྲད་འབྲེལ་མེད་སྨྲ། །པྲི་ཏ་ཡི་དྭགས་ལུས་སེམས་ས་བླག་འཕྲ་ཟས་སྐོམས་ལ་གདུངས་པས་ཡི་དྭགས་སྤྱོད་ཚུལ་བྱེད་པ་སྟེ། །མི་འམ་ཅི་འདར་འཇིགས་ཤིང་ཟས་མི་འདོད། །གྲུལ་བུམ་ངོ་ནག་དལ་འགྲོ་རླིག་པ་སྐྲངས། །བྱད་སྟེམས་ཤིང་འཛིན་ཤིང་དང་བོང་བ་སོགས་ཐོགས་ཤིང་ཞེས་གཅེར་རྒྱུག་གནས་སྟོང་འདུག །ཙ་ན་ཀ་ར་གཡེང་བྱེད་ཆུ་འདོད་དངང་ཚིག་ཡི་དྭགས་ལ་ལ་མེད་ཚིག་རྩུབ་སྨྲ་བར་ཤེས་པར་བྱ་ཞེས་སོ་ཟས་མི་འདོད། །རོ་ལངས་བདེན་སྨྲ་གཉིད་ཆེ་རྒྱན་དགའ་འདར།  །མཚུན་ལྷ་ཡན་ལག་བརྒྱད་པར། །ཡི་དྭགས་མཚུན་ལྷའི་གདོན་གྱི་རྟགས། །ཞེས་གསུངས་པས་ཡི་དྭགས་ཕ་མ་མེས་པོ་ཤི་བ་དེར་རྫུས་ཤིང་དུར་དུ་གནས་པ་དང་། ཤི་བ་དེ་ཉིད་ཀྱི་རྟགས་ཆ་ལུགས་གཟུང་ནས་ཉེ་འབྲེལ་ལ་བབ་པ་མཚུན་ལྷའམ་ཤི་དངོས་ཞེས་བྱའོ། ཁ་སྐམ་མིག་འཛུམ་གཡོན་གོས་གོན་གཡོན་ངོས་ནས་ནི་གོས་གྱོན་ཅིང་ཞེས་པའོ། །གུ་རུ་བླ་མ་ལྷའི་བླ་མ་ལྟ་བུ་རིཥི་དྲང་སྲོང་པྲྀ་ཏ་རྒན་པོ་དམོད་པ་ལ་དབང་བ་དེའོ་ལྷ་སོགས་སེངྔྷ་གྲུབ་པ་རིགས་སྔགས་འཆང་བ་བཞི། །གནོད་པའི་རྟགས་ནི་རང་རང་སྤྱོད་ལམ་དང་ཁ་ཟས་སོགས་གང་དང་གང་ལ་དེ་དང་དེ་ལ་མཐུན་པར་ཡན་ལག་བརྒྱད་པར། བླ་མ་དྲ་སྲོལ་རྒན་དང་གྲུབ། །དམོད་པ་སེམས་ཀྱི་རྗེས་མཐུན་པའི། །སྤྱོད་ལམ་ཁ་ཟས་རང་བཞིན་ལས། །ཇི་འདྲ་གདོན་ནི་དེ་ཡིན་བཤད། །ཅེས་སོ།།། །གདོན་དེ་དག་གང་ཡང་བྱིས་པ་གཞོན་ནུའི་ཚོ་བ་རྗེས་ཡིན་ཞིང་ཞེས་དང་འགྲོགས་པ་དངགཅེར་བུར་འབུད་པ་དང་། །སྐྲ་བརྫེས་པ་དང་བློ་སེམས་མི་བདེ་བ་དང་ཡུན་རིང་སོང་བ་རྣམས་གསོར་མི་བཏུབ་པས་སྤང༌།།

སྤྱི་དོན་ལྔ་བ་བཅོས་ཐབས་ཁྲོ་བའི་སྔགས་བཟླས་གཏོར་མ་སྦྱིན་པ་དང་ཞི་བ་དང་དྲག་པོའི་སྦྱིན་སྲེག་དང༌། །རྒྱལ་བའི་གསུང་རབ་ཀློག་འདོན་སེམས་སྤྲོས་པ་དང་བྲལ་བར་མཉམ་པར་འཇོག་པ་དང་ལྷའི་བསྙེན་བསྒྲུབ་དང་ཚོགས་གཉིས་སོགས་བསགས་པས། །འབྱུང་པོའི་མདོ་ལས་ལྷའི་བུ་དབང་སྒྱུར་དང་བདུད་དང་མ་མོ་སོགས་ལ་རིགས་སྔགས་ཡོད་པས། དེ་ཁྲོས་ནས་དེ་མཐུན་གྱི་ཆོ་འཕྲུལ་དཔག་མེད་འབྱུང་བར་གསུངས་པས་གདོན་འདི་རྣམས་ཀྱང་ཕལ་ཆེར་རིགས་སྔགས་སོགས་ལོག་པར་སྒྲུབ་པ་ལས་འབྱུང་བའོ། །གདོན་ཉིད་ཞི་བར་བྱེད་པ་ཡིན་ཡན་ལག་བརྒྱད་པར། འབྱུང་པོ་འཚེ་བ་མི་འདོད་དག །བཟླས་དང་སྦྱིན་བསྲེགས་གཏོར་མ་དང་། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང་། །སྦྱིན་བཤེས་བརྩེ་ལ་སོགས་པས་གསལ་ཞེས་སོ། །བྱ་ཀྲྀ་ཀཎྚ་ཀ་རི་སྤང་སྤོས་ཤུ་དག་རྨ་བྱའི་སྒྲོ། །ཤིང་ཀུན་སྦྲུལ་ལྤགས་སྲན་ཕབ་བྱི་ལའི་བྲུན། །ཆ་མཉམ་དུ་བས་བདུགས་པས་འབྱུང་པོ་འབྱེར། །ཙན་དན་དཀར་དམར་གུར་ཀུམ་སུག་སྨེལ་འབྲས་བུ་ཨ་བར་སྐྱུར་གསུམ། །བྱ་ཀྲྀ་སྒག་ཚེར་སྟེ་ཀཎྚ་ཀ་རི་སྐྱེར་པ་སྒྲོན་ཤིང་ཚ་བ་སྒ་པི་ཕོ་གསུམ། །གནྡྷ་པ་ཏྲ་གུ་ཡུ་དུག་ཉུང་པུ་ཤེལ་རྩེ། །ཡུངས་དཀར་སྔོ་རྒྱ་སྤོས་ཤུག་པ་པྲི་ཡངྐུ། །དབྱི་མོང་དཀར་པོའི་མེ་ཏོག་རུ་རྟ་ཧོང་ལེན་བོང་ང་དཀར།  ཚོན་སྤང་མ་ལྡོང་རོས་བ་གླང་རྟ་བིང་ར་ལུག་གཅིན་དྲུག་མར་རྙིང་ལ། །སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུགས་གདོན་ལས་མྱུར་དུ་གྲོལ། །རིག་སྔགས་གཟུངས་གྲ་ལྔ་སོ་སོའི་ཚོགས་དང་མཆོད་པ་ཕུལ་ཅིང་གཟུངས་ལྔ་པོ་མང་དུ་བསྒྲགས་ན་ཕན་རིགས་སྔགས་རྒྱལ་མོ་རྨ་བྱ་ཆེ། །གཅིང་བྱ་འདི་ལ་རྟག་ཏུ་ཕན། །ཞེས་པའོ།  །གཏོར་མ་རིན་ཆེན་སྣ་ཚོགས་དྲི་སྣ་ཚོགས་འབྲུ་སྣ་ཚོགས་དང་། །མེ་ཏོག་སྣ་ཚོགས་འབྲས་ཆན་འབྲས་ཁུ་བ་དཀར་གསུམ་མངར་གསུམ་རྣམས་སྤུངས་པ། །ལྷ་དང་བླ་མ་དྲང་སྲོང་གྲུབ་པ་དང༌། །རྒན་པོ་ལྔ་ལ་ལྷ་ཡི་ཁང་པར་མཆོད་ཁང་ངམ་ལྷ་གནས་པའི་སར་བཏང༌། །ལྷ་ལ་བྱང་ཕྱོགས་ལྷ་མིན་ནུབ་ཏུ་བྱིན། །དྲི་ཟའི་གདོན་ལ་བ་ལང་དུས་རྟག་ཏུ་རྒྱུ་བའི་ལམ་གྱི་བཞི་མདོ་དང༌། །ཀླུ་དང་མཚུན་ལྷའི་གདོན་ལ་འབབ་ཆུའི་འགྲམ་དུ་བྱིན། །གནོད་སྦྱིན་ཆུ་གཉིས་འདུས་པའི་གནས་སུ་བཏང༌། །སྲིན་པོ་ལམ་གྱི་བཞི་མདོ་ཚངས་པ་ཤར་དུ་མཆོད། །ཤ་ཟ་ལ་ནི་ནུབ་ཀྱི་ཁང་སྟོང་བཏང༌། །གཏོར་མ་སྦྱིན་སྲེག་སྨན་དུད་ལ་སོགས་པ། །ཁྱད་པར་རང་རང་འཛིན་པའི་དུས་སུ་བསྟེན་ཡན་ལག་བརྒྱད་པར། །ལྷ་ཡི་གདོན་ནི་ཡར་ངོ་ཡི། །ཚེས་གཅིག་བཅུ་གསུམ་དག་ལ་འཛིན།ལྷ་མིན་གདོན་ནི་ཡར་ངོ་ཡི། །བཅུ་གསུམ་མར་ངོའི་བཅུ་གཉིས་ལ། །དྲི་ཟའི་གདོམ་ནི་བཅུ་བཞི་དང་། །བཅུ་གཉིས་དག་ལ་འཛིན་པར་བྱེད། །ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད། །གནོད་སྦྱིན་གདོན་ནི་ཡར་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ལ་འཛིན། །ཚངས་པ་སྲིན་པོ་ཡར་ངོ་ཡི། །ཚེས་བརྒྱད་བཅོ་ལྔ་དག་ལ་འཛིན། །སྲིན་པོ་ཤ་ཟ་མར་ངོ་ཡི། །ཚེས་གཅིག་ཚེས་དགུ་བཅུ་གཅིག་ལ། །མཚུན་ལྷ་གནམ་སྟོང་ཚེས་བཅུ་དང་། །བརྒྱད་དང་དགུ་པ་དག་ལ་འཛིན། །རྒན་པོ་ལ་སོགས་གཞན་དག་ནི། ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། །ཞེས་དང་། ཡང་དེ་ཉིད་དུ། གནོད་སྦྱིན་ཉི་མ་གང་གང་ལ། །འཛིན་པའི་ཉིན་མོ་དེ་དང་དེར། །མཆོག་ཏུ་སྦྱིན་བསྲེགས་གཏོར་མ་སོགས། །སྨན་པས་རབ་ཏུ་འབད་དེ་བྱ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སོགས། །གང་ཞིག་གང་ལ་སྲེད་གྱུར་པ། །དེ་ཚེ་དེ་ནི་དེ་ལ་སྦྱིན། །ཞེས་པ་དང་། ཡང་ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེན་པོ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །མགོན་པོ་ཕྱག་ནི་བཅུ་གཉིས་པ། །ནད་ནི་གསོ་བར་མཛད་པ་ཡི། །སྔགས་བཟླས་པས་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗེད་བྱེད་དང་། །གཞན་ཡང་སེམས་འཁྲུགས་འཇོམས་པར་བྱེད་ཅེས་གསུང་།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྱུང་པོའི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།