སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།



ལེའུ་དོན་དྲུག་པ།  མོ་ནད་ཕལ་པ་གསོ་བ།

མོ་ནད་བྱེ་བྲག་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མོ་ནད་ཕལ་པ་མཚན་མའི་ནད་དང་ནི། བུ་མ་ཕྱིན་པ་དང༌། མགོ་མཇུག་ལོག་པ་དང༌། རོག་མ་ཕྱིན་པ་དང༌། བུ་སྣོད་ལུག་པ་དང༌། ཁྲག་མ་ཆོད་པ་དང༌། ནད་གཞུག་ལས་པ་དང༌། དུག་ཐབས་སུ་གྱུར་པ་བརྒྱད།

དང་པོ་མངལ་དུ་ཆགས་པ་དེ་ཟླ་བ་ལོན་པ་དང༌། ཕོ་མོ་གཉིས་ཀྱི་གཟུགས་དང་མཚན་མ་དོད་པའི་དུས་མོར་འོང་རྒྱུ་ཡིན་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་དང༌། ཕོར་འོང་རྒྱུ་ཡིན་ན་མ་ལ་ཆགས་པ་དང་ཕ་ལ་ཞེ་སྡང་སྐྱེ་སྟེ་དེ་དུས་མཚན་མའི་ནང་དུ་ཉིང་ལོ་ལངས་པ་ཞེས་ཐ་སྙད་བཏགས་པའང་འབྱུང་བས་སྒྱིད་པ་སྐྱུར་ཞིང་ཚིག་པ་ཟ་ལ་མཆི་མ་མང་བ་དང༌། དང་ག་མི་བདེའང་ཡིད་ལ་ཟས་སྐོམ་སྣ་ཚོགས་འདོད་པ་དང༌། སྟོང་སྐྱུགས་བྱེད་ཅིང་སྔར་གྱི་ནད་གཞི་གང་ཡོད་པ་དེ་ལྡང༌། འདི་ལ་ཉིན་མོ་གཉིད་མི་ལོག་ཅིང་གྲང་སྟེ་འཁྱགས་པ་མི་བྱ་ཞིང་གང་འདོད་ཀྱི་ཟས་བྱིན་དགོས་ཀྱང་རྟ་བོང་དང་བྱའི་ཤ་རྣམས་སྤང་སྤྱོད་ལམ་དྲག་ཤུལ་དང་དལ་པོའང་མི་བྱ་བར་སྐམ་སར་རན་ཙམ་བཅག་ཅིང་སྔར་འོང་བའི་ནད་གཞི་གང་འདྲའི་རིགས་ལངས་པ་དེའི་གཉེན་པོའི་སྨན་སོགས་བསྟེན།

བུ་མ་ཕྱིན་པ་ལ་གསོན་པོ་དང་གཤེན་པོ་གཉིས་ལས་གསོན་པོ་ནལ་བུ་ཞེས་དངོས་རུས་གཅིག་གི་བུར་བྱེད་ནའང་སྐབས་འདིར་ཕ་མ་སོགས་ཀྱི་ཁྱིམ་ཐབས་མེད་པར་རང་བཞིན་དུ་བྱུང་བའི་བུ་དེ་དབྱུང་བ་དང༌། འཇིག་རྟེན་ལུགས་མཐུན་བྱས་པའི་བུ་བཙར་མ་འདོད་པ་འདོན་ཐབས་གཉིས་ཀྱི་དང་པོ་ནལ་བུ་གདོན་ཐབས་སྨན་གཉིས་ཞེས་པ་འོམ་བུ་སུམ་གཉིས། ཁྲོན་བུ་སུམ་གཅིག་དང༌། གསུམ་ཞེས་པ་འོལ་མོ། དྭ་བ། ཐང་ཕྲོམ་དཀར་པོ་གསུམ་དང༌། ལྔ་ཞེས་པ་རྒྱ་ཚྭ། རྒྱ་སྐྱེགས། རི་བོང་རིལ་མ། དངུལ་ཆུ། བྱང་པ་ལྔ། ནུབ་མོ་ལྟོ་དགུག་ཅིང་དགུང་ལ་གཡེར་མ་ལྕམ་པའི་ཐང་གིས་རྩ་ཁ་ཕྱེ་ལ་ཐོ་རངས་གོང་གི་སྨན་དེ་རྣམས་ཆང་དང་སྦྱར་ལ་བཏང་ཞིང༌། མངལ་ཆགས་ནས་ཟླ་བ་དུ་སོང་གི་གྲངས་དང་མཉམ་པའི་ཐུན་གྲངས་དང༌། དེའི་ཡུན་དང་སྦྱར་ལ་བུ་རྩ་ལོང་རྩ་བྱིན་གཞུག་གཏར། ཟླ་བདུན་མན་ཆད་གྱི་ནལ་བུ་ཐོན་པར་ངེས་པ་ཡིན་ཅིང་བདུན་འདས་ནས་མི་ཐོན་ཏེ། དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས། །སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར། །ཞེས་པ་ལྟར་རོ། །བཙར་མ་འདོད་པ་ལ་ཕྱི་ཤ་ལྤགས་དང༌། ནང་བུ་སྣོད། བར་རུས་མིག་དང་གསུམ་ལས་དང་པོ་ནང་གི་བུ་སྣོད་ནས་མགོ་མཇུག་མ་འགྱུར་ན་ཕོའི་རྨོངས་སྤུ་དང་མོའི་སྤྱི་བོའི་སྐྲ་གཉིས་བསྲེགས་ཐལ་དང༌། རྒྱ་རུ། བཙོད་རུ། བསེ་རུ་གསུམ་རྣམས་ཞིབ་བཏགས་ཆང་དང་སྦྱར་བ་བཏང་ལ་བྱི་ཁུང་ཤར་བལྟའི་སའི་དུགས་ཀྱིས་བདུག ཡང་ན་ཡུ་མོ་མདེའུ་འབྱིན། རྒྱ་རུ། མདའ་རྒྱུས་ཞེས་དམར་རུ་མགོ་ནག་བཅས་གསུམ་ཆང་དང་སྦྱར་བ་བཏང་ལ་བྱི་ཁུང་ཤར་བལྟའི་སའི་དུགས་ཀྱིས་བདུག ཡང་ན་སྦྲང་དང་མར་རྒྱ་རུ་གསུམ་པོ་སྦྱར་ལ་བཏང༌། ཡང་ན་ལྷ་དང་ཡི་དྭགས་ཆ་གསུམ་སོགས་ཀྱི་གཏོར་མས་མཆོད། སྨྲ་བཅད་དེ་སྔགས་སྟོང་ཞུན་མར་ལ་བཏབ་སྟེ་བཏང་བའམ་བྱིན་པ་ནི། ཨོཾ་གྲེང་གྲེང་མཧཱ་གྲེང་བཛྲ་རྗེ་སེ་སརྦ་བྱི་དེ་སྭཱཧཱ། །ཞེས་པའོ། །བར་གྱི་རུས་པའི་མིག་ནས་ཚུར་མ་ཐོན་ན་བུ་ཆུང་གི་མཚོག་མའི་དཀྱིལ་བརྟོལ་ལ་དེར་མཛུབ་མོ་བཅུག་ནས་དྲག་ཏུ་འཐེན། དེ་བྱས་ཀྱང་ཐོན་དཀའ་ན་ལག་པའི་སེན་མོ་བྲེགས་ལ་འཇམ་པར་བཟོས་ནས་སྣ་ལ་འོ་མས་བཀྲུ། དེ་ནས་ཆང་གིས་བཀྲུས་ཏེ་ཆ་བྱད་ཟླ་གམ་རྒྱབ་འདྲས་ཞེས་ཆ་བྱད་ཟླ་བ་ཚེས་པ་ལྟ་བུའི་སྒུར་པོ་ངོས་ཀྱིས་ལྟག་པ་བྱ་ཞིང་གུང་མོ་ཤོང་ཙམ་གྱི་ཨ་ལོང་གདགས། ལྟོ་ངོས་སོ་རྣོན་པོ་བྱས་པ་དེའི་བརྟེན་པར་མཐེ་བོང་ལ་ཀོ་བ་མཐུག་པོ་གྱོན་ཏེ་ལུས་དུམ་བུར་གསིལ་ཏེ་དབྱུང༌། ཕྱིའི་ཤ་ལྤགས་ཀྱི་མིག་ནས་མ་ཐོན་ན་སྣམ་བུས་བུའི་རྐེད་བཅིངས་ལ་མ་དེ་སྒའི་སྟེང་དུ་གན་རྒྱལ་དུ་བཞག་ལ་ཕྲག་པ་གཉིས་མནན། ཤི་རོ་མ་ཐོན་ན་མདའ་རྒྱུས་ཞེས་དམར་རུ་མགོ་ནག་རྒྱ་ཚྭ་དང་རྒྱ་རུ། གཙོད་རུ་གཉིས་ནག་ཧྲོག་ཙམ་བསྲེགས་པ་བཅས་ཆང་དང་སྦྱར་ལ་ཁོང་དུ་བཏང་ཞིང་བྱི་སའི་དུགས་ཀྱིས་བདུགཡང་ན་དུར་བྱིད། ཡུ་མོ་མདེའུ་འབྱིན། བྱ་མ་བྱིའི་སྒྲོ། རྒྱ་རུ་རྣམས་བུར་ཆང་དང་སྦྱར་ལ་བཏང་བར་བྱ། ཡང་ན་རྒྱ་ཚྭ། དུར་བྱིད། ཤ་རུའི་ཐལ་བ། བ་སྤྲུ་བ་རྣམས་ཆང་དང་སྦྱར་བ་བཏང་ཞིང་སྦང་མ་སྐམ་པོའི་དུགས་ཀྱིས་བདུགཡང་ན་རྒྱ་ཚྭ་དང་ཁྱི་རླིག་གི་ཕྱེ་མ་བཏབ་པའི་ཚ་བ་ཞེས་ཐུག་པ་བཏང་ཞིང༌། དུར་བྱིད། རྒྱ་རུ། རྒྱ་ཚྭ་བཅས་མར་དང་སྦྱར་བ་མངལ་དུ་མོ་མཚན་ནང་རྒྱུད་བཏང་སྟེ་ཕྱིང་པའི་སྣུམ་དུགས་བྱ་ཞེས་པ་རྫོང་འཕྲང་དུ། ཕྱིང་པ་སྣུམ་ལྡན་གྱི་སྟེང་དུ་རྡོ་བསྲེགས་བཞག་པས་མོ་མཚན་བདུག་ཅེས་པ་ལྟར་བྱ།

མགོ་མཇུག་ལོག་པ་སྟེ་རྐང་པ་སྔོན་ནས་དོན་ནམ། རྐེད་པ་དང་མཇིང་པ་ལྟེབས་པ། འཕོངས་ནས་འོང་ན་མའི་རྐང་པ་ནས་བཏེགས་ལ་སྤྲུག་ཅིང་མཛུབ་མོས་ནང་དུ་ཡར་ཕུལ་ཏེ་ཁྱོ་དེའི་གོས་ཀྱི་ཕོ་དུང་གཡས་པས་མའི་འཕོངས་སུ་བརྡེག་པ་དང༌། གོང་གི་སྔགས་དེ་ལ་འབྲུ་མཇུག་ནས་ཡར་ལོག་བྱས་ཏེ་བཟླས་པའི་སྔགས་ཆུ་བུད་མེད་ཀྱི་ཁོང་དུ་བཏང༌། བུ་རོག་མ་ཕྱིན་ན་རི་བོང་གི་རིལ་མ་དང༌། རྒྱ་ཚྭ། རྒྱ་རུ། ཁྱོ་ཕོ་དེའི་རྨོངས་སྤུའི་གཞོབ་རྣམས་ཆང་དང་སྦྱར་ལ་བཏང༌། སྔགས་སམ་ཡང་ན་ཁྱི་རླིག་དང་རྒྱ་ཚྭའི་ཐུག་པའི་སྦྱོར་བ་བྱས་བཏང་ཀྱང་ངེས་པར་ཐོན།

བུ་སྣོད་ལུག་ན་ཆུ་དྲོ་འཇམ་དང་འོ་མས་བཀྲུ་ཞིང་སྐམས་ནའང་དེ་གཉིས་ཀྱིས་སྦངས་ཏེ་ཕྱི་ནང་སློག་ལ་མཛུབ་མོས་གར་སླེབ་ཚད་བར་བསྡིགས་ལ་གཡེར་མ་བྱིན་ནས་ཨིག་ཏུ་བཅུག་པས་ཚུད་པར་ངེས་ཏེ་རྫོང་འཕྲང་དུའང༌། གཡེར་མ་ཁྱེམ་གང་ཆང་གིས་ཕུལ་ནས་བཏང་བས། ཨིག་བྱུང་ན་ནང་དུ་ངེས་པར་འགྲོ་ཞེས་འབྱུང་ངོ༌། །དེས་ཀྱང་མ་ཚུད་ན་ཕྱིང་པའི་ཡོག་ཐོད་མཐོ་གང་པ་ཕྲུ་མ་རློན་པས་དྲིལ་བ་དེའི་རྩེ་ལ་མར་བྱུགས་པར་རྒྱ་ཚྭ་གླན་ཏེ་ཕུགས་སུ་བསྐྱལ་ནས་རྐང་པ་བཏེག་ལ་གསིག་ཅིང་མཚན་ཁར་ཕྱིང་པ་བསྲོས་པས་བདུག དེ་རྗེས་འཕོངས་གྱེན་སྟོད་ལ་འོང་བ་བྱས་ནས་ཉལ་ཏེ་འགྲོ་འདུག་དང་ལངས་པ་སྤང༌།

ཁྲག་ཤོར་ན་བུར་ཆང་དང་ཀ་ར་ཆང་དང་སྦྱར་བ་བླུད་ཅིང༌། མ་ཆོད་ན་རྩྭ་ཁུ་བྱུག་སྟེ་དེང་སང་ཀུ་ཤར་འབོད་པ་དེ་དང་ཆང་སྦྱར་བ་བཏང༌། ཡང་ན་ནས་ཚིག་ཁུ་བ་ཚིགས་ནག་ལྟ་བུ་དེར་སྦྲང་རྩི་དང་དོམ་མཁྲིས་མི་སྐྲའི་གཞོབ་སོགས་བཏབ་ནས་བཏང་བས་ཆོད། ཡང་ན་ཁ་ཚར་དུ་དོམ་མཁྲིས་དང༌། ཤིང་ཚ་བཏབ་ལ་བཏང༌། ཡང་ན་གོང་མོའི་སྒྲོ་གཞོབ། སྦྲང་རྩི་དང༌། ཤེལ་ཀ་རའི་སྐོགས་པ་སྔོ་དྭངས་སྲབ་མོ་ཞིག་འོང་བའི་ཐལ་བ་སྦྱངས་ལ་བཏང་སྟེ་རྐང་ལག་གི་ཉྭ་བཞི་དང་རོ་སྨད་ཆུས་བསྒྲང་ལ་ཚིགས་པ་བཅུ་དྲུག་པ་བསྲེག་ཅིང༌། བསྐུ་མཉེ་དང་གསུར་གྱིས་བདུག་པ་བུར་ཆང་རུས་ཁུ་སོགས་བསྟེན།

བུ་བཙས་རྗེས་སུ་ནད་ལྷག་འདྲིལ་ནས་ཟུག་སྐྱེས་ན་བྱི་ཁུང་ཤར་བལྟའི་སའི་དུགས་བྱ་ཞིང་གཡེར་མ་ཆང་དང་སྦྱར་ལ་བཏང༌། སྦྲང་དང་ཆང་སྦྱར་བ་དང་བུར་ཆང་ཡང་མང་དུ་བཏང༌། དེས་མ་ཞི་ན་ཆང་ཞིམ་པོའི་སྦང་མར་ཚྭ་བཏབ་ལ་བསྲོས་པས་བདུག དེ་རྗེས་ལོང་རྩ་གཏར་ལ་བུད་མེད་བཙལ་ལེའི་སྐབས་ལྟར་གྱི་མངལ་བཤལ་བྱ་ཞིང༌། ཆུ་སེར་འགྱིངས་རྗེས་ལ་ཤེ་རུལ་ཁྲག་རྣག་འཛགས་བྱུང་བ་ན་དེ་ལ་འཇིགས་པ་མི་དགོས་ཏེ་མངལ་བཤལ་གོང་བཞིན་བྱས་པས་ཐོན།

མོ་ནད་དུག་ཐབས་ནི་བུ་ཚ་བཙས་རྗེས་སུ་ཤ་མར་རྙིང་པ་ཟོས་པ་དང༌། ཉིན་གཉིད་ལོག་པ་དྲག་ཤུལ་སོགས་ཀྱི་རྐྱེན་གྱིས་མཁྲིས་ཚད་བསྐྱེད་དེ་རྩ་རྒྱུད་ཕྲ་ལ་མགྱོགས་ཤིང་ཤེད་མེད་པ་དང་སྐོམ་དད་ཆེ་ལ་རོ་སྟོད་དུ་གཟེར་ཕྲན་གཅིག་ཏུ་མི་གནས་པ་འཕོ་ཞིང་ལུད་པ་དམར་རོ། །དེའི་བཅོས་ཐབས་ལ་ཁ་ཟས་བསིལ་དྲོད་གཉིས་སྤེལ་མར་གཏང་ཞིང༌། རུ་ཐུང་སྣོད་ཀ་གཉིས་དང་མཁྲིས་རྩ་གཤའ་རིངས་ལོང་རྩ་རྣམས་གཏར་བ་དང༌། ཨ་རུ་ར། ལྕུམ་རྩ། དུར་བྱིད་གསུམ་གྱི་ཐང་གིས་སྦྱང༌། ཡང་ན་སྟབ་སེང་དང་ཏིག་ཏ་གཉིས་པོའི་ཐང་བཏང་ལ་ག་བུར་རམ་ཞེས་པ་ནི་རྒྱུད་ཕྱི་མར། བདུན་པ་ག་བུར་ཙན་དན་དཀར་པོ་དང༌། །ཞེས་པ་ནས། ཏིག་ཏ་ཀ་ར་དཀར་པོ་བཞི་འགྱུར་སྦྱར། །ཞེས་པའི་བར་དེ་ཡིན་ཚུལ་གསེར་མཆན་དུ་བྱུང་བས་འདི་ཉིད་གཏོང་ངམ། རྒྱུད་ཕྱི་མའི་མཁྲིས་ཚད་སེལ་བའི་གུར་ཀུམ་བདུན་སྟེང་དོམ་མཁྲིས་བསྣན་ལ་བཏང༌། སྨན་དང་ཟས་གཉིས་སྨན་དྲོ་བ་གཏོང་དུས་ཟས་བསིལ་བ་དང༌། སྨན་བསིལ་བ་གཏོང་དུས་ཟས་དྲོ་བ་བཏང་ལ་བསྣོལ་མ་བྱས་ཏེ་ཚ་གྲང་སྤེལ་ལ་བཅོས་ཤིང་བཅུད་ལ་སྔ་བར་དབབ་པ་ནི། རླུང་ཚད་བསྡོངས་པའི་ནད་སྨན་གྱིས་ཚད་པ་བཅག བཅུད་ཀྱིས་རླུང་སྣ་གླན་པའི་དོན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་མོ་ནད་ཀྱི་ནང་ཚན་ཕལ་པ་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།