སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་དགུ་པ། ལུས་སྟོད་ཀྱི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་དགུ་པ། ལུས་སྟོད་ཀྱི་རྨ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བྱང་ཁོག་སྟོད་སྨད་གཉིས་ལ་རྨ་བྱུང་ན། །འདི་ཡི་བཅོས་ཐབས་བསྟན་གྱིས་རིག་པས་ཟུང་[ཟུངས]། །འགྲོ་བ་མི་ལུས་བྱང་ཁོག་སྟོད་སྨད་ལ། །གསལ་[གནས་]ལུགས་རྟགས་དང་བཅོས་ཐབས་རྗེས་གཅོད་བཞི། །དང་པོ་བྱང་ཁོག་གནས་ལུག་[ལུགས་]སྟོད་ན་དྲུག་ཡིན་ཏེ། །བརྟན་[བརྟེན་]གནས་རུས་པའི་གནས་ལུག་[ལུགས་]བསྟན་པ་དང༌། །གཡོགས་པ་ཤའི་གནས་ལུགས་བསྟན་པ་དང༌། །གཉན་པ་དོན་སྣོད་ཀྱི་གནས་ལུགས་བསྟན་པ་དང༌། །ས་གཅད་ཡུལ་གྱི་གནས་ལུགས་བསྟན་པ་དང་། །འབྲེལ་བ་རྩའི་གནས་ལུགས་བསྟན་པ་དང་། །རྒྱ་སྐར་གསེང་གི་གནས་ལུགས་བསྟན་པའོ། །དང་པོ་བསྟན་[བརྟེན་]པ་རུས་[པའི་]གནས་ལུགས་བསྟན་པ་ནི། །སྒལ་ཚིགས་བྲང་རུས་རྩིབ་མ་ལྷ་རུ་རྩེ། །སྒྲོག་རུས་དཔྱི་དང་སོག་པ་གཞུག་ཆུང་བརྒྱད། །ཚིགས་ལ་མཁར་དང་མཁར་མཚམས་བྱ་འདབས་གསུམ། །དེ་དག་ལུས་ཀྱི་གཞི་རྟེན་གུར་ཕུབ་འདྲ། །གཉིས་པ་དེ་ལས་གཡོགས་པ་ཤའི་གནས་ལུགས་ནི། །སྒལ་འདབས་བཤུལ་ཤ་ནག་པོ་ཕྱི་ནང་གཉིས། །བྲང་གི་ནུ་ཤ་སྟ་ཟུར་གྱི་ཤ །མཆན་ཁུང་བཞག་ཤ་ཕྱི་ནང་དཀར་ནག་གཉིས། །ཐལ་གོང་གཉའ་ཤ་ཁ་འཁོར་གདར་[འདར་]ཤ་གཉིས། །སོགས་[སོག་]མཐིལ་འབྲོས་ཤ་དེ་ལྟར་ཤ་རིགས་བརྒྱད། །བྱེར་དང་སྐྲངས་པའི་ཤ་ཡི་གདན་[གནད་]རྣམས་དུ་ཡིན། །གསུམ་པ་གཉན་པ་དོན་ལྔ་སྣོད་དྲུག་གནས་ལུགས་ནི། །སྙིང་ནི་རྒྱལ་པོ་ཚེ་སྲོག་རིག་པའི་རྟེན། །བུ་ལྔ་རྒྱལ་བུ་ལྔ་བློན་པོ་འདྲ། །གློ་བ་མའི་པང་གཉན་པ་དོན་འདྲ། །མཆིན་དྲི་དཀར་པོ་དར་ཡོལ་འཁྱམས་བཅད་འདྲ། །མཆིན་པ་བྲག་གཡང་གཟར་འདྲ་གྱེན་དུ་བསླང༌། །མཚེར་པ་མཐའ་འཐུག་དཀྱིལ་སྲབ་བག་ཆོས་[ཆས་]འདྲ། །མཁལ་མ་གཡས་གཡོན་བྱིས་པའི་སྒོང་རྩེ་འདྲ། །ཕོ་བ་ཟས་སྣོད་སུལ་བཞི་ཟེད་པ་འདྲ། །མཁྲིས་པ་བྲག་ལ་གསེར་རྐྱལ་བཏག་[བཏགས་]པ་འདྲ། །ལོང་ག་གསུམ་འཁྱོག་ལྕགས་སྦྲུལ་བྲབ་པ་འདྲ། །རྒྱུ་མ་སྟོད་སྨད་ཡུལ་[ཡུར་]ཆུའི་གོ་མཇུག་འདྲ། །གཉེའ་[གཉེ་]མ་ལོང་འབྲེལ་སྙུག་མའི་སྒོང་བུབ་འདྲ། །ཚིལ་ཤུབ་[ཤུབས་]དཀར་ནག་བལ་གྱི་འཇོང་ཐག་འདྲ། །ལྒང་ཕུབ་[ཕུག་]ཁ་ནི་ཐུར་ལྟས་[བལྟས་]ཆུ་རྐྱལ་འདྲ། །བསམ་སེ་ཤ་ཡི་མདུད་པ་ཤ་སྨེན་[རྨེན་]འདྲ། །དེ་དག་གནད་ཡིན་གཉན་པས་མཚོན་ཕོག་འཆི། །རླུང་གི་མི་ནི་གློ་བ་སུལ་པ་མང་། །མཁྲིས་པའི་མི་ནི་གློ་བ་ལྕེ་ཁ་བ། །བད་ཀན་མི་ནི་བྱ་གཤོག་དབྱིབས་ལས་ཤེས། །བཞི་པ་བསྐོས་[བགོ་]སྐལ་ས་བཅད་ཡུལ་གྱི་གནས་ལུགས་ནི། །བྱང་ཁོག་སྟོད་སྨད་མཆིན་དྲིས་དབྱེ་བར་བྱ། །མདུན་རྒྱབ་འབྱེལ་[འབྲེལ་]མཚམས་ཚིགས་པ་བཅུ་གསུམ་པ། །ཆུ་བབས་ཐིག་བཏབ་མཆིན་དྲིའི་ནག་པོའི་ཡུལ། །ཚིག་[ཚིགས་]པ་བརྒྱད་ནིས་[ནས་]རྩིབ་རིང་གྱེན་ཚོན་གང༌། །ཡོལ་གྱིས་བཅད་མཚམས་མཆིན་དྲི་དཀར་པོའི་ཡུལ། །མཆིན་དྲི་བར་ཁུག་བརྒྱད་དང་བཅུ་གསུམ་བར། །རྩིབ་སྟེང་དཀར་ནག་འདོམ་པ་ཁྲ་བོར་འདོད། །སྟོད་སྨད་དོན་སྣོད་ཡུལ་གནས་ཐིག་གིས་བཙལ། །ཁད་སྙམ་[སྙོམས་]སྟོན་[སྟན་]ལ་ལུས་བསྲང་སྐྱིལ་ཀྲུང་འདུག །མདུན་རྒྱབ་དཔུང་ཟུར་གཉིས་ལ་གནམ་ཐིག་བཏབ། །ཨན་ཏོང་[སྟོང་]གཞུག་ཆུང་སྐེ་སྟོང་མཚན་མའི་སྟེང༌། །མདུན་རྒྱབ་གཉིས་སུ་མ་འདྲུས་གཞུང་ཐིག་བཏབ། །སྟོད་ན་གློ་བ་མ་བུ་སྙིང་དང་གསུམ། །གློ་བ་མ་གསང་རྒྱབ་ལ་བུ་སྙིང་མདུན། །ཚིག་[ཚིགས་]པ་བཞི་ནས་གྱེན་དུ་ཆག་གང་པ། །གསུམ་པའི་ཐད་ཡིན་བརྒྱད་ནས་ཐུར་བསེགས་ནས། །མཛུག་[མཛུབ་]གང་དགུ་པའི་ཐད་དཀར་[ཀར་]བཅལ་པའི་སར། །གྲུ་བཞིར་ཐིག་བཏབ་དེ་ཡི་གྲུ་བཞིར་བཅད། །དབུས་ལ་སྟོད་སྨད་སུམ་ཆ་སུམ་གཉིས་བཏབ། །སུམ་གཉིས་སོ་[པོ་]དེ་བཞིན་[བཞི་]ནས་མར་དབུས་བཙལ། །སྟག་མགོ་སྒང་རྩིབ་[རྩིབས་]གཤམ་དང་ཟགས་སྣ་ལྔ། །གློ་བ་མ་ལྔའི་ཡུལ་ས་དེ་ཡིན་ནོ། །ནུ་མ་གཉིས་ནས་སྐེ་སྟོང་སོར་བཞིའི་འོག །གྲུ་གསུམ་ཐིག་བཏབ་དབུས་ནས་[ན་]རྒྱལ་པོ་གནས། །མཛོ་སྣ་དང་ནི་བྱ་སྒའི་[སྒབ་]ཐུགས་ཁབ་དང༌། །རྟེ་མིག་དགྲ་ལྕེ་བུ་ལྔ་སྙིང་ལ་བསྐོར། །ཟུར་གསུམ་དེ་ན་གློ་བ་བུ་སྙིང་གནས། །ནུ་མ་གཉིས་ནས་ཕྱིར་ལ་སོར་གཉིས་བཅལ། །དེ་ནས་སྐེ་སྟོང་ཙ་ར་ཁུང་དུ་གདབ། །གློ་བ་མ་ཡི་མཁའ་[མཐའ་]མ་གནས་ཡུལ་ཡིན། །ཡུལ་ཐིག་དེ་ཡི་སྟེང་འོག་སྟོང་པར་གནས། །ནུ་མ་གཉིས་དཀྱིལ་ཐོག་ཚད་ལྷེལ་[ལྷེན་]སྣ་ནས། །ཕོ་བའི་ཟུར་ཐེན་[འཐེན་]དེ་ནས་ལྟེ་བར་གདབ། །དཔངས་སུ་སོར་བརྒྱད་ཞེང་སོར་བཅུ་གཉིས་ཏེ། །ཟས་སྣོད་ཕོ་བའི་ཡུལ་དུ་གནས་པ་ཡིན། །གླད་[ཀླད་]རུས་ཚིག་[ཚིགས་]པ་བརྒྱད་ནི་གཡས་ཕྱོགས་སུ། །མཚོན་གང་གྲུ་མོ་སླེབ་པ་མཆིན་པའི་ཡུལ། །རྩིབ་ཐུང་གཡོན་ནས་མཛུབ་གང་ཕོ་ཟུར་བཅལ། །ཞེང་དུ་སོར་ལྔ་མཚེར་པའི་ཡུལ་དུ་འདོད། །ཕོ་གསང་དབུས་ནས་གཡས་སུ་སོར་བདུན་བཅལ། །མཐེུ་[ཐུར་]དུ་སོར་དྲུག་ཞིང་[ཞེང་]གསུམ་འཁྲིས་[མཁྲིས་]པའི་ཡུལ། །ལྟེ་བའི་འོག་ནས་ཚོན་རེ་དཀྱུས་ཚོན་བརྒྱད། །ལོང་ཡིན་སྟོང་དུ་ཁྲག་མགོ་ཁྲག་ལོང་གཡས། །སྲིན་ལོང་གཡོན་གནབ་[གནས་]ཙམ་[རྩམ་]ལོང་དབུས་ཡིན་ནོ། །དེ་འོག་ཚོན་དོ་རྒྱུ་སྟོད་[རྒྱུ་]སྨད་ཡུལ། །དེ་འོག་ལྒང་པ་བདུན་[མདུན་]ལ་གཉེ་མ་རྒྱབ། །ཚིག་[ཚིགས་]པ་བཅུ་བཞི་གཡས་གཡོན་སོར་བདུན་ཚུན། །རྒྱ་དཔང་[དཔངས་]སོར་ལྔ་མཁལ་མའི་ཡུལ་གནས་ཡིན། །བསམ་སེལ་[སེར་]ཚིགས་པ་བཅུ་གསུམ་འོག་ན་གནས། །དེ་ལྟར་དོན་སྣོད་ཡུལ་གྱི་ཐོབ་སྐལ་ཡིན། །ལྔ་པ་འབྲེལ་བ་རྩ་ཡི་གནས་ལུགས་ཕྱི་ནང་གཉིས། །ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་སྟེ། །སྒལ་པའི་ནང་གཞུང་ཐང་ཤིང་བསླང་བ་འདྲ། །དེ་ལས་ཡལ་གའི་རྩ་བྲན་ཀུན་ཏུ་གྱེས། །ཚིགས་པ་གསུམ་ནས་རྩ་གསུམ་སྔོན་དུ་འོང༌། །དབུས་ཀྱི་རྩ་ལ་སྙིང་ནི་འབྲས་བུའི་ཚུལ། །སུལ་གསུམ་ནང་ན་རྩ་ལྔ་རླུང་རྩ་དབུས། །རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས། །གཡས་གཡོན་རྩ་གཉིས་གློ་བུ་གཉིས་ལ་ཟུག །གློ་བའི་ནང་རྩ་སོག་ཕོན་ལྤགས་བཏུམ་[པགས་བཏུམས་]འདྲ། །སོབ་པས་འཇུག་སླ་མང་ལ་[བས་]ནད་ཐོན་དཀའ། །སྲོག་རྩའི་ཡན་ལག་གཉིས་ནི་ལག་པར་རྒྱུ། །རྩེ་ནག་གཉིད་ལོག་རྩ་གཉིས་མགོ་ལ་གྱེས། །བཅུ་གསུམ་པ་ནས་རྩ་གཉིས་མཆིན་པར་ཟུག །མཆིན་པའི་ལུང་ཆེན་མཆིན་དྲི་ནག་པོ་[པོར་]འབྲོལ[འབྲེལ་]། །དེ་བཞིན་མཚེར་པ་མཁར་[མཁལ་]མ་བསམ་སེལ་[སེར་]འབྲེལ། །བཅུ་བཞི་པ་ནས་སྲོག་རྩ་གཉིས་སུ་གྱེས། །སྣེ་སར་ཐོན་ནས་རྐང་པ་གཉིས་ལ་བརྒྱུད། །དེ་ལས་གྱེས་པའི་དོན་སྣོད་ནང་རྩ་རྣམས། །འབྲལ་འབྲེལ་མང་བས་ས་ནང་རྒྱུས་རྩ་འདྲ། །གཉིས་པ་ཕྱི་རྩ་བྱང་ཁོག་སྟོད་ལ་སྙིང་རྩ་དྲུག །[བྲང་རུས་གཡས་གཡོན་ནུ་མདུན་མཚོན་དོ་ན། །སྙིང་རྩ་ཕྲ་ཁབ་ཐོང་གར་ཁབ་བཙུགས་འདྲ། །སྒྲོག་རུས་དཀྱིལ་ནས་ཐུར་དུ་མཚོན་གང་ན། །སྙིང་རྩ་དངུལ་གྱི་འབུ་རུ་གཟེར་བཏབ་འདྲ་]། །ནུ་མའི་སྟེང་འོག་ཚོན་རེ་བུ་རྩ་ཡོད། །གློ་བ་མ་བུའི་ཕྱི་རྩ་ཉི་ཤུ་བཞི། །གློ་མ་རྩིབ་[རྩིབས་]ལས་ཕྱུང་[བྱུང་]བའི་ཚིག་[ཚིགས་]འགྲམས་གཉིས། །ཚིགས་པའི་གཡས་གཡོན་མཚོན་རེ་ཕུན་རེ་ན། །སྟོད་སྨད་ཀུན་ཏུ་ཁྱབ་རྒྱུ་བཞི་པའི་ཐད་ཁ་གཉེན[གཉན]། །དེ་ལས་བཞི་གྱེས་གཉིས་ནི་བྲང་དུ་འགྲེམ[འགྲིམ]། །གཉིས་ནི་ལྟག་ཆུའི་རྩ་ནས་མགོ་ལ་འགྲོ། །རྩ་དེ་མཆིན་དྲི་ཡན་ཆད་གློ་བར་དབང༌། །མར་བཅད་མཁལ་མའི་རྩ་ཡིན་བཅུ་བཞི་པའི། །ཐད་ཀར་མཁལ་མའི་རྩ་ནག་བྱ་བ་ཡོད། །དེ་ནས་བཞིར་གྱེས་གཉིས་ནི་དཔྱིད་[དཔྱི་]སྟེང་དོན། །དེ་ལས་ཡང་ནི་གཉིས་གཉིས་བཞི་རུ་གྱེས། །བླ[བརླ་]སྒང་སྣེ་སར་བརྒྱུད་ནས་ལྒང་པར་འབྲེལ། །རྩ་གཉིས་འཇུག་[མཇུག་]ཐུང་བརླ་ཡི་ཕྱི་སུལ་རྒྱུ། །གློ་མ་རྩིབ་[རྩིབས་]ལས་བྱུང་བའི་ཚིག་འགྲམ་[ཚིགས་འགྲམས་]གཉིས། །ཚིགས་པ་བཞི་པའི་གཡས་གཡོན་མཚོན་རེར་གནས། །གློ་མ་ཐང་[སྒང་]ལས་ཕྱུང་[བྱུང་]ཐད་ནང་རྒྱུག་གཉིས། །ཚིག་[ཚིགས་]པ་དྲུག་པའི་སོར་ལྔའི་ས་ན་གནས། །གློ་མ་སྟག་མགོ་ལས་བྱུང་གྲོག་རྐེད་གཉིས། །ཚིགས་པ་བརྒྱད་པའི་སོར་བདུན་ཐད་ཀར་རྒྱབ། །གློ་མ་ཟགས་སྣ་ལས་བྱུང་གྱེར་[སྒེ་]དོར་གཉིས། །ཚིགས་པ་བཅུ་པའི་ཆགས་[ཆག་]གང་ཐད་ན་གནས། །གློ་མ་གཤམ་ལས་བྱུང་བའི་འགྲེང་བུ་གཉིས། །ནུ་མའི་ཐད་དྲང་སྒྲོག་རུས་འོག་ཏུ་འགྲོ། །གློ་བུ་ཐུགས་ཁབ་ལས་བྱུང་ཕྱིར་རྒྱུག་གཉིས། །ནུ་མདུན་ཚོན་རེའི་ས་ནས་སྒྲོགས་[སྒྲོག་]ཆར་འགྲོ། །གློ་བུར་མཛོ་སྣ་ལས་བྱུང་བསྣོལ་མ་གཉིས། །གློ་བུ་བན་བོན་ལྕེ་ལས་བྱུང་བའི་ཟངས་མ་གཉིས། །ཕྱི་རྒྱུག་རྩ་དང་སྒྲོག་ཆར་གཡས་གཡོན་བསྣོལ། །མཆན་འོག་ཕྱི་ནང་གྱེ་[གྱེན་]ཐུར་ཆག་གང་པ། །གློ་བུ་བན་བོན་ལྕེ་ལས་བྱུང་བའི་ཟངས་བུ་གཉིས། །མཁན་[མཆན་]ཁུང་འོག་ནས་རྩིབ་རིང་སྟེང་དུ་འགྲོ། །གློ་བུ་རྟེལ་[རྟེ་]མིག་ལས་བྱུང་སྔོན་བུ་གཉིས། །སོག་པ་མེ་ལོང་དཀྱིལ་གྱི་འོག་ན་གནས། །མ་བུ་སྒྲོག་[པ་]ལུང་འཛིན་ཁུག་པ་གཉིས། །དཔུང་ཚིགས་ཆག་གང་གཅལ་[བཅལ་]བའི་ཟུར་ལ་བཀལ། །ཚང་ཚིང་ལས་བྱུང་གློ་རྩ་དུང་འབུར་[འབུད་]གཉིས། །དཔུང་པའི་ནང་ངོས་ཆགས་[ཆག་]གང་ཐུར་ལྟས་[བལྟས་]གནས། །མཆིན་རྩ་ཤ་རུས་[རུ་]མོན་རུ་རྣམ་པ་གཉིས། །ལྷེལ་[ལྷེན་]སྣ་ལས་བྱུང་ནུ་མདུན་མཚོན་དོའ་[དོ་]སར། །ཡར་ལ་ཆག་གང་ས་ནས་གཉིས་སུ་གྱེས། །རྩ་གཉིས་དཔུང་རྒྱུད་རྣ་བརྒྱབ་[རྒྱབ་]འཇའ་བྱེད་རྒྱུ། །མཚེར་རྩང་[རྩ་]བྱ་རྐང་རྟ་ཤའི་གསེབ་ན་གནས། །འཁྲིས་[མཁྲིས་]རྩ་ཆུ་མིག་གློ་བའི་ཚང་ཚིང་བརྒྱུད། །གསེར་གྱི་རྩ་སེར་དཔུང་སོག་བར་ནས་[ན་]གནས། །ཕོ་རྩ་སྦྲུལ་མིག་ཀ་བ་བོང་རྨེད་གཉིས། །སྦྲུལ་མིག་ལྷེན་སྣའི་གཡས་གཡོན་ཚོན་རེ་ཡོད། །ཕོ་དཀྱིལ་གཡས་གཡོན་སེར་[སོར་]གསུམ་ཀབ་[ཀ་]བ་ཡིན། །བོང་རྨེད་ལྡེ་[ལྟེ་]བའི་གྱེན་ཚོན་གངས་[གང་]ན་གནས། །ལྟེ་ཟུར་གཡས་གཡོན་ཚོན་རེ་ལོང་རྩ་ཡིན། །རྒྱུ་རྩ་དེའི་གཞུག་སྣེ་ཁུག་གཉིས་[ལ་]འགྲིམས། །རྒྱུ་ལོང་ནང་རྩ་འཁྱོགས་མཚམས་རྒྱུ་ཚིལ་འབྲེལ། །བསམ་སེའི་[སེར་]རྩ་ནི་དཔྱི་ནས་ཆུ་སོར་རྒྱུ། །ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ། །མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས། །དེ་བཞིན་གནས་པའི་རྩ་རྣམས་བཅད་བཏུབ་ན། །ཕལ་ཆེ་[ཆེར་]འཆི་ལ་བརྡུང་བཙན་[ཐིགས་]སུ་འགྱུར། །དྲུག་པ་རྒྱ་སྐར་ལྟ་བུའི་གསང་བ་[ས་]བསྟན་པ་ནི། །གསང་ལ་རང་གསང་མདའ་གང་[གསང་]ཕོག་གསང་དང༌། །དབྱེ་བའི་གསང་དང་རྣམ་པ་བཞི་རུ་ཡོད། །རང་གསང་ཁ་ནི་གློ་སྦུབས་ཕོ་སྟོད་གསང་། །འོག་སྒོ་འཕོངས་གསང་རྒྱུ་ལོང་མཁལ་ལྒང་རང་གསང་ཡིན། །གཉིས་པ་མདའ་གསང་སྟོད་གསང་ཕྱལ་མོ་ལྗུར་[ཅུར་]འབྱིན་ཐུབ། །མཆིན་དྲིའི་ཁྲག་པ་ཁྲ་བོས་མཛུབ་རེ་ཐུབ། །སྒལ་འདབས་གཡས་གཡོན་ནུ་མ་ཚོན་གང་འོག །རྩི་[རྩེ་]སོར་བཞི་བཞི་སོང་ཡང་དོན་མི་སླེབ། །སྟེང་[སྟོད་]དུ་གར་ཕོག་གཡོར་[སོར་]གསུམ་དོན་མི་སླེབ། །སྨད་དུ་གར་ཕོག་སོར་གཉིས་དོན་[སྣོད་]མི་སླེབ། །གཞན་ཡང་ལུས་ཀྱི་སྡོ་[སྡོད་]ལུགས་ཕོག་ལུགས་ཀྱིས། །གསང་བ་[ས་]མེད་ཀྱང་ལྗུར་[ཅུར་]འབྱིན་ཐུར་[ཐུབ་]པ་ཡོད། །གསང་ལ་ཕོག་ཀྱང་དོན་སྣོད་ཟིན་པ་ཡོད། །གསུམ་པ་ཕོག་གསང་དབྱེ་གསང་རྣམས་ལ་མཚོན་ཕོག་ཀྱང་། །མཚོན་ཕྱིར་ཁྲག་ཐོན་གསང་དབྱེ་མི་དགོས་སོ། །བཞི་པ་གསང་གི་དབྱེ་བ་སྟོན་པ་ནི། །སྟོད་ལ་བྲང་གི་སྙིང་གསང་དྲུག་དང་ནི།གློ་བ་མ་ཡི་རྒྱབ་གསང་བཞི་དང་ནུ་གསང་གཉིས། །མ་བུ་གཉིས་བརྒྱུག་[རྒྱུག་]ཟུར་གསང་རྣམ་པ་དྲུག །གསང་ས་བཅོ་བརྒྱད་རྒྱ་སྐར་བྱེ་བ་འདྲ། །དེ་ལ་བྲང་གི་སྙིང་གསང་དྲུག་དང་ནི། །དཀར་ནག་མཚམས་ནས་གྱེན་ཚོན་གང་གཅལ་[བཅལ་]བ། །དེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་དང༌། །ཕུན་རེ་བཅལ་བ་དཔལ་ཁབ་གསང་པ་[ས་]ཡིན། །དེ་སྟེང་ཚོན་གང་གཅལ་[བཅལ་]བ་ཐུགས་ཁབ་གསང༌། །དེ་སྟེང་ཚོན་གང་བཅལ་བ་བྱ་རོག་མིག །རྒྱབ་ཀྱི་གློ་མའི་གསང་པ་[ས་]རྣམ་བཞི་ནི། །ཚིགས་པ་བཞི་པའི་གཡས་གཡོན་སོར་བཞིའི་སར། །གློ་བ་བྲུངས་ཁུད་རྣག་གི་འབབས་པ་[ས་]ཡིན། །ཚིགས་པ་བརྒྱད་ནས་དགུ་པའི་ཐད་ཀ་རུ། །འཛུག་[མཛུབ་]གང་གཅལ་[བཅལ་]བ་སོགས་[སོག་]པ་སོར་གཉིས་འོག །རྒྱབ་གསང་རིང་མོ་གློ་སུལ་རྣག་འབབ་པ་[ས]། །བུ་གསང་ནུ་མ་གཉིས་ནས་མཆན་ཁུང་ངོས། །སོར་བཞི་གཅལ་[བཅལ་]ལ་དེ་ནས་ཐུར་སོར་བཞི། །ཆག་གང་ནུ་མ་བུ་ཡི་ཟུར་གསང་ཡིན། །མ་བུ་གཉིས་རྒྱུག་བཅུ་གཉིས་བཅུ་གསུམ་མཚམས། །ཆག་གང་འཁྱུད་[མཁྱིད་]གང་འཛུག་[མཛུབ་]གང་གཅལ་[བཅལ་]བའི་སར། །རྩིབ་མ་བཅུ་གཉིས་བཅུ་གསུམ་བཅུ་གཅིག་བར། །ཐེམ་ཀ་དང་པོ་བར་པ་ཐ་མ་གསུམ། །གློ་བ་མ་བུ་གཉིས་ཀའི་རྣག་འབབ་པ[ས་]། །གཉིས་པ་སྨད་ཀྱི་དབྱེ་གསང་ཚིགས་པ་བཅུ་བཞི་ནས། །གཡས་གཡོན་སོར་དྲུག་མཁར་[མཁལ་]མའི་རྣག་འབབ་གསང༌། །ལྟེ་བ་སྣེ་དཀྱིལ་དཔྱི་ཟུར་མཚན་མའི་སྟེང༌། །ཐིག་གདབ་རྒྱ་གྲམ་ལྟོ་བའི་སྤྱི་གསང་ཡིན། །ཨ་ལོང་ཁ་ནས་ནང་དུ་སོར་བཞི་ན། །གཞིང་[གཞང་]གསང་ཞེས་བྱ་རྣག་རྣམས་འབབ་པ་[ས་]ཡིན། །འོན་ཀྱང་སྟོད་སྨད་དབྱེ་གསང་མ་ཡིན་པ། །རྣག་གི་འབབ་པ་[ས་]མ་ངེས་གར་འབབས་དབྱེ། །གཉིས་པ་ངོས་འཛིན་རྨ་ཡི་རྟགས་ལ་བདུན། །གཅིག་པ་ཕོག་པ་[ས་]ཡུལ་ལ་བརྟག་པ་དང་། །གཉིས་པ་མཚོན་གྱི་འགྲོད་ལམ་བརྟག་པ་དང༌། །གསུམ་པ་ནང་དུ་རྡོལ་[རྟོལ་]དང་མ་རྟོལ་བརྟག་པ་དང་། །བཞི་པ་ཁྲག་ན་[ངན་]བབས་དང་མ་བབས་རྟག[བརྟག] །ལྔ་པ་དོན་སྣོད་ཟིན་དང་མ་ཟིན་བརྟག །དྲུག་པ་འཚོ་འཆི་ལ་ཤན་བརྟག་པ་དང་། །བདུན་པ་མདོར་བསྡུས་ཁ་མར་བཏག་[བཏགས་]པའོ། །དང་པོ་ཕོག་པ་[ས་]ཡུལ་ལ་བརྟག་པ་ནི། །ཚིགས་ཀྱི་མཁར་དང་མཁར་མཚམས་འཇུག་[མཇུག་]གསུམ་གཉན་པ་སྟེ། །གཞུང་པར་མ་སླེབ་མདེའ་[མདེ་]བུ་མ་ལུས་འཚོ། །གཞུང་ཟན་[ཟིན་]སྟག་[ལྟག་]པ་དགྱེ་ལ་སྒྱིད་པ་བཅུད་[གཅུ]། །སྨད་འཕྱེས་དྲི་ཆུ་སྡོམ་ན་བདུན་ན་འཚོ། །བྲང་རུས་གཉན་ཏེ་ལྷ་བྱེར་འབྲས་སུ་འགྲོ། །བྱ་འདབས་ལྷ་རུ་རྩེ་དང་དཔྱི་སོགས་འབྲེལ། །སྒྲོག་རུས་རྩིབ་མ་ཉན་[ཉེན་]ཆུང་ཟུག་གཟེར་ཆེ། །ཕྱི་བཤུལ་བཅད་ན་རྒུར་ལ་ནང་བཤུལ་དགྱེ། །བཞག་ཤ་དཀར་ནག་གསོག་ཅིང་གཟེར་ལ་བྱེར། །དེ་དག་རབ་གཉན་ཤ་གནད་ཕྱི་མ་འབྲིང༌། །ནང་རྩ་ཀུན་དང་སྙིང་དང་གློ་བུ་གཉེན་[གཉན]། །གློ་མ་མཁལ་རྩ་འབྲིང་ལ་གཞན་མ་ཐ། །སྙིང་དང་གློ་བུ་མཆིན་མཁལ་རྒྱུ་མའི་ཡུལ། །ཕོག་པའི་ས་ན་[སར་ངན་]གློང་[གློ་]མ་འཚེར་[མཚེར་]པ་དང༌། །ཕོ་ལོང་ལྒང་པའི་ཡུལ་རྣམས་འབྲིང་པོ་ན། །དོན་སྣོད་ཡུལ་མིན་སྟོད་[སྟོང་]གསང་ཕོག་པ་[ས་]བཟང༌། །གཉན་དང་མི་གཉན་ཕོག་ཡུལ་བཟང་ངན་བརྟག །དེ་ཕྱིར་དང་པོ་ཕོག་པ་[ས་]སྔོན་དུ་བརྟག །གཉིས་པ་མཚོན་བསྒྲོ་[བགྲོད་]ཤུལ་ལམ་བརྟག་པ་ནི། །ཕོག་པའི་ས་ལ་ངེས་མེད་གར་ཕོག་པ། །གནད་ལ་ཕོག་དང་མ་ཕོག་འཚེ་བ་ཡོད། །དེ་ཕྱིར་མཚོན་གྱི་བསྒྲོད་[བགྲོད་]ལམ་ཤེས་པ་གཅེས། །རིམ་པ་འཆི་འཚོ་རྐྱེན་ལས་གྱུར་པ་ཡིན། །གློ་སྟོད་མཚོན་ལམ་རིམ་[རིང་]ན་རྩ་ནང་སྙིག[སྙེག] །མོད་ལ་ཁྲག་གིས་འབྱོར་ན་འཚོ་ཡང་སྲིད། །ཤ་གཤགས་རུས་ཕུག་རྩ་བཅད་དོན་ལ་ཟིན། །རིམ་བཞིན་ཉེན་ཆེ་བཞི་སྦྲགས་ཕུག་ན་འཆི། །གློ་བ་མ་ལ་སྟེང་འོག་ཐད་དྲང་རྨ། །ཆུ་འཐུང་དབུགས་འཐིམ་རྐྱེན་ལས་བྱུང་བ་ཡི། །རྩ་ཁ་ཤོར་ན་ལུས་ཀུན་སྐྲངས་པས་གང་། །ཁྲག་གིས་བྱང་ཁོག་གང་ནས་འཆི་བ་ཡིན། །དེ་ཕྱིར་རྩ་ཁ་བསྡམ་པའི་ཟས་སྤྱོད་གཟབ། །མཚོན་ལམ་ཐུང་ན་རྩ་ཁ་མི་ཟིན་ཅིང་། །ཆུ་སེར་ལྗི་[ལྗིད་]མི་ལྗང་[ལྷུང་]བས་མཁས་པར་འཚོ། །གློ་སྨད་མཚོན་ལམ་ཐུང་ཡང་ཆུང་[ཆུ་]སེར་གསོག །མཚོན་ལམ་རིང་ཡང་རྩ་ལ་ཟིན་པ་མང་། །དེ་ཕྱིར་དོན་ཐིག་[ཐིགས་]སོག་པ་[གསོག་པས་]འཚོ་དཀའ་སྦྱོར[སྦྱོང་]། །གསུམ་པ་ནང་དུ་བརྡོལ་[བརྟོལ་]དང་མ་བརྡོལ་[བརྟོལ་]བརྟག་པ་ནི། །ནང་བརྡོལ་[བརྟོལ་]སྨྲ་བའི་ཚིག་གཞུག་མི་ཐོན་འཆད[ཆད]། །འགྲོ་བའི་སྟང་[སྟངས་]ཞན་ཁོང་འཁྱོམ་དབུག་[དབུགས་]མི་བདེ། །གློ་སོར་ལུ་དུས་གང་རྒྱབ་[བརྒྱབ་]ཕྱོགས་སུ་འཁྱོག །ཁ་ཟས་མི་འདོད་ཟུག་ཆེ་སྐྲ་མཚམས་རྔུལ། །དེ་དགུང་[དགུ་]ཚང་ན་ནང་དུ་བརྡོལ་[བརྟོལ་]ངེས་ཡིན། །སྟོད་གསང་ཕོག་དང་དོན་ལ་མ་ཟིན་ཅིང་། །ཁྲག་མ་ཤོར་ན་མདའི་ལྗུར་ཕྱུང་ཡང་། །ཟུང་[ཟུག་]ཆུང་དབུག་[དབུགས་]བདེ་མདངས་གསལ་འགྲོ་སྙེམ་ན[འགྲོས་མ་ཉམས]། །ཚད་པ་སྐྱེས་སྐད་གདོན་[གདངས་]དྲག་དང་ཁ་ཟས་ཞིམ། །དེ་ནས་[ནི་]བརྡོལ་[བརྟོལ་]བའི་མ་བརྡོལ་[བརྟོལ་]ཞེས་བྱ་སྟེ། །རྩ་གཉན་ཆོད་ན་དམ་[ངམ་]ནག་གདོས་[གདོང་]པ་སྣུམ། །ལུས་ལྗི་[ལྕི་]སྐོམ་དད་ཆེ་ལ་དང་ཁ་འགག །ཉིན་མོ་གཉིད་ཆུང་ཟུག་ཆེ་གློ་མང་པོར་[སོར]། །རྩ་ཐིག་[ཐིགས་]སོགས་པ་[གསོག་པས་]མ་བརྡོལ་[བརྟོལ་]བ་ཡི་བརྡོལ་[བརྟོལ་]ཡིན་ནོ། །ཤ་གཉན་རུས་གཉན་བཅད་བརྡུང་གཟུག་[ཟུག་]གཟེར་ཆེ། །མ་བརྡོལ་[བརྟོལ་]ཡིན་ཡང་ཉེས་ཀྱི་གོལ་ས་ཆོད། །སྦོས་དགྲེག་[སྒྲེག་]དྲི་ཆུ་སྲི་དང་ལྡང་དུབ་བྱེད། །བྱང་ཁོག་སྨད་ཀྱི་ནང་བརྡོལ་[བརྟོལ་]སྤྱི་རྟག་[རྟགས་]ཡིན། །བཞི་པ་ཁྲག་ངན་བབས་པའི་རྟག་[རྟགས་]བསྟན་པས། །གླང་ཐབས་གཟེར་ལ་ཁུག་མ་ལྷེན་འོག་ཟེར། །ཙེག་[ཙོག་]པུར་མི་ཟུག་སྔས་ལ་ཉས་[ཉལ་]མི་ཤེས། །ལུས་འདར་དཔྲལ་འདབ་རྔུལ་ཅིང་སོ་དྲེག་ཆགས། །གྲང་ན་ན་ཞིང་དྲོ་ན་བདེ་སྙམས་[སྙམ་]བྱེད། །ཞལ་ཅིག་[ཞག་གཅིག་]ལོན་ནས་ལྕེ་མཆུ་སྙིལ་[རྙིལ་]བཀྲག་འཆོར། །རྩ་གྲིམས་ཆུ་དམར་སྟོད་གུག་ལུས་ཉམས་བྲི། །ཆུ་བཞིའི་རྟགས་ལྡན་ཁྲག་ངན་ཐིགས་ལ་ལྔ། །ལྔ་པ་དོན་སྣོད་ཟིན་པའི་རྟག་[རྟགས་]བསྟན་པ། །དོན་ཟིན་ཕོག་དུས་ཤེས་པ་ཟི་ཞིང་འཚུབ། །གང་ཟིན་ཚིག་[ཚིགས་]གསང་ཁ་ཕྱེ་[བྱེ་]མནན་ནས་ན། །དབུགས་ཐུང་དགྱེ་དགུ་མི་ནུས་སང་ཚོས་[པང་འཚོས་]དགོས། །དེ་མ་ཐག་ཏུ་རྩ་ཆུའི་ཚ་བ་སྐྱེ། །དེ་དག་དོན་ལ་ཟིན་པའི་སྤྱི་རྟགས་ཡིན། །ཁྱད་པར་སྙིང་ལ་མཚོན་ཕོག་བཏོན་དུས་འཆི། །སྙིང་ཚིལ་བརྒྱལ་འབོག་བསྔགས་[དངངས་]འདར་བཞིན་མདངས་ཉམས། །ཆུ་གཏོར་བསིལ་ཕབ་བསྐུ་བྱུག་འོ་དྲོན་གཏིག །དེ་རྗེས་ཡིད་གྲུངས་དྲན་གསལ་གསོ་གླགས་འོང་། །སྙིང་རྩ་བཙན་ཆོད་སྨྱོ་འདར་བསྔང་ཆུང་འོང༌། །རྩ་ཐིགས་ཤོར་ན་སྙིང་ལ་ཆུ་རྣག་གསོག །སྲོག་རྩ་བཅད་ན་དེ་མ་ཐག་ཏུ་འགུམ། །བཙན་བརྡུངས་ཟུག་གཟེར་བཟོད་མེད་འདྲེ་ལྡོག་བྱེད། །ལག་པས་ས་གཡོབ་ཚབས་ཆུང་འཚོ་ཡང་སྲིད། །གློ་ཕུག་གློ་ལུ་མི་ཤེས་ཟ་ཟི་སྨྲ། །དབུགས་ནི་ཉི་མས་གདུང་བའི་ཁྱི་འདྲ་ལ། །སྣ་ནས་ཁྲག་འོང་སྦུ་[ལྦུ་]ཅན་ཁྲག་ཏུ་སྐྱུག །སྟག་འགོ་ཟིན་ན་ཞག་བདུན་ལོ་དུས་འཆི། །གློ་སྒང་བདུན་དགུ་རྩིབ་[རྩིབས་]ལ་བཅུ་ནས་འཆི། །གློ་བཤམས་[གཤམ་]བཅུ་བདུན་བཅུ་དགུའི་དུས་ལ་འཆི། །གློ་བུ་གང་ཕོག་དེ་མ་ཐག་ཏུ་འཆི། །འགོར་ཡང་ཞག་མ་གསུམ་ལས་སྡོད་པ་མིན། །གློ་རྩ་ཆོད་ན་ལུད་པ་བཙན་[ཙན་]དམར་ལུ། །རྩ་སྟེང་ཁྲིད་ཅིང་གཟེར་ལ་ཚ་བ་སྐྱེ། །གདོང་སྣུམ་དབུགས་མི་བདེ་ལ་གྲང་ཤུབ་[ཤུམ་]བྱེད། །རྩ་ཐིག་[ཐིགས་]ཤོར་ན་གློ་ལ་རྣག་ཐིག་[ཐིགས་]གསོགས་[གསོག]། །ཁྱད་པར་ཚིག་[ཚིགས་]འགྲམས་སྟོད་དུ་མཇིགས་པར་ངེས[མཇིང་པ་རེངས]། །སྨད་དུ་མཁལ་རྐེད་ན་ཞིང་རྐང་པ་འཕྱེས། །ཁུག་པ་ལྡན་དུས་[ལྡང་དུབ་]སྔོན་བུ་སྐིག་བུས་འདེབས། །གཟེར་མགོ་རྐེད་འཛིན་[སྐད་འཛེར་]མགོ་རྨ་[དམའ་]དུང་འབུད་སྐྲངས། །མཉོལ་[བསྣོལ་]མ་ཉམ་འཆག་ཆར་བུ་སོག་དབྲག་གཟེར། །མཆིན་དྲི་དཀར་པོ་བཅད་ན་སྐད་མི་འབྱིན། །དབུགས་བསྡམ་འབྲི་ཚུགས་ལྟ་ཞིང་ཡན་ལག་གཡོབ། །ཟས་ཟོས་ན་ལ་སྒྲེགས་མངས་[མང་]ཟུག་ཆེ་འོང་། །ཚབས་ཆུང་མཁས་པས་མྱུར་གསོས་འཚོ་བ་ཡོད། །རྟགས་ཚང་ལྔ་དུས་ལྡོག་ལ་བདུན་ན་འཆི། །ཡོལ་བ་ཕུག་ན་སྟོད་ཁྲག་སྨད་དུ་འཆོར། །སྨད་རླུང་སྟོད་དུ་འཆོར་བས་ཕལ་ཆེ་[ཆེར་]འཆི། །ནག་པོ་སྟོད་ལྗི་[ལྕི་]མི་[མིག་]འཛུམ་ཁྲག་ནག་སྐྱུག །ཁུས་འདེབས་མིག་རྩ་རྒོད་ལ་བར་སྣང་ལྟ། །འདུག་པ་[སར་]མིང་[མི་]ཚུགས་ཞག་མ་དགུ་དུས་འཆི། །སྨྲ་འདོད་ཞེ་ས་མཁས་ལ་འགྲོ་འདུག་མང་། །ཆང་འདོད་བླུད་ན་དང་ཁས་མི་ལེན་པ། །ནག་པོ་བརྡུང་རྟག་[རྟགས་]དེ་རྣམས་འཚོ་བར་འོང་། །མཆིན་པ་རྩི་ཉམས་གྱུར་པས་འཆི་བ་སྟེ། །ཚབས་ཆེ་ཁྲག་ཏུ་འཁྲུ་སྐྱུག་ཕོག་དུས་འཆི། །བསྡབས་[བརྡབས་]བརྡུང་མིག་དམར་མདོག་སྔོ་འཁུན་བུ་འོང༌། །མདོང་[གདོང་]སྣུམ་འགུལ་ན་རྩ་རྒྱས་ལྡན་[ལྡང་]དུབ་བྱེད། །ཚབ་[ཚབས་]ཆུང་གྱུར་ན་མོད་དུས་གསོ་གླགས་ཡོད། །མཆིན་པ་བཙན་ཆོད་མགོ་དང་དཔུང་པ་ན། །ངོ་གདོང་སྣུམ་ཞིང་མིག་སྤྲིན་དམར་པོར་འགྲོ། །མཚེར་པའི་ཆ་ག་སྙིང་འདར་གྲང་ཤུམ་བྱེད། །ཁོང་སྦོ་ཕྱི་མ་[ས་]འགགས་ལ་ལྔ་དུས་འཆི། །བརྡབ་བརྡུངས་མཐིལ་དུ་ཕུག་ན་ཁོང་པ་སྦོས། །འཁྲུ་འམ་རྒྱུན་འགགས་གཡལ་སྦྲིད་མཆུ་སྣིལ་[རྣིལ་]སྐྱ། །གདོང་མིག་ནག་ཐིག་འབྱུང་བ་སྟེ་མཁས་ན་འཚོ། །མཁལ་མ་གཉིས་ལ་རྩི་ཉམས་གྱུར་པས་འཆི། །མཁལ་ཐག་ཆད་ན་རྐང་པ་སྡུད་མི་ཤེས། །ཁུས་འདེབས་ལུས་བགྲད་ཞག་ཅིག་མད་[མོད་]འཆི། །བརྡབས་བརྡུངས་མཁལ་ཚིལ་ཟིན་ན་ལུས་བྱིན་[བྱིངས་]ལྗི་[ལྕི]། །རྐང་ལག་སྡུད་དཀའ་ཆུ་སྲི་རྣ་བ་འོན། །དེ་འདྲ་མཁས་པས་འཚོ་བ་དཀའ་མི་དགོས། །མཁལ་མའི་རྩ་ལ་སོང་ན་རྐང་པ་བཤལ། །དྲི་ཆུ་སྡོམ་ནས་རྩང་[རྩ་]རྒྱུད་འཁྲིད་ནས་གཟེར། །སྣོད་ཕུག་ཕྱི་རྟགས་རྩིབ་མ་ནང་གཟེར་འཁྲུ། །ཕོ་བ་ཕུག་ན་སྦོས་དཀའ་བཙན་ཐབས་སྦོས། །ཐེར་ཕོག་འཚོ་སྟེ་རྫེམས་ལ་སོང་ན་འཆི། །རྫེམས་སོང་གླང་ཐབས་ན་ལ་དྲི་ཆུ་སྡོམ། །ལུས་ཀྱི་སྟོབས་འཆོར་ཟས་ཟོས་མི་ལེན་སྐྱུག །འཚོ་སྙམ་བྱེད་ཀྱང་རྐང་སོང་བཅུ་བཞི་དང་། །སྦྲུལ་མིག་ཉེར་གསུམ་བོང་སྨེད་[རྨེད་]སུམ་བཅུ་[ཅུ་]འཆི། །མཁྲིས་ལ་སོང་ན་མཁྲིས་པ་འཁྲུ་སྐྱུག་འཆི། །བསྡབས་[བརྡབས་]བརྡུང་མིག་ཆུ་ཤ་མདངས་སོ་སོར་འགྲོ། །མྱུར་དུ་མ་བཅོས་ཞག་ལྔའི་དུས་ན་འཆི། །ཁྲག་ལོང་ལུ་གུ་མགོར་ཕོག་གླང་ཐབས་ན། །ཁྲག་རུལ་འཁྲུ་སྐྱུག་ཞག་དགུའི་དུས་ན་འཆི། །སྲིན་ལོང་སྲིན་བུ་འཁྲུ་སྐྱུག་གླང་ཐབས་ན། །ལོང་ཐེར་སྦོས་ཏེ་དྲི་ཆུ་སྲི་བར་བྱེད། །དེ་ཉིད་མཁས་པས་གསོ་[གསོས་]ན་སོས་པ་མང་། །རྒྱུ་མ་ཕུག་ནས་ལུས་པོ་སྡོད་མི་ཚུགས། །ཟུག་ཆེ་མཚན་མ་མེད་[ཉེད་]ལ་ཚ་འབྲབ་བྱེད། །རྒྱུ་མའི་བུག་པ་དུ་ཡོད་ཞག་རེ་ཐུབ། །མ་ཕུག་ལུག་པ་བཅོས་པས་འཚོ་བ་ཡིན། །བརྡུངས་སམ་བཅད་ན་ཁ་ཁ་ཚ་བ་སྐྱེ། །རྒྱུ་མ་གཟེར་ལ་འཁྲུ་ཞིང་མིག་ཆུ་སེར། །གཉེའ[གཉེ་]མ་ཕུག་ན་སྲིན་བུ་གྱེན་ཐུར་འོང༌། །ཧས་འདེབས་ཐལ་མོ་བརྡེབ་ཅིང་གཅིག་ན་འཆི། །གཞང་ལ་ཕོག་ན་དྲི་མ་ལྷུག་[ལུག་]གམ་སྡོམ། །སོར་བཞི་ཡན་ལག་[ཆད་]འཚོ་དཀའ་མན་ཀང་[ཆད་]འཚོ། །ལྒང་གནད་ཕུག་ན་དྲི་ཆུ་སྲི་འམ་ལྟུག[ལྡུགས]། །ཁ་ལ་སོང་ན་འཆི་ལ་ཐེར་སོར་[སོང་]འཚོ། །བསམ་སེར་སོང་ན་ལུས་སྦྲིད་གན་རྐྱལ་འགྱེལ། །འདྲེ་ལྡོག་བྱེད་དེ་ཚུབ་[ཚབས་]ཆུང་འཚོ་བ་ཡིན། །མཚེར་པ་རྒྱུ་ལོང་ལྒང་པ་བསམ་སེར་སོགས། །རྩ་རྣམས་རང་རང་རྟགས་དང་མཐུན་པར་གཅིག[ངེས་]།དྲུག་པ་འཚོ་འཆིའི་ལ་ཤན་དབྱེ་བ་ནི། །རྒྱབ་[བརྒྱབ་]མ་ཐག་ནས་དྲན་པ་ཉམས་པ་དང་། །བརྒྱལ་འབོག་བསྔང་འདར་ཁྲག་ཏུ་སྐྱུག་ན་འཆི། །མཚོན་ཕོག་ཞག་མ་གསུམ་དང་ལྔའི་བར། །ཅིས་ཀྱང་ཚ་བ་མི་ཆོག་[ཆོགས་]ཟུག་མི་འབྲི། །ཅི་[ཇི་]ལྟར་བཅོས་ཀྱང་སྐྱེད་མེད་འཆི་བར་ངེས། །ཤད་[ཤེད་]མེད་ཚ་བ་སྐྱེ་ལ་ཡི་ག་འགག །རྟག་ཏུ་འཁྲུ་སྐྱུག་དྲི་ཆུ་སྲི་ན་འཆི། །མིག་མདངས་ཉམས་ཤིང་འཛུམ་དཀའ་གྱེན་ཏུ་ཟློག །ཁ་སྣའི་དབུགས་གྲང་གདོང་ལ་དྷལ་དངུལ་[བག་རྡུལ་]ཆགས། །ཟུངས་ཤོར་སྟོབས་ཉམས་སྟན་ལ་འབྱར་བ་དེ། །ད་[དེ་]ལྟར་མིག་དང་ཁ་སྣ་ལུས་དང་གསུམ། །བྱ་གཏོང་དེ་གསུམ་བསྣོལ་ན་འཆི་རྟགས་ཡིན། །དོན་སྣོད་འཆི་ལྟས་འཆི་དུས་གོང་ན་བསྟན། །རྩ་རྒྱུད་མ་སྟོང་ཟུག་གཟེར་བར་ཐག་རིང༌། །སྨན་དཔྱད་ལེན་ཅིང་བསྐྱེད་ཆེ་འཚོ་བ་ཡིན། །བདུན་པ་མདོར་བསྡུས་ཁ་མར་འདི་བཞིན་གདག[གདགས]། །ནང་དུ་བདོལ་[བརྟོལ་]ཡང་འཚོ་བའི་ཁ་མར་བཏག[གདགས]། །ཉེན་ཆེ་བཅོས་སུ་ཡོད་ཙམ་ཁ་མར་གདགས། །ཁྲག་བབས་ཆེ་འམ་དོན་སྣོད་ཟིན་པ་ལ། །འཆི་བའི་བྱ་གཏོང་གསུམ་གྱིས་སླེབ་མ་སླེབ། །གསུམ་དང་ལྔའི་བར་དུ་ཤན་མི་ཕྱེད། །ཞག་ལྔའི་ནང་དུ་བྱ་གཏོང་ཡ་[མ་]བྱུང་ན། །དེ་ལ་མཁས་པས་བརྕོན་འགྲུས་བསྐྱེད་ན་འཚོ། །བྱ་གདོང་[གཏོང་]སླེབ་ན་འཆི་བའི་ཁ་མར་གདགས། །དོན་སྣོད་མ་ཟིན་ཁྲམ་[ཁྲག་]ངན་མ་བབས་ནས[ན]། །ནང་དུ་བདོལ་[བརྟོལ་]ཡང་འཚོ་བའི་ཁ་མར་བཏག[གདགས]། །རྩ་ཆེན་ཆད་དམ་ཁྲག་བབས་ཆེ་བ་དང༌། །གཉེན་པོའི་དོན་སྣོད་སྟེང་དུ་མཚོན་ལམ་རིང༌། །འཆི་བདག་བྱ་གཏོང་གསུམ་གྱིས་སླེབ་ལོང་མེད། །ལ་ཆེན་འདའ་བར་ཁ་མར་བཏག་[གདགས་]པར་བྱ། །དེ་བཞན་[གཞན་]ཕོག་པ་གཉན་དང་མི་གཉན་དང༌། །མཚོན་གྱི་འགྲོ་ལམ་ཞག་སྐེག་[ཀག་]ཆེ་ཆུང་དང་། །བཅས་[བཅོས་]བསྐྱེད་ཀུན་སྦྱར་འཚོ་འཆིའི་ཁ་དམར་རྟགས[གདགས]། །ཐེ་ཚོམ་ཡོད་ན་ཤན་མི་ཕྱེད་པར་སྨྲ། །གསུམ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །ཟུག་རྔུ་མཚོན་དང་སྦྱར་ནས་བཅོས་པ་དང༌། །ཕོག་པ་[ས་]གནས་དང་སྦྱར་ནས་བཅོས་པ་དང༌། །སྟོད་སྨད་ཡུལ་དང་སྦྱར་ནས་བཅོས་པ་གསུམ། །དང་པོ་ཟུག་རྔུ་མཚོན་དང་རྨ་ནས་བཅོས་པ་ནི། །རྡོ་དབྱུག་བརྡུང་དང་གཡང་ལྷུང་ཐིབས་[འཐིབས་]འོག་ཚུད། །རྨ་མེད་བྱང་ཁོག་སྟོད་སྨད་ཕྱི་ནང་འགྲམ་[འགྲམས་]། །གཟེར་ཟུག་ཆེ་ཞིང་དགྱེ་དགུ་དཀའ་བ་དང༌། །རྩ་ཆུ་ཚ་བ་སྐྱེས་ན་སྨུག་ཟིལ་འབྱུང༌། །དེ་ལ་ཐང་གཏར་ཕྱེ་མ་དུག་[དུགས་]ལུམས་ཤེས[ཤིས]། །གང་འཚམས་བཅོས་ཀྱིས་འཚམས་པའི་ཚ་རླང་[རླངས་]གསད། །སྦྱོར་བ་འགྲམ་[འགྲམས་]བཅོས་ལེའུ་དེ་དང་འཁྲུལ[འཕྲུ]། །གྲིའམ་མདུང་གིས་གཅད་[བཅད་]གཤག་ཕུག་པའི་རྨ། །དང་པོ་ཨ་ས་སྦང་མའི་ཆས་སུ་བཞུགས[གཞུག]། །དེ་འོག་ཧྲེམ་ན་ཞུན་བྱ་རྣག་ན་འབྱར། །བྱེར་ན་དེབ་བཏང་སྐྱོན་བསལ་རྨ་རྩིས་གསོ། །མདའ་ཡི་ཕོག་དང་ཟུག་རྔུ་ལུས་མ་ལུས། །ཟུག་རྔུ་མ་ལུས་རྨ་སར་ཨ་པས་[སས་]བདུག །དེ་ཡིས་ཁྲག་འདོན་རླུང་བྱེར་རྨ་རིམས་འདུལ། །ཤ་སྣད་[གནད་]མ་གཏོགས་ཆས་མེད་ཁྱི་[ཀྱི་]རྨར་བཞིག[བཞག] །རྨ་སྐམ་རྩ་འབྱོར་ཆུ་སེར་རྣག་མི་གསོག །ཟུག་རྔུ་ལུས་ན་སྡོད་དམ་མི་སྡོད་བལྟར[བལྟས]། །སྡོད་རྟགས་ཟུག་ཆུང་ལྡང་ཉལ་བདེ་ན་བཞག །མར་བཅག་འབྲུ་མར་ཤ་སོགས་མར་དུ་བཏང་། །ཨ་རུའི་ཐང་དང་མེ་བཏབ་སྟོད་ལ་མནན། །སྡོད་དུ་མི་འདོད་དབྱུང་བར་བྱ་བ་སྟེ། །དེ་ལ་སྟོར་བ་བཙལ་དང་དབྱུང་ཐབས་གཉིས། །སྟོར་བ་ཕྱི་ནང་རྣམ་པ་གཉིས་ཡོད་དེ། །ཕྱི་ལ་ཤ་རུལ་རུས་ལ་མདེལ་སྟོར་ན། །ད་[དེ་]རྟགས་ཡན་ལག་དག་དང་གཉིས་སུ་མེད། །ནང་དུ་དོན་སྣོད་སོ་སོར་མདེལ་སྟོར་ན། །ཕྱི་རྟགས་ནང་རྟགས་གསང་རྟགས་གསུམ་གྱིས་བཙལ། །ཕྱི་རྟགས་སྲོག་སྙིང་བར་དུ་མདེལ་ལུས་ནས། །གཟེར་བ་མང་ཞིང་རྒྱབ་གཏད་ཉལ་མི་ཤེས། །བྱ་བརྙང་[རྨྱང་]བྱེད་འདོད་ཁ་ལྦུབ་[བུབ་]བདེ་བར་ཚར[ཚོར]། །གློ་བ་མའི་པྲལ་[སུལ་]ན་མདེལ་ཡོད་དབུགས་མི་བདེ། །སྦྲིད་པ་མང་ལ་འཆག་འདོད་མཆིན་[མཆན་]འོག་གཟེར། །ལོག་གཉིད་ཉལ་བ་མི་ཤེས་ཅོག་བུར་[ཙོག་པུར་]བདེ། །སྐེ་རྩེ་[རྩ་]འགྲེང་ཞིང་ལག་པ་བརྐྱང་བསྐུམ་ན། །གློ་བའི་བུ་སུལ་མདེལ་ཡོད་ལུད་པ་དམར། །རང་གི་ལྟེ་བ་མི་མཐོང་རྒུར་ན་གཟེར། །སྔས་དམར་[དམའ་]ཉལ་དཀའ་དཀར་ནག་མཚམས་སུ་གཟེར། །སྲོག་རྩ་མདེལ་སྟོར་སྐྲས་པ་[སྐས་ལ་]འཛེག་མི་ཤེས། །མཚིན་[མཆིན་]དྲིར་མདེལ་ཡོད་ལུས་ལྕི་ངོ་སྣུམ་འཁྲུ། །ཙོག་གུར་[པུར་]བསྡད་ན་མཆིན་པ་ཁེངས་སྙམས་[སྙམ་]བྱེད། །ཀག་འཚེར་[ཀོ་ལེར་]ལོངས་ན་དཔྱད་ལ་བཏང་སྙམས་[སྙོམས་]བྱེད། །མཆིན་སྟེང་མདེལ་ཡོད་མཆིན་པ་གླང་ཐབས་ན། །རྒུར་འགྲོས་སུས་[པུས་]བྲང་འཆའ་དང་གཅུ་མི་ཤེས། །མཚེར་ལ་མདེལ་ཡོད་སྐོམ་འཐུངས་ནས། །ལག་པས་མཉེ་བ་མི་བཟོད་གླང་ཐབས་ལྡང༌། །ཕོ་བ་ལ་ཡོད་མི་སྦོ་ཁ་ཟས་སྐྱུག །བྲང་གི་ཞོལ་ལ་མདེའུ་ཡོད་ན་སྦོ། །མཁལ་མར་ཡོད་ན་ཆུ་སྲོང་[སྲི་]གླང་ཐབས་ན། །རྐང་པ་བསྐུམ་ནས་ཡོད་ངོས་ཉལ་མི་ཤེས། །རྒྱུ་མར་ཡོད་ན་ཟས་སྐོམ་བཏང་དུས་ན། །མཉེ་བར་མི་བཟོད་ཐེམ་པ་བསྒལ་[བརྒལ་]མི་ཤེས། །གོམ་པའི་ཤུགས་ཆུང་དྲི་ཆུ་སྡོམ་པ་དང༌། །ཟུག་གཟེར་ཆེ་ལ་ལྡང་དུབ་བྱེད་ན་ཡོད། །ལོང་ལ་མདེལ་ཡོད་གླང་ཐབས་ཟོས་འཐུང་བདེ། །གཉིས་པ་ནང་རྟགས་མདེར་[མདེའུ་]སྟོར་བཙལ་བ་ནི། །བྱ་མོ་ནག་མོའི་སྒོང་[སྒོ་]ང་མཚལ་ཁྲག །ཆང་ཆུ་འོ་མ་བྱུག་པས་སྨྱུག་མ་འཚུབ། །མདེལ་བུ་ཉལ་ན་ར་[རྭ་]ཤིང་ལང་ནས་ཡོད། །སྣ་རྩེ་བྲང་གཞུང་མཐིབ་[མཐེབ་]སྙིང་སྤྲ་ཚུགས་བཞག །མེ་ཕེབ་[ཕེབས་]སྨྲ་མི་ཤེས་དང་དཀོར་ཚོར་[ཀོ་ལེར་]ན། །གསུམ་པ་གསང་རྟགས་ཁྱི་དཀར་ཕག་ནག་བྱ་རོག་ཤ །སྲིན་བྱའི་ཤ་རྣམས་འཆང་[ཆང་]སྦྱར་སྟོ་སྟང་[ལྟོ་སྟོང་]བཏང༌། །དོགས་སལ་[སར་]སྐྱ་དབྱའི་[ལྕགས་གཡའི་]ཐིག་ལེ་བྱུང་ན་ཡོད། །རུ་[རུས་]སྦལ་ཕག་རྒོད་བྱ་བྱིལ་[བྱི་]ཕོ་མོའི་ཤ །ཆང་སྦྱར་འཁྱོར་[ཁྱོར་]རེ་ནང་མ་གཉིས་སུ་བཏང་། །བཞི་པས་ཁས་ལེན་ར་ཐུགས་[ཐུག་]ཆུ་སྦྱར་བྱུག །ཤ་ལ་དར་ཤོག་བཀབ་སྟེང་ལྕགས་པ་འོང་། །ཧ་ཤིག་དུང་ཐལ་སྟག་གི་རྩིབ་རུས་དང༌། །བྱ་རོག་བྲུན་རྣམས་ཆུ་སྦྱར་ཁོང་དུ་བཏང༌། །ལྕགས་གཡའ་འབྱུང་པར་ཀོར་ལོར་[ཀོ་ལེར་]འགུལ་ཞིང་ཡོད། །གཉིས་པ་སྟོར་བ་རྙད་[རྙེད་]ནས་འབྱིན་པ་སྟེ། །དབྱུང་བའི་ཐབས་ལ་དཔྱད་དང་སྨན་གཉིས་ཡིན། །གནད་མེད་ལྡམ་[ལམ་]ཐུང་མདེལ་ལག་སྤྲད་པ་སྟེ། །སྐམ་པས་དབྱུང་སྟེ་ཡན་ལག་ལྟ་བུར་འདོན། །ལམ་གཉན་གཏིང་རིང་མདེལ་ལག་མ་འཕྲད་པ། །སྨན་གྱིས་བྱུང་[དབྱུང་]སྟེ་བྱ་མ་བྱི་ཡི་ཤ །བྱ་རོག་ཤ་དང་ཁབ་ལེན་སྨུག་པོ་དང༌། །ཕག་རྒོད་མཆེ་བ་ཉ་ཤ་ཆང་སྦྱར་བཏང་། །བྱ་མོའི་ཤ་དང་ཏིལ་ལྟེ་ཕྱུང་པའི་ནང༌། །སོ་བ་ཕུལ་གང་ཁྲམ་ཁྲུམ་བརྡུངས་པ་དང༌། །ལྡོང་རོས་དམར་པོ་ཨ་རུ་བཅའ་ལྒ་ཆང་དང་སྦྱར། །ཚོས་པར་བཙོས་སྐམ་བསྲེགས་པའི་ཐལ་བ་དང༌། །ཉ་ཤ་སྦྱར་བཏང་ཕྱིར་ལ་འབྱུང་བར་འབྱུང་[ངེས་]། །གྷི་ཝང་ཆ་བཞི་རྩང་[རྩངས་]པའི་ཤ་ཁྲག་གཅིག་དང་གཉིས། །ད་བྱིན་[བྱིད་]རྒྱ་རུ་ཀ་ར་སྦྱར་བཏང་འབྱིན། །རྨོན་ལྕགས་རྩེ་བདར་ལྕགས་ཕྱེ་བྱིལ་[བྱི་]སྒོང་གང༌། །སྦ་[རྦ་]བྱེའི་རྩ་སྦྱར་ཆང་བྲེ་ཕྱེད་ལ་བསྡུས། །ཁན་དྷ་[ཁཎྜ་]བྱས་ཏེ་བསྟང་[བཏང་]ན་ཕྱིར་ལ་འབྱིན། །ཕྱི་ནས་ཁབ་ལེན་སྦྲུལ་ཚིལ་མི་ཀླད་སྦྱར། །རེང་བུ་རྨ་རུ་བཅུག་པས་ཕྱིར་ལ་འདྲེན། །བྱ་མ་བྱི་དང་ཕག་པའི་ཤ་ལྷུ་རེ། །ཆུ་བྲེ་གང་ལ་བུམ་པར་བཙོས་པ་ཡི། །རླངས་པ་རྨ་ཁར་བདུག་པས་ཕྱིར་འབྱིན་འགྱུར། །གཉིས་པ་ཕོག་པ་[ས་]གནས་དང་སྦྱར་ནས་བཅོས་པ་ནི། །ཤ་གནད་འཇིབས་ལུམས་ཞུན་ནན་འབྱར་གྱིས་བཅོས། །རྨ་སལ་[གསར་]དང་པོ་ཨ་པ་[ས་]བ་ཡིས་བདུག །དེ་ནས་སྦང་མའི་འཇིབས་དེབ་བཞག་པ་ཡིན། །སྐྲངས་ན་བསིལ་ལུམས་དྲོད་ལུམས་རེག་[རིག་]པས་སྦྱར། །བསིལ་ནི་སྔོ་དང་ཞོ་བཙག་མཁན་ཕབ་དྲོད། །སྐྲངས་དམར་ཚ་བ་ཆེ་ན་གང་ཉེ་གཏར། །ཏིག་ཏ་ཧུང་[ཧོང་]ལེན་ཁྱི་ལྕེ་པར་པ་ཏ། །ཆུ་རྩ་བྲག་སྤོས་ཞོ་སྦྱར་ནད་[ནན་]གྱིས་མནན། །གྲང་སྐྲངས་སྦང་དཀར་[གར་]ལྒ་ཕབས་པི་པི་ལིང༌། །གོ་སྙོད་གཡེར་མ་ལྕམ་འབྲས་མར་ཚིལ་བསྐོལ། །བྱུག་ལ་ཧེལ་གེ་སྟེང་དུ་འཇག་གིས་བསྡམ། །ཤ་སྣད་[གནད་]བྱེར་སྡུད་སྐྲངས་པ་གང་ལ་ཡང་། །གླད་[ཀླད་]པ་ཉེའུ་ནས་ཕྱེ་རྐང་མར་དང༌། །སྤོད་སྣ་ཆང་སྦྱར་བཙོས་པའི་ཞུན་དུ་བླུག །སྐྲངས་སོབ་མནན་ན་སོབ་ཅིང་ན་བ་ལ། །ཞོ་དང་སྦང་གར་ཚིག་མ་བྲག་[བག་]ཕྱེ་སྦྱིན། །སྒོང་[སྒོ་]ང་དུད་པ་སྦྱར་བྱུག་སྤུ་དེབ་བཏང༌། །བྱེར་ཚེ་ཕྱིང་དེབ་བསེ་ཁྲབ་ཆིངས་ཀྱིས་བསྡམ། །རུས་སྣད་[གནད་]འཇིབ་རྩི་སྨན་འབྲུད་མེ་ཡིས་བཅོས། །ལྷ་བ་གཅད་[བཅད་]རུས་རྨ་ཁ་ཆེ་བ་ལ། །གུར་གུམ་ཤེལ་ཏ་ཨ་བྱག་དོམ་མཁྲིས་སྦྱར། །རེང་བུ་རྨར་བཏང་ལུག་ནི་རྐང་འོག་[མགོ་]བརྡུང་། །ཞོ་དང་སྦྱར་བ་འཇིབས་སུ་བཞག་པ་ཡིན། །དེ་ཡིས་ལྷ་བ་མི་འབྱེར་ཆུ་སེར་འདྲེན། །རྨ་ཁ་ཆུང་ན་རྨ་བསྲེགས་ཐུབ་པ་ཡིན། །སྒྲོག་རུས་རྩིབ་རུས་མེས་བསྲེགས་དེ་ཡིས་ཐུབ། །ཚབས་ཆེ་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། །རུས་པའི་རྨ་རྒན་གསེར་རམ་སྤྲ་བས་བསྲེག །ལྷ་བ་བྱེར་ན་སྐྱུང་བུས་བྲུད་པ་དང་། །རྨ་སྨན་བཏབ་པ་མགོ་དང་མཐུན་པར་བཅོས། །གཞུག་རུས་ལོག་ན་མེ་བསྲེག་བདུད་རྩི་ལྔ་ཡི་ལུམས། །ཡང་ན་གླ་རིལ་སྤ་འུ་བསྲོས་པ་བདུག །བྱིན་གཞུག་ལོང་རྩ་ཅི་རིག་[རིགས་]གཞིག་ནས་གཏར། །རྗེས་ལ་རྩ་སྦྱོང་ཆུ་ཚན་བསྔགས་པ་ཡིན། །རྐད་[རྐེད་]པ་ཆག་ན་སྐྱ་སྦྱོར་ཕྱིང་དེབ་བྱ། །མི་འགུལ་གན་སྐྱལ་[རྐྱལ་]ཉལ་ལ་བསིལ་བཅུད་བརྟེན་[བསྟེན]། །ཨ་བ་ཨ་བྱག་གང་རུང་སྲང་གཉིས་ལ། །ཆ་བཞིར་བགོས་ལ་ཆ་གཅིག་སྦྲང་དང་སྦྱར། །ཆ་གཅིག་བ་མར་ཆ་གཅིག་འོ་མར་སྦྱར། །ཆ་ཅིག་པ་ནི་བུ་རམ་དཀར་པོ་སྦྱར། །ཀུན་ལ་ནང་མ་གསུམ་གསུམ་སྤེལ་ལ་བཏང༌། །རྐད་[རྐེད་]པ་ཆགས་[ཆག་]དང་བཤུལ་ཤ་ཆད་པ་དང་། །རྨ་ཆེན་རྣག་ཁྲག་གསར་རྙིང་མེད་པར་སྐེམ། །རྩ་ནག་མེ་བཙའ་སྟར་[གཏར་]ཁ་སྨན་གྱིས་བཅོས། །མེ་ལ་རྩ་ཆད་མཐུད་དང་ཁྲག་ཤོར་བསྐྱེད[བཅད]། །གསང་ཁ་བསྡམ་དང་ཨང་[ཨ་]ན་ཚུག་[ཚུགས་]བཞིའོ། །དང་པོ་ནང་ན་རྩ་ཆད་མེད་[མེས་]མཐུད་ན། །རྨ་ཁ་ཆེ་ན་རྩ་རྒྱུད་གོང་འོག་བསྲེགས། །ཆུང་ན་རྨ་ཁ་དེ་སྟོད་[སྟེང་]ཐོག་ཏུ་བསྲེག །འཁྱུག་ན་གང་གཟེར་ཨ་ན་ཚུགས་སུ་བསྲེག །ནང་རྩ་རྣམས་ནི་སྤྱི་གཙུག་བདུད་[སྡུད་]ཁུང་དང༌། །རྐང་མཐེལ་[མཐིལ་]མཐེལ་[མཐེ་]བོང་སྤུ་སྐྱེས་སྲིན་ལག་གཉིས། །སོགས་[སོག་]དཀྱིལ་དྲུག་བདུན་གསེར་གྱིས་བསྲེག་པར་བྱ། །ཕྱི་རྩ་མཁྲིས་སྣ་གུར་གུམ་མགྱོག་[མགྱོགས་]མེས་བསྡམ། །མཁན་པ་ཞུན་མཁན་རྒྱ་སྐེག་[སྐག་]གཙོད་[བཙོད་]ཁུ་བསྡུས། །གུར་གུམ་དོམ་མཁྲིས་བཏབ་བཏང་རྩ་ཆད་འཐུད། །གུར་གུམ་དོམ་མཁྲིས་མཚལ་དཀར་ལི་ག་དུར། །གྷི་ཝང་ཤིང་ཚ་གསེར་གྱི་བྱེ་མ་དང༌། །རེ་སྐོན་མཚེ་ཐལ་སྒྲོ་གཞབ་[གཞོབ་]སྨྱུག་མའི་རྩི། །ནད་པའི་ཁྲག་བསྲོས་སྤུ་[སྤྲུ་]འབྲུ་ནང་དུ་བསྡུས། །རྨ་ཁོང་གཉིས་ཁར་བཏང་བས་ཆད་དུ་འཇུག །གང་ཆད་དེ་ཡི་དོན་སྣོད་རྩ་དེ་གཏར། །ངན་ཁྲག་རྩ་རུ་དྲངས་ནས་ཡང་ཡང་གཏང་[གཏར]། །རྩ་ཚད་ཆུ་སེར་ཕྱེ་མས་བཅད་པ་ཡིན། །གུར་གུམ་དོམ་མཁྲིས་མེ་ཏོག་ལེབ་རྒན་[ལེ་བརྒན་]རྩི། །ལི་ཤི་ཤིང་མངར་མཚལ་དང་དར་ཡ་ཀན། །ཀ་ར་སྦྱར་ནས་ནངས་པར་ལྟོ་སྟོང་བཏང་། །གློ་རྩ་ཨ་བྱག་ཤེལ་ཏ་སྤྱི་བཞུར་དང༌། །རྒྱ་སྐག་མི་འཁྲིས་[མཁྲིས་]དོམ་མཁྲིས་གོང་སྟེང་མནན་[བསྣན་]ལ་བཏང་། །སྙིང་རྩ་ཙནྡ་[ཙན་དན་]དཀར་དམར་ཞོ་ཤ་གསུམ། །མཆིན་རྩ་བྲག་ཞུན་མཁྲིས་ཆེན་གླ་རྩི་བསྣན། །མཁལ་རྩ་སུག་སྨེ་[སྨེལ་]རུ་རྟ་འབྲས་བུ་གསུམ། །གོང་ལ་བསྣན་པས་རྩ་ཆད་སེལ་བར་བྱེད། །རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། །ལྟེ་འོག་སོར་བཞི་མིག་དམར་ཨ་སོ་དང༌། །སྒྲག་[སྒྲོག་]རུས་གཤོང་དང་ཚིགས་པ་དྲུག་པ་བསྲེག །ལོང་རྩ་རྩ་ཆེན་སྣོད་ཁ་རྩེ་ཆུང་གཏར། །ལི་ཤི་[ཀ་]ར་འོ་མ་སྦྱར་ལ་བཏང༌། །རྒྱལ་བློན་གསུམ་པ་བསྟུད་ནས་ཡང་ཡང་བཏང་། །རྩ་ནད་རྙིང་ན་བདུད་རྩི་ལྔ་ཡིས་བདུག །རྩ་སྦྱོང་ཆུ་ལུམས་བྱས་ནས་ནད་ལྷད་[ལྷག་]འདོན། །གསུམ་པ་སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པ་ནི། །བྱང་ཁོག་སྟོད་ལ་བཅོས་ཚུལ་རྣམ་གཉིས་ཏེ། །འགྲོ་ས་ལམ་དང་སྦྱར་ན་[ནས་]བཅོས་པ་དང༌། །ཉིན་[ཉེས་]བྱེད་དུས་དང་སྦྱར་ན་[ནས་]བཅོས་པའི[པའོ]། །བསྒྲོད་[བགྲོད་]པ་ལམ་དང་སྦྱར་ནི་[ནས་]བཅོས་པ་ནི། །ནང་བརྡོལ་[བརྟོལ་]ཁྲག་བབས་དོན་ལ་ཟིན་དང་གསུམ། །ནང་དུ་བརྡོལ་[བརྟོལ་]ན་རྩ་ཁྲག་ནང་མ་ཤོར་ཡང༌། །མཚོན་ཤུལ་ཁྲག་བབས་ཞག་གཅིག་འབྱུང་བའི་ཕྱིར། །དང་པོ་མགྱོག་[མགྱོགས་]མིའི་[མེའི་]སྦྱོར་བས་ཁྲག་ཐིག་[ཐིགས་]སྐམ། །གུར་གུམ་རྒྱ་སྐག་མཁྲིས་སྣའི་མགྱོག་[མགྱོགས་]མེ་བྱ། །དྲོད་བཅུད་བསྟེན་ན་ཁྲག་ཚད་སྐྱེ་བྱེད་པས། །རྨ་ཁ་མི་སྐམ་ཆས་བཞག་ཐེར་མས་བཅིང༌། །ཚད་ཕྲན་སྐྱེ་དོགས་གཏར་ཕྱེ་རིག་པས་དཔྱོད། །ཟས་སྤྱོད་བསིལ་བསྟེན་དྲག་ཤུལ་སྤངས་པས་འཚོ། །གཉིས་པ་ནང་བརྡོལ་[བརྟོལ་]རྩ་ཆོད་ཁྲག་ངན་ཁོང་ཤོར་ན། །མེ་དང་སྨན་གྱིས་རྩ་ཁ་པད་བུ་[ཁད་སྤུ་]བཞུག[གཞུག]། །གུར་གུམ་པུར་[ཕུར་]ཐལ་མཁྲིས་སྣའི་མགྱོག་[མགྱོགས་]མེ་བསྟེན། །ཁྲག་འཁྲག་[འཁྱགས་]ཟུག་གཟེར་དུགས་དང་དུག་ཁྲག་གསུམ། །རྨ་སར་སྦང་གཡེར་ཚ་[ཚྭ་]ཕབས་མར་ནག་ཕྱེ། །ཚེས་[ཚོས་]པར་བཙོས་པའི་ཟན་དྲོན་སླ་མོ་ཡི། །ཨ་པས་[སས་]བདུག་པས་ཁྲག་འདྲེན་འཁྱག་[ཟུག་]གཟེར་གཅོག །ཆུ་བརྡོལ་[རྡེའུ་]སྔོས་[རྔོས་]པའི་སིང་པོའི་ཁ་ཕྲུ་བཏབ། །སྒྱེར་[སྒྱེ་]བུར་བཏུམ་[བཏུམས་]ནས་གང་གཟེར་སྟེང་དུ་གླན། །རྟག་སྦང་[རྟ་སྦངས་]རྙིངས་པ་ཆང་བཏབ་བསྲོས་ལ་བདུག །དེ་མ་འཛོམ་ན་ཡོས་དུགས་བྱས་ཀྱང་བཏུབ། །གླང་[གླ་]ཤིང་སྙིང་པོ་བསེ་རུ་འོ་མ་ཆུ། །ཕུལ་ཕྱེ་[ཕྱེད་]བསྡུས་ཁུར་དོམ་མཁྲིས་བཏབ་ལ་བཏང༌། །ཁྲག་འཇུ་ཚ་བ་མི་སྐྱེ་ཟུག་གཟེར་གཅོག །དེ་མ་འཛོམ་ན་འོ་མ་བསྐོལ་བ་ལ། །དོམ་མཁྲིས་བཏབ་བཏང་ཁྲག་འཁྱག་འཇུ་ཞིང་སྐེམ། །ཡང་ནས་[ན་]ཨ་རུ་རྒྱ་སྐག་ལྒ་གསུམ་བསྡུས། །ཁུ་བར་དོམ་མཁྲིས་བཏབ་བཏང་གོང་བཞིན་ནོ། །འཚོབ་[ཚབས་]མེད་ཁ་ཆེ་ནང་རྩ་མ་ཆོད་ཅིང༌། །ནང་དུ་ཕྱོག་[ཕྱོགས་]ན་ཁུག་[ཁྲག་]བཀུག་མར་འདྲེན་ཤིས། །འཚོབ་[ཚབས་]ན་མི་འདྲོང་ཆོད་ན་རྩ་འབུད་སྤངས། །སྐུ་སྟོད་ཁྱེན་[དཀུ་སྟོང་ལྷེན་]འོག་གྲུ་གུ་སྙིམ་ཙམ་བདུག །སུས་[པུས་]བྲང་བཅའ་སྟེ་སྣམ་བུས་དམ་དུ་བཅིང་། །ཁུག་ཅིང་བཞི་གྲལ་སྟེང་དུ་རྨ་ཁ་ཐུར་བསྟན་ནས། །ཁ་ཆུང་ཁྲག་བབས་ཉུང་ན་ཐུར་མས་གསེང་། །དབུགས་བསྡམ་ཁྲག་སྦུ་[ལྦུ་]བྱུང་ན་མི་འདྲེན་བཅད། །ཡོན་ཏན་ཟུག་བྲི་གསོ་བླ་[སླ་]ཐིགས་མི་སོག[གསོག] །རྨ་ཁར་མ་ཐོན་ཁྲག་བཤལ་ཐུང་[ཐུར་]དུ་སྦྱོང༌། །རྒྱ་ཚ་རུ་རྟ་ཨ་རུ་ལང་ཐང་ཙེ། །དུར་བྱིད་ལྕིམ་[ལྕུམ་]རྩ་ཐང་དྲུག་བཏབ་ལ་བཏང་། །ཡང་ན་དོམ་འཁྲིས་[མཁྲིས་]བོང་ང་དཀར་པོ་དང་། །མངལ་ཁྲག་ཁྲོན་བུ་དྲི་ཆུ་སྦྱར་ལ་བཏང་། །ཁྲག་ཚད་ཁྲག་གཅོད་ཐང་དང་ཕྱེ་མས་གསད། །ཐང་སྦྱོར་གུར་གུམ་དོམ་མཁྲིས་དར་ཡ་ཀན། །རྒྱ་སྐག་བཙོད་དང་རྒུ་དྲུས་བ་ཤ་ཀ།རེ་སྐོན་ཧུང་[ཧོང་]ལེན་ཏིག་ཏ་བོང་ང་དཀར། །ཨ་རུ་རྣམས་གསུམ་བསྡུས་ཁུ་དྲོ་འཇམ་བསྟེན། །མ་ནུ་སླེ་ཁྲེས་[ཏྲེས་]ག་དུར་དུག་མོ་ཉུང༌། །བསྡུས་ཁུ་དྲོ་འཇམ་བསྟེན་པས་ཁྲག་གཟེར་གཅོག །རྒྱ་སྐག་ཨ་རུ་ར་དང་བ་ཤ་ཀ །རེ་སྐོན་ཧུང་[ཧོང་]ལེན་ཏིག་ཏ་བོང་ང་དཀར། །ཨ་རུ་རྣམ་གསུམ་བསྡུས་ཁུ་དྲོ་འཇམ་བསྟེན། །མ་ནུ་སླེ་ཁྲེས་[ཏྲེས་]ག་དུར་དུག་མོ་ཉུང་། །བསྡུས་ཁུ་དྲོ་འཇམ་བསྟེན་པས་ཁྲག་གཟེར་གཅོག །རྒྱ་སྐག་ཨ་རུ་ར་དང་བ་ཤ་ཀ །གདུས་ཁུ་དོམ་མཁྲིས་ཁ་ཚར་བཏབ་ལ་བཏང༌། །ངན་ཁྲག་ཚ་བ་རོལ་དུ་གསོད་པའི་མཆོག །ཕྱེ་མས་གསད་པ་ཁྲག་དུས་སྐེམ་པ་འདྲ། །ཁྲག་མཚོ་རྩ་ཡི་ཡུལ་དུ་བཙག་[གཙག་]བུས་འདྲེན། །སྤྱོད་ལམ་གཟབ་དང་དང་ཁ་ཟས་བསིལ་གྱིས་བཅོས། །ནང་རྡོལ་[བརྟོལ་]དོན་ཟིན་མོད་ལ་མ་ཤི་ནས[ན]། །དང་པོ་དོན་ཐིགས་མགྱོག་[མགྱོགས་]མེས་བསྡམ་བྱ་སྟོང་[སྟེ་]། །མི་དོམ་ཉ་སོགས་འཁྲིས་[མཁྲིས་]སྣ་གུར་གུམ་དང༌། །ཨ་བ་ཨ་བྱག་ལི་ཁྲིས་མགྱོག་[མགྱོགས་]མེ་བསྟེན། །ཨ་རུ་གསེར་མདོག་དོམ་མཁྲིས་དར་ཡ་ཀན། །གསེར་ཐིག་རྟའི་མཚེར་སྐམ་ཤ་རུའི་ཐལ། །སྦྲང་རྒོད་ཕྱེ་མ་མགྱོག་མོས་[མགྱོགས་མེས་]དབུལ་བ་ཡིན། །དེ་མ་འཛོམ་ན་དོམ་མཁྲིས་ལི་ཁྲི་དང། །འགྲོན་བུའི་ཐལ་བ་ཀ་ར་མགྱིག་[མགྱོགས་]མེས་ཕུལ། །དོན་ལ་ཟུག་རྔུ་མ་ལུས་རྩ་མ་ཆོད། །དོན་སྙིང་རྨ་ལ་ཁྲག་འབྱོར་བྱེད་པ་ཡིན། །གསུམ་པ་དོན་ཟིན་དགྱེ་དགུ་མི་ཤེས་པར་ཚོས་[པང་འཚོས་]དགོས། །དོན་གཟེར་གཅོག་པས་བཟང་ཁྲག་འདོན་ཤེད་སྨད། །གློ་བུར་སྙིང་ལ་རྩ་ཆེན་ཡས་བབས་གཏར། །གློ་བ་མ་ལ་རྩ་བྲན་མས་འཛིག་[འཛེག་]གཏར། །དོན་ཆད་[ཚད་]རྒྱས་ནས་བསིལ་བའི་ཐང་ཕྱེ་བཏང་། །གློ་ལ་ག་པུར་བཟང་དྲུག་ཙནྡ་[ཙན་དན་]གཉིས། །ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་དཀར། །བསེ་རུ་གོ་དོར་སྦྲང་དཀར་སྦྱར་ལ་བཏང་། །ག་སུང་[པུར་]ཅུ་གང་ཛ་[ཛཱ་]ཏི་ལི་ཤི་དང་། །ཨུ་དཔལ་[ཨུཏྤལ་]ཤིང་ཚ་གྷན་དྷ་[གནྡྷ་]པ་ཏྲ་དང༌། །པདྨ་གེ་སར་ཧུང་[ཧོང་]ལེན་མོན་ཅ་[ཆ་]ར། །ཆུ་སྲིན་སྡེར་མོ་ཨ་རུ་ཀ་ར་སྦྱར། །སྙིང་ལ་ཛ་[ཛཱ་]ཏི་ལི་ཤི་ཨ་རུ་ར། །ཞོ་ཤ་རྣམ་གསུམ་ཆུ་གྲང་ཕུལ་ལ་བཏང༌། །ཡིད་ལ་མི་ཟིན་འབོག་ན་བྱ་རྒོད་སྙིང་། །ལི་ཤི་ཞོ་ཤ་གསུམ་དང་ཏི་མུ་པ་[ས]། །བསྡུས་པའི་ཐང་བཏང་བདུན་པ་དཀར་ནག་མཚམས། །སྒྱིད་ཁུང་མཐེབ་གོང་[མཐེ་བོང་]ཐོག་སྤུ་བསྲེག་པ་ཡིན། །འདི་ལ་ཟས་སྤྱོད་ཁྲག་གི་སྐབས་ལྟར་བསྟེན། །གཉིས་པ་ཉེས་བྱེད་དུས་ཀྱི་སྒོ་ནས་བཅོས་པ་ནི། །དང་པོ་ཞག་བདུན་ཞུགས་པ་ཁྲག་གི་དུས། །བྲམ་ཟེའི་བུ་བཞིན་གཙང་སྦྲ་ལྡན་པར་བཅོས། །བར་དུ་ཞག་བདུན་རྒྱས་པ་ཆུ་སེར་དུས། །དགེ་སློང་ལྟར་[ལྟ་]བུར་སྤྱོད་ལམ་ཞིབ་ལ་བཅོས། །ཐ་མ་ཞག་བདུན་སྨིན་པ་རྣག་གི་དུས། །རྒྱལ་པོ་ལྟ་བུ་ཟས་ཀྱིས་བཅོས་པ་ཡིན། །དང་པོ་ཁྲག་དུས་ཟུག་གཟེར་བཅག་པ་དང་། །རྩ་ཁ་བསྡམ་དང་ཁྲག་ཚད་རོལ་དུ་གསོད། །ཉེས་བྱེད་ཕྱིར་གྲང་[དྲངས་]ཕྱི་ཚད་ཆུ་ཡིས་བཅག །དང་པོ་ཁྲག་གཟེར་རྩ་གཟེར་དོན་གཟེར་གསུམ། །དུགས་དང་མེ་བཙའ་གཏར་བྱིས་[གྱིས་]བཅག་པ་གཅེས། །རྩ་ཁ་བསམ་[བསྡམ་]ལ་སྤྲ་བ་མགྱོག་[མགྱོགས་]མེ་འདུ། །མགྱོག་[མགྱོགས་]མེ་དར་དཀར་དྲི་མེད་གཙང་མ་རུ། །གུར་གུམ་མི་དོམ་མཁྲིས་པ་ཨ་བྱག་ཕུད་[ཕུར]། །སྨྱུག་མ་མཐོ་གང་བཙུག་[བཙུགས་]ལ་རས་སྐུད་བཅིང་། །གཡའ་ཆུ་གཙང་ལ་མདོག་འགྱུར་བངས་སུ་བཅུག །དྲུག་བདུན་བཏང་བས་རྩ་ཁ་སྡོམ་པ་དང༌། །ཁྲག་གཅོད་དོན་རྨ་འབྱོར་ཞིང་ཆུ་སེར་སྐེམ། །མགྱོག་[མགྱོགས་]མེ་བཅུ་བཞི་ཡན་ཆད་སྐོམ་དུ་སྟེན་[བསྟེན]། །ནང་རྡོལ་[བརྟོལ་]རྩ་ཆད་དོན་ཟིན་ཁྲག་བབས་པས། །ཁྲག་འཕེལ་མཁྲིས་འཁྲུག་ཚ་བ་རྒྱས་འགྱུར་ཏེ། །རྩ་ཆུ་དམར་གྲིམས་གདོང་སྣུམ་རྔམ་[པ་]ཐུང༌། །ནུབ་གཉིད་གཡེར་[ཡེར་]ནས་ཉིན་མི་གཉེད་[གཉིད་]མི་ཐུབ། །མི་ཕེབས་ཉིན་མོ་གཉེད་[གཉིད་]མི་ཐུབ། །ཁ་ལྕེ་མཆུ་སྐམས་སོ་ལ་དྲག་[དྲེག་]པ་ཆག་[ཆགས] །ཟས་ལ་མི་འདོད་སྐོམ་དད་ཆེ་བ་དང་། །ཅོ་བུར་[ཙོག་པུར་]མི་ཟུག་སྔས་དམར་[དམའ་]ཉལ་མི་ཤེས། །ཐལ་གོང་པ་དང་སྲེག་[སོག་]དབྲག་གཟེར་ཅིང་སྦོས། །ཁྲག་ཚད་རྒྱས་པས་ཟས་སྤྱོད་ཕྱེ་མས་བསད། །ཟས་སྤྱོད་[སྐོམ་]ཆག་ཚེ་བ་ར་མཛོ་ཡི་ཞོ། །དར་སར་མར་དཀར་ཆུ་བསིལ་བསྟེན་པར་བྱ། །ལན་ཚྭ་ཤ་ཆང་དྲོད་བཅུད་སྤང༌པ་གཅེས། །སྤྱོད་ལམ་བསིལ་པར་[སར་]པོས་[སོས་]དལ་དྲག་ཤུལ་སྤང༌། །ཕྱེ་མ་ག་སུར་[པུར་]ཙནྡ་[ཙན་དན་]དཀར་པོ་དང་། །ཅུ་གང་གུར་གུམ་ལི་ཤིས་ཁྲག་རླངས་གསོད། །མི་དོམ་ཉ་ཕག་ཁྱི་ནག་གཡག་རོག་མཁྲིགས[མཁྲིས]། །ཟབ་ཆེན་འགྲོན་བུའི་ཐལ་བས་རྩ་ཁ་བསྡམ། །བསེ་རུ་གོ་དོར་གཉིས་དང་བ་ཤ་ཀ །བཙོད་[གཙོད་]ཁྲག་རེ་སྐོན་ལི་ཁྲིས་ངན་ཁྲག་སྐེམ། །ཀ་ར་སྦྱར་ན་སུམ་དུས་བཏང་བ་ཡིན། །ཡང་ན་དགུ་སྦྱོར་ཕྱེ་མས་ལྟག་པ་སྤྲད། །ག་པུར་ཅུ་གང་གུར་གུམ་ཨུད་དཔལ་[ཨུཏྤལ་]མཚལ། །གླ་རྩི་སུག་སྨེ་[སྨེལ་]སྟོང་སྣག་བ་ལེ་ཀ །ནངས་པར་ལྟོ་སྟོང་ཀ་ར་སྦྱར་ནས་བཏང་། །བསེ་རུ་གོ་དོར་ཙནྡ་[ཙན་དན་]ཨ་རུ་ར། །ཛཱ་ཏི་མགྲོན་[འགྲོན་]བུའི་ཐལ་བ་ལི་ཁྲི་དང་། །རྒྱ་རུ་ཀ་ར་སྲོད་ཁྱེར་སྦྱང་[སྦྱར་]ནས་བཏང་། །ལྟག་སྤྲད་བཏང་བས་ཡོན་ཏན་གོང་བཞིན་ཡོད། །ཉེས་བྱེད་ངན་ཁྲག་རྩ་རུ་དྲང་བ་ནི། །སྨན་[སྨིན་]དང་དབྱེ་བ་བྱ་ནི་མི་དགོས་ཏེ། །སྔ་དྲོ་དགོང་མོ་བསྟུད་ཅིང་ཁྲག་ཤེད་སྨད། །སྨིན་པར་སྡད་[བསྡད་]ན་དུས་འཕྱིས་དོན་ལ་འབབས། །རྩེ་ཆུང་དཔུང་རྩ་ཆུ་སེར་གླད་སོག་[རླངས་གཅོག་]རྩ། །དྲུག་མོད་[འགོ་]རུ་ཐུང་གཟེར་བ་ཟུག་ཆོག་[གཅོག་]རྩ། །སྣོད་ཁ་གཤའ་རིང་[རིངས་]དང་ཁ་འབྱེད་པའི་རྩ། །སྒང་རྩ་འདོམ་རྩ་ཆུ་སེར་རྩད་གཅོད་རྩ། །རྒྱབ་སྒང་སོག་དབྲག་སྒང་རྩ་དྲུག་འགོ་རྩ། །ནུ་འཇིང་བྲང་གཟེར་ཏུ་[རུ་]ཐུང་སྣོད་ཁ་དྲང་། །ཡས་བབས་མས་འཛེག་ཚ་བའི་སྟོབས་དང་སྦྱར། །རྣག་མཁྲིས་ལྕགས་གཡའ་ཆགས་པ་གཏར་གྱིས་དྲངས། །གཏར་བསྐྱེད་ཆེ་ན་མང་གཏར་ཉུང་དུ་དབྱུང་། །དམར་ནག་གཞའ་རིས་མི་འདྲོང་ཟོས་[ཟོ་]སྦྱར་གཏང་། །ཁྲག་མི་ཆགས་ཤིང་ཆུར་འགྲོ་གཏར་ཚོད་བཟུང༌། །མི་འདྲོང་གཏར་ཚོར་[ཚོད་]མ་ཟིན་བུང་[བུངས་]ཆེས་ན། །མར་ཟད་མེ་ཟད་འཆི་བ་ཅི་འདྲ་འོང་། །ཕྱི་ཡི་ཚ་རླང་[རླངས་]ཆུ་ཡིས་བཅག་པ་ལ། །ཞག་ལྔ་ལོན་ནས་སྐར་ཆུ་གྲང་མོ་ཡིས། །ཉི་དྲོས་འཁྲུལ་འཁོར་བསྐོར་བས་སྐེམ་པ་བླ་[སླ]། །ཚ་བ་ཕྱི་བྱེར་རང་སྐམ་ཚ་རླངས་གཅོག །དེ་ལྟར་བཅོས་པས་ཚ་སེལ་ན་ལ་[ལས་]ཐར། །བདེ་བསྐྱེད་ཆེ་བ་མྱུར་དུ་འཚོ་བ་ལ། །དེ་ལ་བསྐྱེད་མེད་ཞག་བདུན་འདས་པ་དང་། །གཉིས་པ་བར་དུ་ཆུ་སེར་རྒྱས་ཞེས་པ། །དེ་ལ་རྒྱུ་དང་རིགས་རྟགས་སྐམ་ཐབས་བཞི། །རྒྱུ་ནི་བྱ་ཆོད་བྱ་ཤོར་ཐིགས་སྡོད་དང༌། །སྨུག་ཟིལ་རྣམ་པ་བཞི་ལས་གྱེས་[གྱུར་]པ་སྟེ། །བྱ་ཆད་མཚོན་ཤུལ་ཤོར་བའི་ཁྲག་བབས་ཏེ། །གཏར་གྱིས་མ་འདྲོང་སྨན་གྱིས་མ་འཆུས་[འཆུན་]པ། །བྱ་ཤོར་ཕྱི་རྩ་གཉན་པོ་ཆོད་པ་སྟེ། །དུས་སུ་མེ་ཡིས་རྩ་འཕྲང་མ་སྡོམ་གཉིས། །སྔར་ཤོར་ཕྱིས་[ཕྱིར་]མི་སྐྱེ་བ་གྲང་བབས་རྒྱུ། །ཐིགས་སྡོད་རྩ་ཐིགས་དོན་ཐིག་[ཐིགས་]མདེལ་ཐིགས་གསུམ། །ནང་རྩའི་ཐིག་[ཐིགས་]ལ་ཁ་ཤོར་འཛིན་པ་གཉིས། །རྩ་བྲན་ཁ་ཤོར་སོག་སྦུབས་ཆུ་འཛག་འདྲ། །རྩ་ཆེན་བཙན་བརྡུང་ཁྲག་དང་ཆུ་སེར་འདུས། །དེ་གཉིས་སྨན་གྱིས་ཁད་སུ་[སྤུ་]མ་ཚུད་དང་། །དོན་རྨ་དང་པོར་ཁྲག་འབྱོར་མ་བྱུང་བས། །རྨ་རུལ་ཁྲག་དང་ཆུ་སེར་ཐིག་[ཐིགས་གསོག་]འདུས། །མདེལ་ཐིག་[ཐིགས་]ལུས་པ་སྡོད་པའི་མལ་མ་སྙེད་[རྙེད]། །འབྱར་འབྱར་སྐྱོན་གྱིས་ཁྲག་དགུ་འདུས་ཏེ་འཐིག །ཁྲག་ཚད་རྒྱས་པ་སྨན་ལྟར་[གཏར་]མ་ཆོམས་པས། །ཚ་བའི་རླང་[རླངས་]འཁྱིལ་ངད་ཟིལ་ཐིག་པ་འདྲ། །དེ་རྣམས་འཕྲལ་དུ་སྐྱེ་བས་ཚ་བབས་འགྱུར། །དེས་བསྐྱེད་ཆུ་སེར་ཚ་བབས་བྲང་[གྲང་]བབས་གཉིས། །ཁྲག་བབས་ཆུ་སེར་རྐྱང་དང་ཁ་བབས་སོ། །ཚ་བབས་རྩ་ཆུ་ཚ་ལ་གདོང་པ་སྣུམ། །ཁ་ལྕེ་སྐམ་ལ་སྐོམ་ཞིང་ཟས་མི་འདོད། །ལུས་ལ་བྱ་འབྲུམ་འོང་ཞིང་གློ་ཀློས་[ལོང་]དར། །དབུགས་ཐུང་ཉིན་གཉེད་[གཉིད་]ཆེ་ལ་ནུབ་གཉིད་ཡེར། །ཟུག་ཆེ་ཟ་ཟི་མང་ལ་གསང་བ་[ས་]བྱེད[བྱེ]། །གློ་མང་ལུད་པའི་གསེབ་ཏུ་རྣག་འབྲུམ་འོང༌། །སྐམས་པས་མི་སྐོམ་རྒྱ་བཤལ་གསང་སྒོར་དབྱུང༌། །གྲང་བབས་རྩ་ཆུ་འཇམ་ལ་གདོང་པ་དཀར། །དང་ག་བདེ་ལ་ལྕེ་རླང་[རློན་]སྐོམ་དད་ཆུང༌། །ཤ་ཡི་དྲོད་ཆུང་འདར་དང་གྲང་ཤུམ་མེད། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་མོ་གཉིད། །ཟུག་ཆུང་རླབས་བརྡོལ་[བླ་རྡོལ་]མི་སྨྲ་གསང་མ་བྱེད[བྱེ]། །གློ་ཆུང་ལུད་པ་གཙང་ལ་ལུས་པོ་ཡང༌། །དེ་ལ་གསང་དབྱེ་མི་དགོས་བསྐམས་པས་སྐོམ། །ཚབས་ཆུང་ཆུ་སེར་དུས་ཀྱང་ཁྲག་དང་བཅས། །དེ་ཕྱིར་གཏར་གྱིས་འདྲོངས་ལ་སྐེམ་གཉིས་བླ[སླ]། །ཁྲག་གི་བབས་ཆེ་དོན་ཟན་[ཟིན་]ཚབ་[ཚབས་]ཅན་དེ། །ཁྲག་དུས་ཆུ་སེར་ཕྱིར་བཟློག་མ་བཅོས་ན། །ཞག་བདུན་འདས་ནས་ཁྲག་དེ་ཆུ་སེར་འགྱུར། །དེ་ནས་གཏར་གྱིས་མི་འདྲོང་སྐམ་པ་དཀའ། །དེ་ན་ཚབས་ཆུང་དུས་གསུམ་སོར་[སོ་]སོར་བཅོས། །ཚབས་ཆེ་ཁྲག་དུས་ཆུ་སེར་འཕྱིང་[ཕྱིང་]དྲིལ་བཅོས། །ཆུ་སེར་སྐམ་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །ཟས་ནི་བྲམ་ཟེའི་ཟས་ཀྱི་སྟང་[སྟེང་]དག་ཏུ། །རྣ་རྒོད་[དགོ་]བ་གླང་ཤ་སར་བསྣན་ནས་བཏང་། །ཟུངས་ཞན་མངར་གསུམ་འདེ་གུས་ལུས་ཟུངས་གསོ། །སྤྱོད་ལམ་ལྡང་ཉལ་དྲག་ཤུལ་སྐད་ཆེ་སྨྲ། །གློ་བུར་ལུ་དང་དྲི་མ་བཙོར་[བཙིར་]ལས་[ལ་]སོགས། །རྩ་ཁ་འབྱེད་པའི་དྲགས་ཤུལ་ཁྲིམས་ལྟར་བསྲུངས། །སྨན་གྱིས་སྐེམ་པ་སྤྱོད་[སྤྱི་]དང་བྱེ་བྲག་གཉིས། །སྤྱི་ལ་ཕྱེ་མ་ལྡེ་གུ་སྨན་མར་གསུམ། །ཁྲག་ཏུ་[དང་]བཅས་པའི་དུས་ན་ཕྱེ་མ་བསྟེན། །ཆུ་སེར་རྐྱང་པའི་དུས་ན་འདེ་གུས་བསྐབ[བསྐམ]། །རྣག་ཏུ་སྨན་[སྨིན་]ནས་སྨན་མར་ཤིས་པ་ཡན[ཡིན]། །ཕྱེ་མའི་སྦྱོར་བ་འདི་ལ་གསུམ་དུ་ཡོད། །ཉི་མ་ལྔ་ཡི་ཕྱི་[ཕྱེ་]མ་སྦྱར་བ་ནི། །ར་[རྭ་]ཉི་བསེ་རུ་དཀར་པོ་གོ་དོར་གཉིས། །ཤིང་ཉི་ཙནྡ་[ཙན་དན་]དཀར་དམར་ཨ་རུ་དང་། །རྩི་དང་སྔོ་ཡི་ཉི་མ་བཞི་དང་གཉིས། །ཅུ་གང་གུར་གུམ་གུ་གུལ་དཀར། །ཐ་ཀར་རྡོ་རྗེ་སྲོ་[སོ་]མ་ར་ཙ་[ཛ་]དང༌། །མཁྲིས་པའི་ཉི་མ་དོམ་མཁྲིས་ཐལ་ཉི་ནི། །ཟ་འོག་གྲོན་[འགྲོན་]བུ་ཕུར་མོའི་ཐལ་བ་དང་། །ཞིབ་བཏགས་ཀ་ར་དཀར་སྦྱར་ལྡིང་[ལྡེང་]དང༌། །ཤི་ལ་ཛ་ཏུ་[དུར་]བསིང་པའི་དངས་མས་དབུལ། །ཉི་མ་ལྔ་ཡིས་རྒྱ་མཚོ་སྐེམ་པ་ལྟར། །ཁྲག་དང་ཆུ་སེར་རྒྱ་མཚོ་སྐམ་པ་ཡིན། །རྒྱལ་བློན་དམག་དཔུང་བཅས་པའི་ཕྱེ་མ་ནི། །མུ་ཟི་རྒྱལ་རིགས་གསེར་འདྲ་འཁྱོར་[ཁྱོར་]ཕྱེད་གཙོ། །ད་ཆུ་དུག་ཕུལ་[ཕྲལ་]ཞོ་གཅིག་སྟར་བུ་གསུམ། །བཙུན་མོ་ཡིན་པ་རྭ་ཡི་བློན་པོ་ནི། །འདྲེས་པར་མཉེས་ལ་བསེ་རུ་གོ་དོར་གཉིས། །རྒྱ་རུ་ཙནྡ་[ཙན་དན་]དཀར་པོ་ཨ་ཀ་རུ། །ཤིང་གི་བློན་ཡིན་རྩིའི་བློན་པོ་ནི། །གུར་གུམ་ཅུ་གང་ཏིག་ཏ་བ་ལེ་ཀ །འཁྲིས་[མཁྲིས་]པ་སྔོ་ཡི་བློན་པོ་རྣམ་གཉིས་ནི། །མི་དོམ་ཁྱི་མཁྲིས་ཧུང་ལན་[ཧོང་ལེན་]བ་ཤ་ཀ །ཐལ་བློན་དུར་ཐོད་དུང་མཁྲོན་[འགྲོན་]ཐལ་བ་ཀ་ར་སྦྱར། །བ་སྤྲུ་ཆུ་རྩའི་ཁུ་བས་འཕུལ་བ་[ལ་]བཏང༌། །རྣག་ཁྲག་ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ། །རྩལ་ཆེན་བསྡུས་པའི་ཕྱེ་མ་སྦྱར་བ་ནི། །གཙོ་བོ་མུ་ཟི་དཀར་པོ་གསེར་འདྲ་དེ། །ས་ཕྲལ་ལྕག་[ལྕགས་]སྣོད་མེས་བཞུ་ཆུ་ཡིས་བཏུལ། །ཨ་རུའི་ཆུ་བླུག་བསྡུས་དྲངས་[གྲང་]མེ་སྲོབས་[སྟོབས་]བརྒྱལ[སྦྱར]། །གཙོའ་[གཙོ་བོ་]འཆོར་[ཁྱོར་]གང་བསེ་རུ་གོ་དོར་རའི་[རྭའི་]རྩལ། །ཙནྡ་[ཙན་དན་]དཀར་དམར་ཨ་རུ་ཤིང་གི་རྩལ། །གར་[གུར་]གུམ་ཅུ་གང་དོམ་མཁྲིས་རྩི་ཡི་རྩལ། །མི་དོམ་ཉ་མཁྲིས་མཁྲིས་རྩལ་གྲི་ཏུས་[རུས་]ཐལ། །འགྲོན་བུ་ཤ་རུ་དུང་ཐལ་ཐལ་བའི་རྩལ། །རྟ་བྱ་རམ་ཉི་[ར་མཉེ་]མ་ཉི་[ཉེ་]ཤིང་ཨ་རུའི་འབྲས། །ཨ་བ་ཨ་བྱག་རེ་སྐོན་ལྡུམ་བུའི་རྩལ། །ཟབ་ཐལ་རྩལ་ཆེན་བསྡུས་པའི་ཕྱེ་མ་དང་། །ཀ་ར་སྦྱར་བ་སིང་ལྡིང་[སེང་ལྡེང་]ཁུ་བས་དབུལ། །མུ་ཟི་ཕྱེ་ལྟར་སྐམ་པའི་སྦྱོར་བ་སྟེ། །ཁྲག་དང་ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ། །ས་རླངས་སྟེང་དང་མེ་ཉི་སྤང་བར་བྱ། །མི་འཇུ་ཧྲེམ་ན་སྨན་དཔྱད་ཆུ་བསྐོལ་བཏུང༌། །ཕོ་བར་འགོར་དང་ཐུར་དུ་འཇམ་པ་དང་། །གློན་དམིག་[གླང་རྨིག་]སེལ་[སེན་]ཏོག་བསྲེག་པའི་ཐལ་བ་དང་། །གོ་སྙོད་པི་པི་ལིང་གི་བསྡུས་ཐང་བཏང་། །གཉིས་པ་འདི་[ལྡེ་]གུའི་སྦྱོར་བས་ཆུ་སེར་སྐེམ་པ་ན། །བའམ་མཛོ་མར་གསར་པའི་སྦུ་སྙིངས་[ལྦུ་སྙིགས་]ཕྱུང་། །སྦྲང་རྩི་བཟང་པོ་ཆུ་བཅད་བསྲེས་པ་ལ། །རྩལ་ཆེན་འདུས་པའི་ཕྱེ་མ་བཏབ་ལ་དཀྲུག །དེ་བསྣན་རྐང་སྟང་[ལྟར་]ལྡན་[བལྡག་]པའི་ཕྱེ་མ་སྟེ། །ཟུངས་ངན་ལུས་སྟོབས་བསྐྱེད་ཅིང་ཆུ་རྣག་སྐེམ། །འབྲི་མར་སར་པ་སྦུ་[ལྦུ་]སྙིགས་བཅད་པ་ལ། །མུ་ཟི་ཞིབ་བཏག་[བཏགས་]བཏབ་ལ་དཀྲུག་ཅིང་བསྐོལ། །སེར་ལྗང་དམར་ནག་མདོག་འགྱུར་ངད་ཡལ་ལ། །གོང་གི་ཕྱེ་མ་བཏབ་པས་ལེག་[ལེགས་]དཀྲུག་བཏབ། །ཁྲག་ལྟར་བཏུང་ཞིང་རྣག་ཁྲག་སྐེམ་པའི་མཆོག །མུ་ཟི་མར་ནག་གཉིས་སྦྱར་དཀྲུག་ཅིང་བསྡུས། །ཏིལ་ཁྲོག་[ཏིང་ཁྲོལ་]ཚོད་དུ་གྱུར་ནས་ངད་ཡལ་ལ། །ཕྱེ་མ་བཏབ་དཀྲུག་ཤ་ལྟར་ཟ་བ་ཡིན། །ཞག་མ་རེ་ལ་རྣག་ཆུ་ཕུལ་རེ་སྐེམ། །སིང་[སེང་]ལྡེང་ཆང་བྲེ་གང་ལ་ཞག་ལྔ་སྦང་། །རམ་ཉེ་ཉེ་ཤིང་བསྡུས་ལ་ལུག་ཞོ་ཙམ། །སྦྲང་རྩི་ཆུ་བཅད་བསྲེས་ནས་འདྲེས་པ་ལ། །མུ་ཟི་འཁྱོག་[ཁྱོར་]ཕྱེད་བསེ་རུ་རྒྱ་རུ་རྒྱལ། །གོ་དོར་མི་དོམ་ཉ་ཕག་བྱ་རྒོད་བློན། །ཁྱི་སྤྲིལ་[སྤྲེལ་]ཕྱི་མཁྲིས་གསུམ་ནི་བར་གྱི་བློན། །ཙནྡ་[ཙན་དན་]ཨ་ཀ་རུ་ནི་ཕྱི་ཡི་བློན། །དམག་མི་བ་ལ་[ལེ་]ཀ་དང་ཆུ་སེར་སྨན་གསུམ། །གེ་སེར་[སར་]གཉིས་དང་གུར་གུམ་སྦྱར་ནས་བཏང༌། །དེ་དག་ཀུན་གྱིས་སྐམ་པར་མ་གྱུར་པའི། །གསུམ་པ་རྣག་ཏུ་གྱུར་ན་སྨན་མར་དག་གིས་སྐེམ། །སྦྱོར་བ་རྣག་གི་སྐབས་སུ་ཤེས་པར་བྱ། །འབྲས་བུ་གསུམ་དང་ཉེ་ཤིང་རམ་ཉེའོ། །དེ་ཡང་སོ་སོར་སྐམ་ན་འདི་ལྟར་ཏེ། །ཁྱད་པར་བྱིས་སྦ་[པ་]བད་ཀན་རང་བཞིན་ལ། །རུས་ཐལ་སིག་ནེའི་[སྣའི་]སྦྱོར་བས་སྐམ་པ་ནི། །གྲི་རུས་དུར་ཐོད་ཤ་རུ་འགྲོན་བུ་རྣམས། །སོལ་བའི་མེ་ལ་དཀར་པོ་སོ་སོར་བསྲེག །ཚ་བ་གསུམ་དང་ཕུར་ཡོག་ཟ་འོག་རྣམས། །ཐལ་བ་བྱས་ཏེ་ཆུ་སེར་སྨན་གསུམ་དང༌། །ཀ་ར་སྦྱར་ནས་ཆུ་བསྐོལ་དག་གིས་ཕུལ། །དར་མ་མཁྲིས་པའི་རང་བཞིན་ཅན་དག་ལ། །རིན་ཆེན་རྩི་སྦྱོར་དག་གིས་སྐེམ་པ་ནི། །ཟངས་དང་བྱི་རུ་མུ་ཏིག་མཚལ་དཀར་བཞི། །ག་དུར་བསིལ་གསུམ་ཙནྡ་[ཙན་དན་]དཀར་དམར་དང་། །མཁྲིས་སྣ་ཀ་ར་སྦྱར་ནས་གང་[གངས་]ཆུས་ཕུལ། །རྒས་དང་རླུང་ཤས་ཅན་གྱི་མི་རིགས་ལ། །ར་[རྭ་]སྣའི་སྦྱོར་བ་དག་གིས་སྐམ་པ་ནི། །བསེ་ཏུ་[རུ་]དཀར་ནག་ཤ་བ་ཁ་ཤ་གཉིས། །རྣ་རྒོད་[དགོ་]བཙོས་[གཙོད་]དང་རྒོད་གཡུང་བ་མེན་རྭ། །གླང་རུ་ར་ལུག་ཐུག་པོའི་ར་[རྭ་]ལས་[ལ་]སོགས། །ཐལ་ཚན་མེ་ལ་སེར་ཙམ་བསྲེགས་པ་དང་། །བཟང་དྲུག་མི་དོམ་ཉ་མཁྲིས་ཀ་ར་སྦྱར། །དཔྱད་ཀྱི་བཅོས་ལ་གཏར་དང་སྦྱོང་བ་གཉིས། །གཏར་ཉུང་ཆུ་སེར་རྩ་བ་རྩད་མི་ཆོད། །གཏར་དྲག་[དྲགས་]ཟུངས་ཟད་དེ་ཕྱིར་རིགས་ལ་དྲིས། །སྨན་གཏར་བཅོས་པས་ཚ་བ་མ་བྲི་ནི[ན་]། །དུར་བྱིད་ཚ་ལ་སུ་[སྤུ་]རྩེ་ཤེལ་གྱིས་སྦྱང༌། །དེ་ལྟར་བཅོས་པས་ཚ་ཆོག་[ཆོགས་]བདེ་བར་འགྱུར། །ཆུ་སེར་སོགས་རྟག་[གསོག་རྟགས་]ནུབ་ན་ཐུབ་པ་ཡིན། །གསུམ་པ་དེ་སྐྱེ་[སྐྱེད་]མེད་བཅུ་བཞི་ཕར་འདས་ན། །ཐ་མ་སྨིན་ན་སྣག་[རྣག་]གི་དུས་ཞེས་བྱ། །དེ་ལ་བརྟག་པའི་ཐབས་དང་བཅོས་ཐབས་གཉིས། །བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡོད་དེ། །ཕྱི་ཡི་རྟགས་ཀྱིས་ཡོད་མེད་ལ་ཤན་དབྱེ། །ནང་རྟགས་གར་ཡོད་ནད་གནས་དམིགས་གསུམ་བཟུང་། །གསང་བའི་རྟགས་ཀྱིས་འདྲ་མིན་ནོར་པ་བཏག[བརྟག] །དང་པོ་ཡོད་མེད་ལ་ཤན་དབྱེ་བ་ནི། །རོ་སྟོད་དགུ་ལ་གཉིས་ཆགས་[གཉའ་ཆག་]མིག་སྤྲིན་སེར། །ལུས་མང་གཅུ་གང་ཡོད་ངོས་ཀྱི་དཔུང་པ་བཤལ། །རྩ་དང་ཆུ་ཡི་ཚ་བ་སངས་མི་སྲིད། །མགོ་དང་གདོང་པ་ཤུལ་[རྔུལ་]ལ་ལུས་པོ་ལྗི[ལྕི]། །གློ་ཆུང་མང་དུ་ལུ་ཞིང་གློ་སྙིངས་[སྙིང་]འདེག[འདེགས]། །སྐད་ཀྱི་གདངས་ཆག་སྐབས་སུ་བག་རེ་འཁྲུ། །ཤ་མདོག་སྔོ་ལ་ལྕེ་རྣིལ་སེན་མོ་དཀར། །བཅུ་བཞིའི་རྟགས་དེ་ཚངས་[ཚང་]ནས་རྣག་འོང་ངེས། །གཉིས་པ་རྣག་གི་གནས་པ་[ས་]གར་ཡོད་དམིག་[དམིགས་]བཟུང་ན། །ངམ་ནག་རོ་སྟོད་བརྒྱང་ཞིང་སྐབས་སུ་གཟེར། །གཉིད་ཆ་[ཆེ་]ཟ་ཟི་མང་ལ་མིག་བོལ་སྐྲངས། །ཁ་དྲི་ང་བོ་རང་དང་གཞན་གྱིས་ཚོར། །སྐབས་སུ་ལུད་པའི་གསེབ་ཏུ་རྣག་འབྲུམ་འོང༌། །གློ་སྦུབས་ནང་ན་རྣག་ཡོད་ངེས་པ་ཡོད། །སྟོང་[སྟེང་]དུ་བསྟོན་[བཏོན་]ཁྱད་པར་ཟུག་གཟེར་ཆེ། །གློ་རྩ་གར་ཡོད་སྐབས་སུ་གཟེར་བ་དང༌། །སྐབས་སུ་ཕྲུམ་སེར་འོང་ཞིང་ཞེ་མཁུན་བྱེད། །གང་ཡོད་ངོས་ན་བྱ་འབྲུམ་ཐར་ཐོར་འོང༌། །གློ་སྦུབས་གསང་དུ་བབས་པ་རྣག་གཉན་མེད། །ཚང་ཚིག་[ཚིང་]ཕུར་ལ་རྣག་ཡོད་ངེས་པ་ཡིན། །བེམ་བརྡོལ་[ཏོལ་]བ་སྤུའི་ཐེག་[ཐིག་]དང་སྤྲུག་པའི་སྐད། །མེ་ཏོག་སད་མདའི་མི་འགྱུར་རྟག་[རྟགས་]དྲུག་ཚང་། །ཕྱིར་བབས་དབྱེ་གསང་རྣག་ཡོད་ངེས་པ་ཡིན། །བེམ་ཏོལ་དོགས་པ་ཀུན་ལ་སྙོམས་པར་བཏེག་[བརྡེག] །གཡས་གཡོན་སྟོད་སྨད་མདུན་རྒྱབ་འདྲ་བསྟུན་དགོས། །སྟོང་སྐད་རྣག་མེད་ཅོར་སྐད་ཆུ་སེར་ཡོད། །གདར་[འདར་]སྐད་བྱུང་ན་རྣག་ཏུ་སྨིན་པ་ཡིན། །ད་[དེ་]ནས་གཉིས་པ་བ་སྤྲུ་[སྤུར་]རྟག་[བརྟག་]པ་ནི། །སྐར་ཆུ་གྲང་མོ་ཉི་མས་ཁ་བསྲོས་ལ། །ཁ་ཆུ་བྲན་རྗེས་ཆང་གི་ཁ་ཕྲུ་བཏབ། །གོས་མི་གོན་ནས་ཉི་ཟེར་སྤྲད་ནས་ལྟ། །བ་སྤུ་གཟིངས་ན་རྣག་མེད་ཆུ་སེར་འཚུབ། །བས་ལྡག་རྗེས་འདྲ་རྣག་ཡོད་དྲོད་ཀྱིས་བསྙལ། །དེ་ནས་གསུམ་པ་གཞལ་བའི་ཐིག་ལ་བརྟག །མདུན་རྒྱབ་གཞུང་ཐིག་གནམ་ཐིག་དཔུང་འཛུམ་ཐིག །ཟུར་ཐིག་ལས་[ལ་]སོགས་མ་འཁྲུས་[འདྲུས་]ཐིག་བཏབ་ནས། །དེ་ལ་ཕྱེད་མར་ལན་གཉིས་དག་ཏུ་བརྩལ་[བཅལ]། །བཅུ་གསུམ་ས་ན་ལྟེ་བར་འཕྲེད་ཐིག་གདབ། །དེ་སྟེང་འཕྲད་[འཕྲེད་]ལ་གཉིས་གདབ་ཕྱེད་མར་རྩལ[བཅལ]། །འགྲེང་ཐིག་བཅུ་དྲུག་འཕྲད་[འཕྲེད་]ཐིག་བདུན་གདབ་པས། །བྱ་རྗེས་ཐིག་བར་གང་ཉམས་རྣག་ཡོད་སྟགས[རྟགས]། །གསང་ས་གཙང་ངོས་དཔེ་རུ་མཚོན་པར་བྱ། །བཞི་པ་སྤྲུག་པའི་སྐད་ལ་རྣག་བརྟག་པ། །མི་ཁྱི་ཆུ་དང་སྒྲ་སྐད་མེད་པའི་སར། །ཁད་མཉམས་[མཉམ་]སྟེན་[སྟན་]ལ་སྐྱིལ་ཀྲུང་བཅས་ནས་སྡད་[བསྡད]། །རྒྱན་བཀྲོལ་སྐྲ་བརྫེས་ལག་པ་སྤྱི་བོར་བསྣོལ། །དཔུང་འོག་གཉིས་ནས་བཟུང་སྟེ་བརྟག་ཅིང་དཀྲོག །མཇུག་ཏུ་ལན་གསུམ་དྲག་པོར་སྤྲུག་ལ་ཉམ[ཉན]། །འཁྲོག་སྐད་རླུང་ཡིན་ཤང་ཤང་ཆུ་སེར་སྐད། །སྙོག་[སྙོག་]རྒྱ་ཤལ་[བཤལ་]ཅུག་ཅུག་རྣག་གི་སྐད། །སྟོད་དུ་གྲགས་ན་མང་ལ་སྨད་གྲགས་ཉུང་། །ལག་འོག་སྔས་ལ་གོང་མ་དཔྱི་སྟེང་བཀབ། །དཔྱི་དང་དཔུང་པ་ནད་[ནས་]བཟུང་གོང་ལྟར་སྤྲུག །སྤུགས་[སྤྲུགས་]པས་སྐད་སྟེང་[སྟེར་]གསང་དུ་ལག་མཐིལ་གཏད། །ཐོལ་ཐོལ་ཁྱིལ་ལ་ཁོང་བལ་[བེའུ་]འགུལ་འདྲ་འོང་། །ལྔ་པ་གསང་པར་[སར་]མེ་རྟོག་[ཏོག་]རྗེ་[རྫི་]བར་མི་བཟོད་བརྟག་པ་ནི། །དུས་མེད་རྒྱུན་པར་གསང་གཅིག་གཟེར་བ་དང༌། །ཤ་མདངས་གཞན་པས་དེ་རུ་བཟང༌བ་དང་། །རྩིབ་བར་ཡང་ལ་རྩེ་[བརྩེ་]ཞིང་སོབ་པ་དང་། །རྗེ་[རྫི་]བར་མི་བཟོད་སེར་ག་དྲེག་ཆུང་ཆགས། །གསང་བར་རྣག་གི་མེ་ཏོག་ཤར་བ་ཡིན། །དྲུག་པ་ཐེ་ཚོམ་ཟ་ན་ཚད་[སད་]མདའ་བཏང༌། །བྱི་བྲུན་བརྔོས་བཏག་[བཏགས་]ནུ་ཞོ་སྦྱར་ལ་བཀྲུ། །བྱི་བའི་པགས་པ་གླན་ནས་གསང་བར་སྨྲ། །ཡང་ན་ཤ་ཁྲག་ཚ་དང་ཤུག་ཚེར་རྣམས། །བ་ཆུ་འཕུལ་[ཕུལ་]ཕྱེད་བ་ལུའི་མེ་ལ་གདུ། །འཁྱོར་[ཁྱོར་]གང་ཁྱེ་དུས་[ཁྱེའུ་སུས་]བཏང་བསྲོ་ལ་[སྲོ་ལོས་]བདུག །ཞག་གསུམ་ནངས་པར་གསང་དུ་རྣག་གི་རྟགས། །བ་སྤུ་ཉལ་འཁྱིལ་ཟུག་ཆེ་སེ་ག་འོང་། །ཁྱེད་[ཁྱད་]པར་ཡོལ་དང་ཕྱི་[སྐྱི་]ཕུར་རྟོགས་པར་ངེས། །དེ་ལྟར་མི་འགྱུར་རྣག་རྟག་[རྟགས་]དྲུག་ཚངས་[ཚང་]ན། །ཐེ་ཚོམ་མི་དགོས་བཙག་[གཙག་]ཐུར་རྒྱབ་[བརྒྱབ་]པས་ཆོག །མདོག་དམར་ཕྱི་སྐྲངས་པ་སྤུ་འབྱི་བ་དང༌། །ལྤག་[པགས་]པ་སེ་བ་རྒད་པོའི་པགས་བཞིན་འགས། །ཡོལ་ནུབ་རུལ་བརྒྱགས་[མྱགས་]གསང་འཆིས་[མཆིས་]དེ་སྲོག་འདོར། །གསུམ་པ་གསང་རྟགས་འདྲ་མིན་ནོར་ས་བཙལ་བ་ནི། །ཡོད་འདྲ་མེད་འདྲ་ལ་ཡོད་པ་གཉིས། །དེ་ལ་ཡོད་པ་འདྲ་ལ་མེད་པ་ནི། །རྩིབ་ལོགས་ཁྲག་ཤ་དྲེགས་[དྲེག་]པར་ཆགས་པ་ནི། །རྩིབ་བའི་བར་ཡང་གཟེར་སྦྲིད་དྲོད་ཆེ་ཞིང༌། །འདར་སྐད་འབྱུང་བས་ཡོད་པ་འདྲ་འགྱུར་ཡང༌། །རྣག་རྣགས་[རྟགས་]གཞན་མེད་གཏར་ཕྲན་ཆུ་ཆག་གཅུན། །དེ་ཡིས་བཙུན་[འཆུན་]པས་གོང་རྟགས་ནུབ་པ་མེད། །འཁྱམས་སུ་རུང་[རླུང་]ཤོར་ཀྲོག་[དཀྲོག་]ན་དཀྲོག་[ཀྲོག་]ཀྲོག་གཟེར[ཟེར]། །ཡོད་ཡོད་འདྲ་ཡང་རྩ་སྟོང་ཆུང་[ཆུ་]མདོག་སྔོ། །གློ་སྙིང་འདར་ལ་མིག་སྐྱ་རྣ་བ་འུར། །གདོང་པ་སྐྱ་འཁྲོག་པའི་སྐད་ལ་འཕེལ་འབྲི་འོང༌། །དེ་ལ་ཤ་ཆང་སྤྲུགས་པས་འཁྲོག་སྐད་ཆད་ནས་མེད། །གཉིས་པ་མེད་མེད་འདྲ་ལ་ཡོད་པ་ནི། །གྲང་ན་རྐུན་བུ་ཉུང་ཞིང་ཡུན་ལོན་པས། །ཤ་སྐམ་ཡོད་ངོས་འཕྲ་[ཕྲ་]བས་མེད་པ་འདྲ། །ཡོལ་བཅད་སྐྱི་ཕུར་དཀྲོག་ཀྱང་སྐད་མི་གྲགས། །མེད་པ་འདྲ་སྟེ་རྟག་[རྟགས་]གཞན་ཚང་ན་ཡོད། །དེ་ཕྱིར་འདྲ་མིན་གོལ་བ་བཅད་པ་གཅེས། །གཉིས་པ་ངོ་ཟིན་ནས་བཅོས་པའི་ཐབས་ལ་ཡང་། །བཅོས་ཐབས་སྨན་དཔྱད་ཟས་དང་སྤྱོད་པ་བཞི། །གློ་རྣག་གྲང་[དྲངས་]ཤིང་སྐྱི་ཕུར་རྣག་རྒྱ་བཀྲལ་[དབྲལ]། །གང་[གསང་]དུ་བབས་པ་བུག་ལ་ཕྱིར་འདྲེན་ནོ། །དང་པོ་གློ་ཡི་སྦུབས་སུ་རྣག་ཞུགས་ན། །དང་པོ་རྣག་གི་སྐྱུགས་ཀྱིས་གྱེན་དུ་དྲང་། །དེ་རྗེས་གློ་བ་སྨན་དང་ཟབ་[ཟས་]ཀྱིས་གསོ་བ་གཉིས། །དང་པོ་རུ་རྟ་སྟར་བུ་སྐྱུ་རུ་ར། །ཤིང་མངར་པ་ཡག་བུལ་ཏོག་པི་པི་ལིང༌། །སྦྱང་[སྦྲང་]རྩི་སྦྱར་ནས་ལྟོ་སྟོང་བཏང་བ་འདྲེན། །དེ་ཡིས་འདྲོངས་དཀར་[དཀའ་]རྒྱ་ཚ་རྒྱམ་ཚ་དང་། །བུལ་ཏོག་སོན་ཆ་སོ་ཏོའི་གྲེ་བ་དང༌། །གོ་བོའི་གླད་[ཀླད་]པ་རྨིག་[རྨིགས་]པའི་ཁྲག་དང་བདུན། །ཁྱེདའུའི་[ཁྱེ་འུའི་]ཆུ་ལ་སྦྱར་བཏང་རྣག་རྣམས་འདྲེན། །ཡང་ན་སྦྲང་རྒོད་རྒྱ་ཚ་ག་པུར་དང་། །ཅུ་གང་འབྲི་ཏ་ས་འཛིན་ཆང་སྐྱུར་སྦྱར། །མདུན་རྒྱབ་བདུད་རྩི་ལྔ་པོ་བཙོས་པས་བདུག །དེས་མ་འབྲོངས་[འདྲོངས་]ན་ཉུངས་དཀར་མུ་ཟི་དང་། །གུ་ཁུལ[གུལ་]མར་ནག་རས་ལས་[ལ་]བསྟིམ་བྱས་ནས། །བུམ་ནང་མེར་བསྲེགས་དུ་བ་ཁ་རྣར་[སྣར་]བདུག །ཡང་ན་སྡོང་[ལྡོང་]རོས་གུ་གུལ་སེན་[སོན་]ཆ་དང་། །རྡོ་དྲེག་རུ་རྟ་ལ་ཆ་སྦྱར་ནས་བདུག །ཡང་ན་མཆུ་སྙུང་ལྡོང་རོས་ཡུང་བ་དང་། །ཤིང་ཀུན་རྒྱ་སྐག་ཟངས་རྡོ་པི་པི་ལིང་། །ཤིང་མངར་གུ་གུལ་གླ་རྩི་སོ་[པོ་]སོན་ཆ། །མི་ཡི་ཚིལ་སྦྱར་དུ་བ་འདྲོངས་པར་རྔུབ། །རྣག་ཐོན་ཚད་ནི་སྦ་གོང་འདྲ་བའི་རྣག་ཤ་འོང་། །བརྐོ་བ་དྲག་[དྲགས་]ནས་རྣག་ཟད་ཁྲག་ཤོར་ན། །རྩ་ཁ་བསྡམ་ནས་རྣག་རྗེས་གཙོད་[གཅོད་]པར་བྱ། །དང་པོ་རྒྱ་སྐག་བ་འོ་ཆུས་གདུས་ཁུར། །དོམ་མཁྲིས་གུར་གུམ་སྲས་བུས་[སྲན་པུས་]བཏབ་ལ་བཏང་། །ཡང་ན་ཤིང་ཚ་སུག་སྨེ་[སྨེལ་]པི་པི་ལིང་། །ལྒ་གཤེར་རྒྱ་སྐག་དོམ་མཁྲིས་མེ་རུ་རྩེ། །ཀ་ར་དཀར་པོ་སྦྱར་ནས་བཏང་བར་བྱ། །རྒྱ་སྐག་ལ་ཆ་བཏོན་པའི་ཁུ་བ་དང་། །འབྲི་མོག་ཁུ་བ་མར་གྱིས་བཏོན་པ་དང་། །བོང་བུའི་འོ་མ་ཆ་གསུམ་ཕུལ་དོར་བསྙམ[མཉམ]། །ཤུ་མོ་ཟ་ལ་མཉམ་ཙམ་མར་ལ་བཙོས། །ཆུ་ཆོད་ལི་ཤི་ཀ་ར་ཁ་ཚར་བཏབ། །ནང་རེ་ཁྱིམ་[ཁྱེམ་]བུ་རེ་ཏེ་བཏང་བར་བྱ། །གློ་རྩ་ཆད་མེད་[དམ་]གློ་བ་འགྲམས་པའམ། །ལུད་པ་ཁྲག་བཅས་གློ་རྣག་འདོན་པའི་མཆོག །རྣག་རྗེས་དམར་པོ་གསུམ་དང་བ་མར་ཞུན། །བཟང་དྲུག་ཟངས་ཐལ་སྦྲང་སྦྱར་ལྟོ་སྟོང་བཏང་། །གློ་རྨ་གསོ་ཞིང་གློ་བའི་རྣག་རྗེས་གཅོད། །ཁ་ཟས་པའི་[བ་ཡི་]ཞོ་དར་སྐོམ་ཤ་བསྟེན། །རྗེས་ལ་གྲོ་ཆང་སྲོ་ལོས་བསིངས་པ་དང་། །ལུག་ཤ་གསར་པས་རླུང་སྒོ་དགག་པར་བྱ། །རུལ་སྐྱུར་བཤུལ་ཤ་དྲག་ཤུལ་རྒྱུན་དུ་སྤང་། །གཉིས་པ་བར་དུ་སྐྱི་ཕུར་རྣག་བསལ་བ། །ཕུ་ཡི་སྦལ་པ་མདེའུ་[མདའ་]ཡི་ཉ་དང་གཉིས། །བར་གྱི་རྩང་[རྩངས་]སྦྲུལ་ཤ་རྣམས་ཞིབ་ཏུ་བཏག་[བཏགས]། །བསྡུས་པའི་ཁུ་བ་སུམ་ཡར་ཞག་གསུམ་བཏང་། །ཨ་ཀྲོང་རྒོད་ཀྱི་ཆང་བཙོས་ལུམས་ཀྱིས་བདུག །དེ་ཡིས་སྐྱི་ཕུར་ཕྱི་ནང་གང་ཉེ་རྡོལ། །མ་རྡོལ་སྲིད་ན་ཚེ་བཀྲད་[ཟད་]ལས་ཡིན་སྤང་། །གསུམ་པ་ནང་དུ་བབས་པ་འབུག་[དབུག་]ནས་ཕྱིར་འདྲེན་པ། །དབྱེ་བའི་དུས་དང་གསང་དམིགས་དབྱེ་ཐབས་དང་། །དབྱུང་རུས་[དུས་]རྣག་སྤྲ་རྨ་ཆམ་ཐེམ་བུ་དང་། །བཀྲུ་བཤལ་ཟས་སྨན་སྤྲོད་[སྤྱོད་]ལམ་རྣག་གཅད་དུས། །བཅུ་གཅིག་གྲངས་ཀྱི་ལག་ལེན་མཐའ་རུ་ཕྱུང་། །གཅིག་པ་དབྱེ་དུས་ལྔ་བདུན་དགུ་ལ་[རྒྱ་]བཤལ་དབྱེ། །བཅུ་གཅིག་བཅུ་གསུམ་བཅོ་ལྔ་ཆུ་སེར་དབྱེ། །བཅུ་བདུན་བཅུ་དགུ་ཉེར་གཅིག་རྣག་གསང་དབྱེ། །འགྲམས་དང་རྩ་ཡི་བྱ་ཤོར་དབྱེ་དུས་མེད། །གཉིས་པ་གསང་དམིགས་མི་འགྱུར་རྟགས་དྲུག་ཚངས་[ཚང་]བ་དེར། །གསུམ་པ་དབྱེ་ཐབས་གཟའ་སྐར་བཟང་སྔ་སྐད་དུས། །ཁད་མཉམ་སྟེན་[སྟན་]ལ་ལུས་བསྲང་སྐྱིལ་ཀྲུང་འདུག །ལོ་མཐུན་གཡོག་གིས་བསྟེན་[བརྟེན་]ནས་རྣ་བ་གདམ་[བསྡམ]། །སྦུབ་[སྦུབས་]ཐུར་བྱི་སྤུའི་[བྱིད་པོའི་]མཆུ་འདྲས་གསང་ས་ཡི། །རྟ་རྒབ་[སྟ་སྒབ་]རྨེ་མནོལ་[སྣེ་བསྣོལ་]མེད་པར་དྲང་པོར་བརྟེག[བརྡེག] །ལྤགས་[པགས་]པ་ཤ་རུས་ནང་རྡོལ་ལག་ཚོད་མྱང་། །ལག་པ་ཐུར་མ་པགས་པ་མི་འབྲལ་བསྡམ། །བྲལ་ན་རླུང་འཆོར་སྐྲངས་དུས་འོང་བ་སུམ་གཉིས་ཡིན། །དབུགས་བསྡམ་རྒྱུས་མདེལ་[བལྡད་]ཉུལ་ཞིང་ཆུ་རྣག་འདོན། །བཞི་པ་དབྱུང་པའི་བུངས་ཚད་དང་པོ་སུམ་གཉིས་ཡིན། །རྣག་ཚབས་ཆང་ཕུལ་ཕྱེད་ལ་ཐལ་བྲན་བཏང་། །ཐ་མ་རྣག་སྦུ་[ལྦུ་]བིལ་[ཆིར་]གྱིས་བྱུང་ན་བཞག །དང་པོ་ཟ་བཞོས་དེ་ནས་ཞག་དུས་བཞོ། །ལྔ་པ་རྣག་པྲ་དྲི་མེད་དཀར་འཇབ་[འཇམ་]གསོ་བ་བླ[སླ]། །སེར་སྐྱ་བསྐ་[སྐ་]བ་དྲི་མེད་ཕལ་ཆེ་[ཆེར་]འཚོ། །དམར་སྐྱ་དྲི་ཆུང་གསོ་རུ་རུང་བ་ཙམ། །སྐྱེར་ཚོས་ཁུ་བ་འདྲ་ན་ཡུན་རིང་སྦྱོང་། །ཤ་རུལ་དུད་ཁུ་དྲི་ཆེ་ཁྲག་རིས་ཅན། །རམ་[རམས་]ཁུ་འདྲ་དང་ཤ་ཁོག་བཤལ་བ་འདྲ། །སྐྱང་[རྐྱང་]ཆུ་ཉི་མས་ཚིག་འདྲ་འཆི་ཡིན། །དྲུག་པ་ཐེམ་བུ་རྨ་ཆས་ཆང་དགོས་ཕྱིར། །ཐེམ་སྟེང་རིམ་པས་བསྟེན་ཏེ་བསྣན་པ་ཡིན། །ཐུར་མ་བཏོན་ཤུལ་དར་དམར་ལྟ་ཐེམ་བཞག །དེ་སྟེང་ཨ་ས་བ་ཡིས་ཐེབས་བདུག་བྱ། །དེ་རྗེས་རྣག་འོང་དོག་པའི་འཇམ་ཐེབས་བྱ། །དུས་ཅིག་རྣག་བླུག་ཟད་ན་འཆི་བ་ཡིན། །བར་དུ་རྣག་ཤ་འདོན་དུས་བཅུས་[གཅུས་]ཐེམ་དང་། །ཚོད་ལྟ་ཉུལ་ཐེམ་གསེར་ཅིང་སྟོད་ལ་བསྣན[མནན]། །ཐེམ་སྟོང་[སྟེང་]གྲོ་ལོ་ཐང་ལྔ་ཧེལ་གེས་བསྣག[མནན]། །ཐ་མ་ཞ་ཉེའི་འཕྲུལ་ཐེམ་བཙུག་ནས་སྡོད། །སྐམ་དགོས་འབྲི་ཁུལ་སྣུམ་ཆས་ལྡན་པ་དཀྲི། །བདུན་པ་བཀྲུ་བཤལ་ཚ་ན་ག་པུར་རྒྱལ་བློན་ཅུས[ཆུས]། །རྣག་ཆང་འཇམ་པོས་རུམ་[རུལ་]བཀྲུ་བུལ་ཏོག་ཆུ། །ཐུན་མོང་ཅུ་གང་དོམ་མཁྲིས་ཀ་རིའི་ཆུ། །འཁྱོར་[ཁྱོར་]རེ་ཆ་སྤྱད[བྱད་]འཚམས་པས་རྨ་ནང་བསྐྱལ། །རྨ་བཀབ་སྐྱོམ[སྐྱོམས་]དཀྱིལ་དེ་ནས་ཕྱིར་ལ་དབྱུང༌། །ཁྲུས་ཆུ་གཙང་ན་ཐེམ་བུ་བཏོན་པ་ཡིན། །ཁྲུས་དྲག་[དྲགས་]བློའི་[གློ་ཡི་]དྲོད་འཆོར་དྲང་[གྲང་]འབྱམས་འགྱུར། །ཁྲུས་ཞན་རུལ་ཆགས་རྣག་གཞུག་མི་ཆོད་པས། །དེ་ཕྱིར་དབྱར་གསུམ་རྒུན་[དགུན་]བདུན་དུས་ལ་བཀྲུ། །བརྒྱད་པ་ཁ་ཟས་རྣག་ཚད་མ་བྲི་རྔུན། །བ་རའི་ཞོ་དར་རི་དགས་[དྭགས་]སྐམ་ཤ་དང༌། །ནས་ཐུག་ཡོས་ཐུག་ལས་[ལ་]སོགས་བསིལ་དུ་བསྟེན། །བར་དུ་རྣག་ཟད་ཚ་བ་ཆོག་[ཆོགས་]པའི་དུས། །མར་སར་ར་ལུག་ཤ་སར་བུར་དཀར་དང༌། །མདར་[མངར་]གསུམ་འདེབ་[ལྡེ་]གུ་གསར་འཇམ་བྲོ་མེད་བཏང༌། །ཐ་མར་རྣག་མཇུག་འཆད་[ཆད་]དཀའ་ཤ་ཡིབ་དང༌། །བུར་མར་ཆང་འཇམ་ཏིང་ཁྲོལ་བཅུད་ཀྱིས་གསོད[གསོ]། །དགུ་པ་སྨན་ནི་དང་པོ་རྣག་ཚད་ཡོད་པའི་དུས། །རྔུལ་[དངུལ་]ཆུ་དུག་ཕྲལ་མུ་ཏིག་བཏུལ་བ་དང་། །ཟས་[ཟངས་]ཐལ་འབྲས་བུ་གསུམ་དང་བཟང་པོ་དྲུག །ག་པུར་གྷི་ཝང་ཙནྡ་[ཙན་དན་]དཀར་དམར་དང༌། །བསེ་རུ་གོ་དོར་རྒྱ་རུ་མཁྲིས་སྣ་ཚོགས། །ར་མཉེ་ཉེ་ཤིང་མར་དཀར་སྦྲང་སྦྱར་བཏང་། །ཁྱིམ་[ཁྱེམ་]བུ་གསུམ་གསུམ་ཁྱེད་དུས་[ཁྱེའུ་སུས་]བཟང་[བཏང་]བས་སྐེམ། །ཡང་ན་མུ་ཟི་ཁྲག་ལྟར་བཏུང་བས་སྐམ། །རྣག་ཟད་ཚད་སྟོབས་ཞི་ནས་སྨན་མར་སྦྱར། །འབྲས་བུ་གསུམ་དང་ར་མཉེ་ཉེ་ཤིང་སྦྱར། །ཁུ་བྱུང་[ཕྱུང་]འོ་མ་མར་དུ་ཁུ་བཅད་ལ། །རྩལ་ཆེན་འདུས་པའི་ཕྱེ་མ་ཁ་ཚར་བཏབ། །སྦྲང་དང་སྦྱར་བས་རྣག་རྣམ་[རྣམས་]མ་ལུས་སྐེམ། །སྟོད་སྨད་ཕྱི་ནང་གང་ན་གནས་ཀྱང་རུང༌། །ཞག་པོ་རེས་ནི་རྣག་རྣམས་མ་ལུས་སྐེམ། །ཡང་ན་ཨ་བར་ཉི་ཤུ་ཞག་ལྔ་བ་ཆུར་སྦང་། །འོ་མ་མར་བསྡུས་ཆུ་ཆོད་དང་མ་ལ། །རྔུལ་[དངུལ་]ཆུ་དུག་བཏོན་ལྟར་[སྟར་]བུ་བ་ཆུ་དང༌། །བྱིས་པའི་ཆུས་བཤིག་མུ་ཟི་འཁྱོར་[ཁྱོར་]གང་སྦྱར། །ག་པུར་བཟང་དྲུག་ཙནྡ་[ཙན་དན་]གྷི་ཝང་དང་། །བསེ་རུ་སེང་ལྡིང་[ལྡེང་]སྤྱི་བཞུར་སྲོ་[སོ་]མ་ར། །སྒྲོན་ཤིང་ཟངས་ཐལ་འགྲོན་བུའི་ཐལ་བ་དང་། །རམ་ཉེ་ཉེ་ཤིང་རེ་ཀོན་[སྐོན་]ཨ་བ་ཤ་[བི་ཥ་]། །དར་ཡ་ཀན་དང་ལྔ་སྟེང་ལོ་མ་སྟེ། །ཨ་བ་བྲག་ལྕམ་སྟག་ཤ་གསུམ་སྦྱར་བའི། །རྩ་བ་ལྔ་དང་ལོ་མ་གསུམ་བསྡུས་ནས། །སྦྱར[སྦྲང་]དང་སྦྱར་ནས་སུམ་ཡར་བསྟེན་པ་ན། །རྣག་ཀུན་བ་མོ་ཉི་མས་སྐམ་ལྟར་འགྲོ། །ཞུ་རྗེས་བ་སྤུ་རྔུལ་ཙམ་གོས་ཀྱིས་བཏུམ། །མ་ཞུ་ཆུ་བསྐོལ་རྒྱ་ཚ་གོ་ཐལ་ཤིས། །མག་འཁར་[མགོ་འཁོར་]ཁ་གདང་[གདོང་]སྐྲངས་ན་ཤ་སྒོག་བཏང་། །རུས་ཚིགས་ན་ན་པི་པི་ལིང་དང་རྒྱ་ཚ་དང་། །རྒྱམ་ཚ་སྟར་བུ་བསྐོལ་བའི་ཐང་བཏང་དགོས། །བཅུ་པ་སྤྱོད་ལམ་དྲག་ཤུལ་བུ་[བུད་]མེད་བསྟེན། །འགེང་སྒྱེག་[འགེངས་རྒྱག་]འདེགས་འགྱོག་ལག་གི་འདུ་བྱེད་སྤང་། །བཅུ་གཅིག་རྣག་གཞུག་གྲང་བར་འབྱམས་ནས་གསོད་པའི་དུས། །ལྕགས་ལ་དབང་ཕྱུག་ས་བོན་ཨ་རུ་གཉིས། །ཟངས་ལ་ཚ་ལ་དར་ཚུར་མུ་ཟི་སོ་སོར་བསྲེགས། །བསེ་རུ་གོ་དོར་གཉིས་དང་རྒྱ་རུ་དང༌། །གུར་གུམ་ཅུ་གང་ཛ་[ཛཱ་]ཏི་ཙནྡ་[ཙན་དན་]གཉིས། །ཤིང་ཚ་ཚ་བ་གསུམ་དང་དབྱི་མོང་དང༌། །ངུལ་[དངུལ་]ཆུ་སྟར་བུ་བ་ཆུས་བཤིག་པ་དང༌། །ལ་ཆ་མཁར་པོ་དེ་རྣམས་རྩ་[རྩི་]བཞིན་བཏག[བཏགས] །ཨ་རུ་གསེར་མདོག་ཆང་དུ་ཞག་ལྔ་སྦང་། །ཁུ་བྱུང་[ཕྱུང་]འོ་མ་འབྲི་མར་བསྡུས་པའི་མར། །སྦྲང་སྦྱར་ནས་ནང་བཞག་ལ་གསུམ་དུས་བསྟན[བསྟེན]། །གྲང་རྣག་སྐེམ་པའི་བླན་[སྨན་]དུ་དེ་ཤིས་སོ། །དེ་ལྟར་བཅོས་རྗེས་རྩ་ཆུའི་ཕྱི་ཚད་འཆག་[ཆག] །ལུས་ཡང་དངས་[དང་]ཁ་བདེ་ལ་ལུས་སྟོབས་བསྐྱེད། །རྣག་འཇུག་[མཇུག་]ཆད་པའི་དུས་ནི་བཞི་ཡིན་ཏེ། །དཔྱིད་ཀྱི་ཤིངས་[ཤིང་]འབྲས་དབྱར་གྱི་ཆར་ཀླུང་རྒྱས། །སྟོན་གྱི་སྤང་སེར་རྒུན་[དགུན་]གྱི་ཆུ་འཁྱག་དུས། །དུས་བཞི་དེ་ལ་མ་ཆོད་འབྱམས་པ་ཡིན། །ལོག་ནོན་རྨ་ཡི་རྗེས་གཅོད་ནང་བཞིན་གྱིས། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ལུས་སྟོད་ཀྱི་རྨ་གསོ་བའི་ལེའུ་སྟེ་དོན་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།