སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

ལེའུ་དོན་དགུ་པ་བརྗེད་བྱེད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། བརྗེད་བྱེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། བརྗེད་བྱེད་ཀྱི་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་གསུམ་མོ། །ཞེས་འདིའི་རྒྱུ་རྐྱེན་སྨྱོ་བྱེད་དང་མཚུངས་པས་འདིར་མ་བཤད། བརྒྱད་པའི་སྙིང་པོ་བསྡུས་པ་ལས། བརྗེད་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང༌། །སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། །གདོན་གྱུར་སེམས་ལས་འབྱུང་བ་ཡིན། །ཞེས་བྱུང་ངོ༌། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། དབྱེ་བ་ཞེས་རྐང་གཅིག་གིས་བསྟན་པ་ལ་རླུང་དང་མཁྲིས་པ་དང་བད་ཀན་དང་དུག་དང་གདོན་དང་ལྔའོ། །གཉིས་པ་རྟགས་བཤད་པ་ལ་སྤྱི་རྟགས་དང་བྱེ་བྲག་གི་རྟགས་གཉིས་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་རུ་ཤིང་ན་ཤེས་པ་ནི་རྐང་ལག་གི་རུས་པ་རྣམས་པ་སྟེ། ཡན་ལག་བརྒྱད་པ་ལས། གཉིད་མེད་ཉམས་ཤིང་ཡན་ལག་ན། །ཞེས་སོ། །སོ་འཆའ་ཞེས་པ་འཆའ་རྒྱུ་ཡོད་པ་ལྟར་སོ་ཀྲིག་པའོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་ལྔ་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཅིག་གོ །གཉིས་པ་ནི། མཁྲིས་པ་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། དུག་གྱུར་ཅེས་རྐང་པ་གཅིག་གིས་བསྟན་པའོ། །ལྔ་པ་ནི། གདོན་གྱུར་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། བཅོས་ཐབས་བཤད་པ་ལ་གསུམ། སྤྱིར་བཅོས་ཚུལ་བཤད་པ་དང༌། བྱེ་བྲག་གི་བཅོས་ཚུལ་གཞན་དུ་བསྟན་པ་དང༌། དོན་བསྡུ་བ་གསུམ་མོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་དགུས་བསྟན་ཏེ། ནི་རུ་ཧ་རྣོན་པོ་ནི་རེ་ལྕག་བསྣན་པ། སྣ་བཤལ་རྣོན་པོ་ནི་སྣ་སྦྱོངས། སྐྱུགས་རྣོན་པོ་ནི་རིལ་བུ་དྲིལ་བའོ། །འཁྲུས་རྣོན་པོ་ནི་དྲག་པོ་བཤལ་རྣམས་ཡིན་ཏེ། འདི་རྣམས་ནི་ཕྱི་རྒྱུད་ལྟར་ཡིན་ལ། འགྲོ་དམིགས་རླུང་ལྡན་ལ་ནི་རུ་ཧ། འདུས་པ་དུག་གདོན་ལ་སྣ་བཤལ། མཁྲིས་པ་ལ་ཁྲུས། བད་ཀན་ལྡན་ལ་སྐྱུགས་སྨན་རྣོན་པོས་བུ་ག་དག་པར་སྦྱོང༌། བ་སེར་ཞེས་པ་ཡན་ལག་བརྒྱད་པར། བ་ནི་སེར་སྐྱའི་མཁྲིས་པ་ཡིས། །རྣོ་སྨན་གཏང་ཡང་མཆོག་ཏུ་ཕན། །ཁྱི་དང་ཝྭ་དང་བྱི་ལ་དང༌། །སེང་གེ་སོགས་ཀྱི་མཁྲིས་པ་བསྔགས། །ཞེས་འབྱུང་ངོ༌། །སོར་མོ་ཉི་ཤུ་བསྲེགས་ཞེས་པ། རྐང་ལག་གི་སོར་མོ་ཉི་ཤུ་ནེའུ་ལེ་དང་སེན་མོ་བསྲེག་གོ་ སྲོག་རྩ་མྱོས་བྱེད་གསང་ནི། ནུ་རྒྱབ་མཚོན་གང་སྲོག་རྩ་མྱོས་བྱེད་གསང༌། ཞེས་ཐུར་མའི་ལེའུར་བཤད་པ་དེའོ། །མེ་ཐུར་ཞེས་མེའམ་ཚ་ཐུར་བྱའོ།།

        གཉིས་པ་བྱེ་བྲག་གི་བཅོས་གཞན་དུ་བསྟན་པ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་མཇུག་བསྡུ་བ་ནི། སྤྱིར་ན་ཞེས་རྐང་པ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། སྨྱོ་བྱེད་བརྗེད་བྱེད་ཕལ་ཆེར་གདོན་ཡིན་པས། །ཞེས་པ་སྨྱོ་བྱེད་ཀྱི་གདོན་བརྗེད་བྱེད་ཀྱི་གདོན་དང་གདོན་ངོ་རྐྱང་རེའམ། གདོན་རེ་རེ་ལའང་སྨྱོ་བརྗེད་གཉིས་ཀའི་བྱེད་པའམ་སྡོངས་ཟླ་སྨྱོ་བྱེད་ལ་རྒྱལ་པོ་བརྗེད་བྱེད་ལ་གཟའ་གདོན་ཡོད་པ་ཕལ་ཆེར་གྱི་སྒྲས་ནད་ལས་གྱུར་པའང་སྲིད་པར་བསྟན་མོད། འོན་ཀྱང་གཉིས་ཀའི་བཅོས་དགོས་ཏེ། ཡེ་ཤེས་དང་ལས་གྲུབ་པ་རྣམས་ལ་ཐུགས་དམ་བསྐང་བ་དང་ཉམས་ཆགས་ཉེས་པ་བཤགས་པ་བསྐང་བཤགས་རྣམ་འཇོམས་སོགས་ཀྱི་གཟུངས་ཆུའི་ཁྲུས་ཆ་གསུམ་སོགས་གཏོར་བ་བདེན་པ་བདར་བ་སྨྲང་གིས་གདོན་འགྲོལ་བ་སོགས་དང་པོར་ཞི་བས་བཅོས། བར་དུ་ཆབ་གཏོར་ནི་ཆུ་གཏོར་ཀླུའི་ཆོ་ག་རྒྱས་བསྡུས་རང་རང་རིས་དང་མཐུན་པའི་གཏོར་མ་སྟེར་བ་སོགས་མགོ་སྐོར་བ་རིམ་གྱིས་ཚད་སྤང་ཞིང་བྲིད་ལ་བཅོས་སོ། །ཐ་མ་གང་གིས་ཀྱང་མ་ཐུབ་ན་ཡི་དམ་ནུས་པ་ཅན་གྱི་སྒོར་ཞུགས་ཏེ་དྲག་པོའི་ཕྲིན་ལས་མནན་བསྲེག་བསྐྲད་པ་སོགས་ཀྱིས་གནམ་མཐར་སྐྱེལ། ཞེས་གནམ་མམ་ནམ་མཁའ་ལ་མཐའ་མེད་ཀྱང༌། དེར་སྐྱེལ་ཞེས་སྲོག་དང་བྲལ་བའམ་ལོགས་སུ་མེད་པར་བྱེད་པའི་དོན་ཏོ། །ཞེས་སོ། །གཞན་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། དེ་བས་གསོ་དཀའ་འདི་ལ་ནི། །བཅུད་ཀྱིས་ལེན་པའི་གསོ་བར་བྱ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡ་ང་བ་ལས་རྟག་ཏུ་བསྲུང༌། །ཐར་པ་ལ་ནི་ཡིད་འཁྲུལ་བས། །ཁྱོད་ཀྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ཡིད་འོང་བས། །ཉམས་པའི་སེམས་ཅན་བརྟག་པར་བྱ། །ཞེས་འབྱུང་ངོ༌། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་དགུ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།