སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།

ལེའུ་དོན་གསུམ་པ་བྱིས་པའི་གདོན་གསོ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱིས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གདོན་ངོས་བཟུང་བ་དང༌། དེའི་བཅོས་ཐབས་བཤད་པ་ལ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས། དང་པོ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གདོན་གྱི་རིགས་དང༌། རྟགས་དང༌། གསོ་སླ་བ་དང༌། གསོ་དཀའ་བ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། དེ་རིགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བརྒྱད་པའི་སྙིང་པོ་བསྡུས་པར། སྐེམས་བྱེད་གཞོན་ནུ་གདོང་དྲུག་གི །སྤྲུལ་པ་སྐྱེས་བུའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་བདུན་ཏེ། །ཞེས་བྱིས་གདོན་བཅུ་གཉིས། ལས་མཁན་ཕོ་ཉ་གཉིས་དང་བཅུ་བཞི་སྟེ། རྒྱལ་བསེན་གཉིས་ནི་གཞན་ནས་ཁ་བཀང་སྟེ་བཤད་ཅེས་དང༌། ཟླ་ཟེར་ལས། སྔོན་ནི་སྐེམས་བྱེད་བསྲུང་བའི་ཕྱིར། གདོན་ནི་སྐྱེས་པའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་གྱི་ནི་སྤྲུལ་པ་ཡིན། །སྐེམས་བྱེད་ས་ག་ལུག་གདོང་དང༌། །ཁྱི་གདོང་ཡི་དྭགས་ཞེས་བྱ་དང༌། །ཞེས་སོགས་སྐྱེས་པའི་གཟུགས་ཅན་དང༌། །བྱ་གདོན་སྲུལ་མོ་གྲང་བ་ཡིས། །སྲུལ་མོ་ལོང་མ་ལུས་སྲུལ་མོ། །དེ་བཞིན་བཞིན་གྱི་རྒྱན་ཅན་མོ། །ནམ་གྲུ་ནམ་གྲུ་སྐེམ་མོ་ཡིས། །ཞེས་བུད་མེད་ཀྱི་གཟུགས་ཅན་བདུན་ནོ། །གཉིས་པ་དེ་རྣམས་ཀྱི་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེས་ཟིན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས་དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ།

        གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གསུམ། སྐྱེས་བུའི་གཟུགས་ཅན་ལྔས་ཟིན་པའི་རྟགས་དང༌། བུད་མེད་ཀྱི་གཟུགས་ཅན་བདུན་གྱིས་ཟིན་པའི་རྟགས་དང་ལས་མཁན་གཉིས་ཀྱིས་ཟིན་པའི་རྟགས་སོ། །དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི་བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྐེམས་བྱེད་དང༌། ས་ག་དང༌། ལུག་གདོང་དང༌། ཁྱི་གདོང་དང༌། ཡི་དྭགས་དང་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། སྐེམས་བྱེད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི་ས་ག་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི་ལུག་གདོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། བཞི་པ་ནི་ཁྱི་གདོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི། ཡི་དྭགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བུད་མེད་གཟུགས་ཅན་བདུན་གྱི། དང་པོ་ནི། བྱ་གདོང་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། སྲུལ་མོ་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། གྲང་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ངོས་གཅིག་ཚ་ལ་ངོས་གཅིག་གྲང་ཞེས་པར། ཡན་ལག་བརྒྱད་པར། ཡན་ལག་ངོས་གཅིག་ཚ་ལ་ངོས་གཅིག་གྲང་བའོ། །ཞེས་གསུངས་སོ། །བཞི་པ་ནི། སྲུལ་མོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི། བཞིན་རྒྱབ་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། དྲུག་པ་ནི། ནམ་གྲུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། ནམ་གྲུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཟླ་ཟེར་ལས། དེ་རྣམས་ཀྱིས་ནི་བཟུང་བའི་ཚུལ། །རྟག་ཏུ་ངུ་ཞིང་རིམས་གྱིས་འདེབས། །མ་ཆུ་སོ་འདེབས་གཉིད་པར་དང༌། །ངུ་ཞིང་འཁུན་པ་ནུ་ཞོ་པ། །མི་དགའ་སྐད་ནི་འགྱུར་བ་དང༌། །གློ་བུར་དུ་ནི་སེན་མོ་ཡིས། །རང་གི་མ་མའི་ཡན་ལག་འབྲེད། །ཅེས་པ་སོགས་གསུངས་སོ། །གསུམ་པ་ནི། ལས་མཁན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །སྤྱིར་ཡོངས་གྲགས་སུ་བྱིས་པའི་གདོན་ཆེན་བཅོ་ལྔ་ཞེས་བཤད་ཀྱང༌། འདིར་རྒྱུད་ཆེན་འདི་ཉིད་ཀྱི་དགོངས་པར་བྱིས་གདོན་སྐྱེས་པའི་གཟུགས་ཅན་ལྔ། བུད་མེད་ཀྱི་གཟུགས་ཅན་བདུན། ལས་མཁན་ཕོ་ཉ་རྒྱལ་བསེན་གཉིས་ཏེ་བཅུ་བཞིར་བཤད་པ་དེ་ལ་ཡང༌། གསུམ་པ་དང་བཞི་པ་སྤྱིར་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་གསོ་དཀའ་བ་སྲོག་འདོད་པ་དང༌། གསོ་སླ་བ་ཡས་འདོད་པ་གཉིས་སོ།།

        གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། བཙས་སྐར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། ཁ་སྐམས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞི་བ་དང་དྲག་བཅོས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ཞི་བ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཡས་དང་གཏོར་མ་གཉིས་སོ། །དང་པོ་ཡས་བཅོས་པ་ལ་སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། ཆུང་དཔྱད་པདྨ་གཅེས་འཕྲེང་ནས་ལག་ལེན་ཁྱེར་བདེ་རགས་བསྡུས་ཙམ་ཞིག་གིས་ཁ་བཀང་བ་ནི། ཐོག་མར་བྱིས་པ་བཙས་མ་ཐག་ཏུ་རྟེན་འབྲེལ་སྲུང༌། སྒྲིབ་ཤིང་སོགས་བྱ་བ་ནི། ཁོང་སྲུང་གཏོང་བ་དང་སྒྲིབ་ཤིང་འདོགས་པ་གཉིས་ལས། དང་པོ་ཁོང་སྲུང་ནི། མ་ནུ་རིལ་མ་ཙམ་ཞིག རྩི་བོ་ཆེ་སྲན་མ་ཙམ། གླ་རྩི་རིལ་མ་ཙམ། རྒྱ་ཚྭ་ནས་ཙམ། དེ་རྣམས་ཞིབ་བཏགས་རིལ་བུ་རིལ་མ་ཙམ། བུ་རམ་གྱིས་བསྟུམས་ནས་མའི་ནུ་ཞོ་མ་འཐུང་གོང་ལ་བྱིན་པར་བྱའོ། །ཡང་མ་ནུ། ཐར་ནུ། གླ་རྩི། གུ་གུལ། ཤུ་དག མུ་ཟི་ནག་པོ། བུ་རམ་རྣམས་མར་དཀར་དང་སྦྱར་ནས་ནུ་ཞོ་མ་འཐུང་གོང་ལ་རྐན་དང་ལུས་ལ་བྱུགས་པར་བྱའོ། །དེ་རྣམས་གནོན་བྲི་མན་ངག་གོ །དེ་ཡང་མ་ནུ། གླ་རྩི། མར་དཀར་རྩ་བའི་རྫས། ཐར་ནུ་དབང་ཐང་འཕྲོད་པའི་རྫས། གུ་གུལ་ནག་པོས་རྒྱལ་པོ་ཐུབ། མུ་ཟི་ནག་པོས་བསེན་མོ་དང་ས་བདག་ཐུབ། ཤུ་དག་གིས་བཙན་དང་གྲེའོ་ཐུབ། དེ་ནི་ལྟོ་རུ་གཏོང་བའི་སྒྲིབ་ཤིང་ངོ༌། །ལུས་ལ་གདགས་པའི་སྒྲིབ་ཤིང་ནི། བདུད་དང་རཱ་ཛ་ས་བདག་གསུམ་ལ་རྟ་བོན་པ། འགོང་པོ་ལ་སྦྱང་བྲུན། ཀླུ་གཉན་ལ་གླ་རྩི། བཙན་ལ་གཡེར་མ། མ་མོ་ལ་ཟི་ར་ནག་པོ། ཡུལ་ལྷ་ལ་རེ་ལྕག་པའི་རྩ་བ། པེ་ཧར་ལ་གུ་གུལ་ནག་པོ། དམ་སྲི་ལ་ཁྲག་ཁྲོག་པའི་རྩ་བ། གཟའ་ལ་ཟོས་ཤ དམ་ཅན་ལ་བཙན་དུག བསེན་མོ་ལ་མུ་ཟི་ནག་པོ། ལྷ་ལ་འཁན་པ། བཅུ་གསུམ་རྫས་རྣམས་བསྟུམས་ནས་མགུལ་ལ་བཏགས་ན་སྡེ་བརྒྱད་ཀུན་གྱིས་མི་མཐོང་སྒྲིབ་པའི་རྫས་འདིས་མ་ཐུབ་ན་རྒྱལ་བས་བསླུས་པ་ཡིན། དེ་ནི་ཡས་གླུད་གཏོར་མ་གཏོང་ཐབས་ནི། ཐོག་མར་བྱིས་པའི་གདོན་ཆེན་བཅོ་ལྔའི་མདོས་གཏོང་བ་ལ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། སྦྱོར་བ་བཅའ་བཞིའི་ལས་བསག་པ་དང༌། དངོས་གཞུང་ལ་འཇུག་པ་དང༌། རྗེས་ཀྱི་ཆོ་ག་གསུམ། དེ་ལ་རི་རབ་བང་རིམ་གསུམ་པ་ཕྱོགས་མདོག་སོགས་སྲིད་པ་སྤྱི་དང་མཐུན་པར་བྱས།

        བང་རིམ་དང་པོ་ལ་ནམ་མཁའ་ནག་པོ་བཞི། སེར་པོ་གསུམ། དམར་པོ་གཉིས། ལྗང་གུ་གཅིག དཀར་པོ་གཉིས། སྨུག་པོ་གཅིག སྔོན་པོ་གཉིས། ལྟོ་སྔོན་འཇའ་རིས་མ་གཅིག བྱིས་པའི་གླུད་མདའ་ཁྲ་དང༌། བུ་མོའི་གླུད་འཕང་ཁྲ་ལ་སོགས་པ་དང༌། རྒྱང་བུ་དང༌། ཤར་དུ་རི་རྒྱལ་གླང་གི་གཟུགས་ཅན། འཇམ་པོ་གླ་བ་དཀར་པོའི་གཟུགས་ཅན། སྐེམས་བྱེད་ཤ་བ་ནག་པོའི་གཟུགས་ཅན། ལྷོ་རུ་བརྗེད་བྱེད་ཝ་དམར་པོའི་གཟུགས་ཅན། ཁུ་ཚུར་ཅན་བྱ་རོག་གི་གཟུགས་ཅན། མ་མོ་མི་མོ་ནག་མོའི་གཟུགས་ཅན། བྱང་དུ་སྲུལ་པོ་ཕག་ནག་གི་གཟུགས་ཅན། རྐན་བྱེད་མ་བྱི་ལ་ནག་མོའི་གཟུགས། བྱ་གདོན་ཁུ་བྱུག་སྔོན་མོའི་གཟུགས། ནུབ་ཏུ་ཛ་མེ་ར་དམར་པོའི་གཟུགས། འདོད་པ་ཅན་རྡོ་རྗེའི་གཟུགས། མཚམས་བཞི་རུ་གཉའ་ལག་ཅན་སྤྲེའུ་དཀར་པོའི་གཟུགས། ནམ་གྲུ་ཁྱི་སེར་པོའི་གཟུགས། སྤྱིན་རྒྱལ་འུག་པ་སེར་པོའི་གཟུགས། མི་འཕྱངས་ཕ་ཝང་སེར་པོའི་གཟུགས་རྣམས་འགོད། བང་རིམ་གཉིས་པ་ལ་འབྲུ་སྣའི་ཕྱེ་ལ་བྱས་པའི་ངར་གླུད་བཅོ་ལྔ་དང༌། ངར་གླུད་ཆེ་བ་ཞིག་ལ་རིན་པོ་ཆེ། ཀུ་བ་ཟིང་མོ་མུ་ཏིག་ལུང་ཐང་འགྲོན་བུ་ལེ་བརྒན་དབང་ལག་ཆུ་སྲིན་སྡེར་མོ། ཞོ་ཤ མ་མཁལ། མུ་མེན། མེ་ལོང༌། དར་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང༌། རེའུ་ལུག་གུའི་གཟུགས་རྣམས་འགོད། བང་རིམ་གསུམ་པ་ལ་འོ་མའི་སྐོམ་དང་ཆང་ཟན་རྣམས་འགོད། གདོན་ཆེན་བཅོ་ལྔ་པོ་ལ་གཏོར་མ་རེ་བཤམས། བགེགས་གཏོར་ཞིག་བཤམས། དེ་ནས་སྙིང་ཐིག་སོགས་དང༌། གང་བྱེད་ཡི་དམ་གྱི་གཞུང་བསྲང་བའི་མཐར་མདོས་དང་ཡོ་བྱད་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། དེ་ནས་བགེགས་མགྲོན་འབོད་པ་ཡིས་འདི་སྐད་ཅེས་བརྗོད་དེ།

        ཧཱུཾ་སྟོང་ཆེན་རིན་ཅེན་ལས་གྲུབ་རི་རྒྱལ་གྱི། །ཤར་ལྷོ་ནུབ་བྱང་ཕྱོགས་དང་མཚམས་བཞི་ནས། །འཇམ་པོ་རི་རྒྱལ་སྐེམས་བྱེད་བརྗེད་བྱེད་དང༌། །ཁུ་ཆུར་མ་མོ་ཛ་ཀི་མ་རྣམས་དང༌། །འདོད་ཅན་སྲུལ་པོ་མ་དགའ་བྱེད་མ་དང༌། །བྱ་གདོན་གཉའ་ལག་ནམ་གྲུ་སྦྱིན་རྒྱལ་དང༌། །གདོན་ཆེན་གནས་འདིར་མདོས་དང་གླུད་ལ་སྤྱོན། །ཞེས་མགྲོན་སྤྱན་དྲངས་སོ། །དེ་ནས་ཡས་བསྔོ་བ་ནི། ཀྱེ། རི་རྒྱལ་འཇམ་པོ་སྐེམས་བྱེད་བརྗེད་བྱེད་དང༌། །ཁུ་ཚུར་མ་མོ་ཛ་ཀི་འདོད་ཅན་མ། །ནམ་གྲུ་སྲུལ་པོ་མ་ག་བྱ་ཡི་གདོན། །གཉའ་ལག་སྦྱིན་རྒྱལ་མི་ཕྱང་གདོན་རྣམས་ལ། །བ་ལང་ཤ་བ་ཝྭ་མོ་བྱ་རོག་དང༌། །གླུད་དང་རྟ་དང་རྡོ་རྗེ་ཁྱི་རྣམས་དང༌། །ཕག་དང་བྱི་བ་ཁུ་བྱུག་སྤྲེའུ་དང༌། །འུག་པ་ཕ་ཝང་ལ་སོགས་གཟུགས་འགྲོས་རྣམས། །སོ་སོར་རིགས་མཐུན་ཡས་གླུད་འདི་བཞེས་ལ། །བྱིས་པའི་ནད་དང་གདོན་ལས་གྲོལ་བར་མཛོད། །ཞེས་གཏོར་མ་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བསྔོས། དེ་ནས་གླུད་ཆོག་བྱ་བ་ནི། གླུད་རྣམས་བྱིན་གྱིས་གོང་ལྟར་བརླབས་ལ། ཧཱུཾ་བསྐལ་པ་འཇིག་རྟེན་མཐའ་ཡང་སྟོབས་རེ་ཆེ། །འཛམ་གླིང་རི་རབ་གྲོང་མང་དཔངས་རེ་མཐོ། །རྒྱ་མཚོ་གཏིང་ཟབ་གདོན་ཆེན་ཆོ་འཕྲུལ་ཆེ། །ལྷ་འདྲེ་སྲོག་སྒོམ་སྐྱེ་འགྲོ་སེམས་ཅན་རྣམས། །སྐྱེས་ཆེ་ནད་ཀྱིས་སྡུག་བསྔལ་མང་བ་ལ། །སྟོན་པའི་ཐུགས་རྗེ་རྒྱལ་བའི་ཐབས་མཁས་ཀྱིས། །སྲིའུའི་ཚེ་སྲོག་ཡས་དང་གླུད་ཀྱིས་བསྲིངས། །རིན་ཆེན་སྨན་སྣ་འབྲུ་ཚོགས་མི་ཆེན་འདི། །ཕྱི་རྫས་དར་ཟབ་ནང་རྫས་གསེར་དང་གཡུ། །གསུང་སྙན་འགྲོ་མཁས་གླུད་ཆེན་ཡ་མཚན་ཅན། །དང་པོ་ལྷ་བུ་བློ་གྲོས་བཟང་པོའི་གླུད། །དེ་ནས་དོན་འགྲུབ་ཁྲི་སྲོང་ལྡེ་བཙན་གླུད། །དེ་རིང་བྱིས་པ་རྒྱུ་སྦྱོར་ཡོན་བདག་གླུད། །གླུད་ཆོག་འདི་བསྔོས་མི་ལས་གླུད་འདི་བཟང༌། །སྐྱེས་པ་དམག་ཆས་སྟག་གཟིག་ཚང་ཐོན་འདྲ། །འདི་འདྲའི་གླུད་ཆེན་འདི་ཡི་ཡོན་ཏན་གྱིས། །སྣང་སྲིད་ལྷ་འདྲེ་ལན་ཆགས་བདག་པོ་དང༌། །བྱིས་གདོན་བཅོ་ལྔ་མ་བུའི་བྱུར་འདྲེ་དང༌། །བྱིས་པའི་ཆུང་སྲིད་གནོད་པའི་གདོན་རྣམས་ལ། །མ་བསད་སྟོད་འཇལ་མ་རྐུས་ཁྲིམས་སུ་འཇལ། །མ་ཆགས་འབུན་འཇལ་མི་ནོར་གླུད་དུ་འབུལ། །ཤི་མི་ཡོད་ཀྱིས་ཡས་གླུད་འདི་འབུལ་བས། །བཟུང་བ་ད་ཐོང་བཅིངས་པ་ད་ཁྲོལ་ཞིག །དེ་ནས་གླུད་མགྲོན་འབོད་པ་ནི། །ཤར་ལྷོ་ནུབ་བྱང་ཡེ་ཤེས་སྒོ་བཞི་ནས། །བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པ། །བྱིས་པར་གནོད་པ་གདོན་གཞན་ཇི་སྙེད་ཀུན། །གསང་བདག་བཀར་ཉོན་ཡས་གླུད་འདི་ལ་སྤྱོན། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །སྲིན་པོ་གདོན་དང་ལྷ་མ་ཡིན་ལ་སོགས། །རྣམ་པ་སྣ་ཚོགས་གཟུགས་སུ་སྤྲུལ་པ་རྣམས། །གསང་བདག་བཀའ་ཉོན་ཡས་གླུད་འདི་ལ་སྤྱོན། །དེ་ནས་མདོས་བཏང་བ་ནི། ཤར་ལྷོ་ནུབ་བྱང་སྒོ་བཞི་མཚམས་དག་ནས། །འོངས་པའི་བྱིས་པར་འཚེ་བའི་གདོན་བགེགས་དང༌། །བྱིས་པའི་གདོན་ཆེན་བཅོ་ལྔ་རྣམས་དང་ནི། །ས་ཕྱོགས་གནས་པའི་ལྷ་ཀླུ་གནོད་སྦྱིན་རིགས། །ཤ་ཟ་ཁྲག་འཐུང་སྲིན་པོའི་ཚོགས་རྣམས་དང༌། །སྣ་ཚོགས་གཟུགས་ཅན་ནད་རྣམས་ཀུན་གྱི་བདག །བྱིས་པར་འཚེ་བའི་གདོན་བགེགས་ཁྱེད་རྣམས་ལ། །བྱིས་པའི་དོན་དུ་ཡས་གླུད་དམ་པ་འབུལ། །རེ་ལུའི་ཆུང་གཟུགས་འོ་སྐུ་དག་ཀྱང་འབུལ། །ཆང་ཟན་གླུད་ཆེན་དམ་པ་འདི་བཞེས་ལ། །བྱིས་པར་གནོད་པ་སྐད་ཅིག་ཙམ་མ་མཛད། །བཟུང་བ་ད་ཐོང་བཅིངས་པ་མྱུར་དུ་ཁྲོལ། །སྐུ་གླུད་མདོས་ཆེན་དམ་པ་འདི་ལོང་ལ། །བྱིས་པའི་གདོན་ལས་མྱུར་དུ་གྲོལ་བར་མཛོད། །མངལ་དུ་བདེར་གནས་བཙས་ནས་འཚོ་གྱུར་ཅིག །མདོས་གླུད་ཀྱི་མགྲོན་དང་ཡེ་ཤེས་པ་གཤེགས་གསོལ་བྱ། ཞེས་མདོས་གླུད་གདོན་ཕྱོགས་སམ་ཕྱིར་བསྐྱལ་ལོ། །དམ་ཚིག་པ་རང་ལ་བསྡུ། ཡིག་བརྒྱ་སོགས་ཀྱིས་ལྷག་ཆད་ཁ་བཀང༌། མ་འབྱོར་བ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། རྗེས་ཆོག་གཞུང་ལྟར་བྱ། འདིར་ཁྱེར་བདེ་ལག་འཐོགས་ཙམ་ཞིག་བཀོད། རྒྱས་པར་བྱེད་ན་ཆུང་དཔྱད་པདྨ་གཅེས་འཕྲེང་དུ་རྟོགས་པར་བྱ་བ་གལ་ཆེའོ།།

        གཉིས་པ་ཚིག་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གནས་མལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གནས་མལ་བསྟེན་པ་དང༌། ཁྲུས་བྱ་བ་དང༌། བྱུག་པ་བྱ་བ་དང༌། སྲུང་བ་གདགས་བ་དང༌། དུད་བདུགས་བྱ་བ་དང༌། སྨན་བསྟེན་པ་དང༌། ཟས་བཤད་པ་དང་བདུན་ནོ། །གཉིས་པ་རྒྱས་བཤད་ལའང་བདུན་ལས། དང་པོ་ནི། གནས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བགེགས་བསྐྲད་པ་ནི། ཡུངས་ཀར་ལ་ཡི་དམ་གྱི་གཟུངས་སྔགས་བཟླས་ནས་བྲབ་པའོ། །གཉིས་པ་དང་གསུམ་པ་ཁྲུས་དང་བྱུགས་པ་ལྷན་ཅིག་ཏུ་བསྟན་པ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། ཤུ་དག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། །རིན་ཅེན་ནི་གསེར་རོ། །གནས་གསུམ་ནི་ལག་པ་སྤྱི་བོ་མགུལ་བ་གསུམ་མོ། །ལྔ་པ་ནི་བ་གླང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བ་གླང་རུས་པ་རྭ་དང་སྤུ། །པགས་པ་བྱི་ལའི་སྟུག་པ་དང༌། །ཞེས་སོ། །ཨ་བ་སེ་ཞེས་པ་ཡུངས་ཀར་རོ། །དྲུག་པ་ནི། རྩ་བ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། སྨན་མར་གྱི་རྩ་བ་ལྔ་ཞེས་པར་སྙིང་པོ་བསྡུས་པར་བཤད་པའི་རྩ་བ་ཆེན་པོ་ལྔ་ཞེས་པ། འདིར་བ་སྤྲུ་བ་ཟུར་དུ་འདུག་པའི་ཕྱིར་རོ། །ར་སྣ་མཱུ་ལ་ནི་ཙི་ཏྲ་ཀའི་རྩ་བ་དང་པི་པི་ལིང་གི་རྩ་བ་གཉིས་ཀ་ལ་བཞེད་ཅིང༌། འདིར་ཡང་གཉིས་ཀར་བཤད་ནའང་ཙི་ཏྲ་ཀའི་རྩ་བའོ། །བདུན་པ་ནི། ཁ་ཟས་ཞེས་རྐང་པ་བཞིས་བསྟན་ཏེ། དཀར་གསུམ་ནི་འོ་མ་ཞོ་མར་གསུམ་མོ། །ཞི་བའི་ཆ་གསུམ་གཏོར་མ་གླུད་གཟུགས་སོགས་གཞུང་དོན་ལྟར་གཏོང་བར་བྱའོ། །གཉིས་པ་ནི། དེས་ཀྱང་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། ཡན་ལག་བརྒྱད་པར། སྔགས་དང་གཏོར་མ་སྦྱིན་སྲེག་དང༌། །ཁྲུས་ནི་སྔགས་རྒྱུད་ཤེས་པར་བྱ། །ཞེས་དང༌། གདོན་དང་བྲལ་ཡང་བླ་གཉེན་ནད། །རྗེས་སུ་འབྲངས་པ་ཐམས་ཅད་ལ། །བྱིས་པའི་ནད་གསོད་བཤད་པ་ཡིས། །སྨན་གྱིས་ཇི་བཞིན་གསོ་བར་བྱ། །ཞེས་དང༌། གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་གསུམ་པའོ་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་དགུ་པ་བྱིས་པ་གསོ་ཐབས་ཀྱི་དཀའ་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། ལས་འབྲས་སོ་སོ་སོ་སོ་སྐྱེ་དུས་ལས། །རྣམ་སྨིན་ཆུང་ཆུང་ཆུང་ཆུང་ནས་མྱོང་ན། །དགེ་བ་རང་རང་རང་རང་ལུགས་བསྒྲུབ་པའི། །བསོད་ནམས་དེ་དེ་དེ་དེ་བཞིན་དུ་འབྱུང༌། །བྱིས་པའི་ངང་ཚུལ་བྱིས་པའི་རྣམ་དཔྱོད་ཅན། །བྱིས་པའི་གཏམ་གྱིས་བྱིས་པ་བྲིད་བྱེད་པ། །བྱིས་པ་གསོ་སྐབས་བྱིས་པའི་འབྲས་བཤད་མཁན། །བྱིས་པ་ལས་ཀྱང་བྱིས་པར་རང་ཉིད་ཁུམས། །ཞེས་པའི་བར་སྐབས་ཀྱི་ཚིགས་བཅད་དུ་བཀོད། བརྗོད་བྱ་ཡན་ལག་གསུམ་པ་རྗོད་བྱེད་སྐབས་བཅུ་པ་མོ་ནད་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ནོ། གཉིས་པ་ལན་གསུངས་པ་ལ་གསུམ། ཉན་པར་བསྐུལ་ནས་བསླབ་པར་གདམས་པ་དང༌། གོ་དོན་ངེས་ཕྱིར་རྒྱུ་མཚན་རྣམ་པར་བཞག་པ་དང༌། སྐབས་དོན་སྒྲུབ་ཕྱིར་ལེའུ་ངེས་པ་བཀོད་པ་གསུམ་མོ། །དང་པོ་ནི། །དྲང་སྲོང་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྒྱུ་མཚན་རྣམ་པར་བཞག་པ་ལ་གསུམ། ཕོ་མོའི་སྣང་ཚུལ་སྤྱིར་བསྟན་པ་དང༌། བུད་མེད་ཀྱི་གནས་ཚུལ་ཁྱད་པར་དུ་བཤད་པ། མོ་ནད་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བརྗོད་པ་གསུམ་མོ། །དང་པོ་ནི། དུག་གསུམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སེམས་གདོད་ནས་སྤྲོས་དང་བྲལ་ཡང་གློ་བུར་ལྟར་སྣང་གི་དྲི་མ་དེའི། རང་རྩལ་གཟུང་འཛིན་ལྟར་སྣང་བའི་ཆགས་སྡང་རྨོངས་སོགས་ཀྱི་ཀུན་སློང་གིས་དེ་མཐུན་གྱི་ལས་ཀྱི་རང་གཟུགས་སྣ་ཚོགས་པ་གྱུར་པ་ལས། འདིར་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་དེས་བསྐྱེད་པའི་ཉེས་པ་གསུམ། དེ་དག་གི་བྱ་བ་དང་མཚན་ཉིད་ཅན་གྱིས་ནམ་མཁའ་སྤྱི་ཁྱབ་ཏུ་གཞག་པའི་འབྱུང་བ་བཞི་རྣམས་ཚོགས་པ་ལས་གྲུབ་པའི་མངལ་སྐྱེས་ཀྱི་ལུས་ཕོ་མོ་མ་ནིང་གང་རུང་མྱོང་འགྱུར་གྱི་སྔོན་ལས་དང༌། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་ཕོ་མོར་སྣང་ཞེས་པའོ། །གཉིས་པ་བུད་མེད་ཀྱི་གནས་ཚུལ་ཁྱད་པར་བཤད་པ་ནི། བསོད་ནམས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་ཟ་མ་མོ་ལུས་ཐོབ་པ་ཞེས་པར་བསོད་ནམས་ལས་ཉོན་གྱི་དང་གིས་ཐོབ་པ་ཡིན་ཞིང༌། གཞན་ནི་བྱང་ཆུབ་སེམས་དཔའ་གཞན་ངོར་སྤྲུལ་པ་འདུས་པ་རིན་པོ་ཆེ་ཏོག་ཏུ་སྨན་གྱིས་ལྷ་མོ་འོད་འཆང་མ་དང༌། རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ་སོགས་སྐྱེས་པ་ཡིན་ཀྱང༌། བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་རྩི་སྨན་མཐའ་དག་འཕེལ་རྒྱས་མཛད་པར་བཤད། རྡོ་རྗེ་ཐེག་པར་ནི་བདེ་སྟོང་ཐབས་ཤེས་ཀྱི་ངོ་བོར་གྲུབ་པར་བུད་མེད་སྒྱུ་མ་མཆོག་ཏུ་གསུངས་པ་སོགས་གནས་སྐབས་བྱེད་པར་ཤེས་དགོས་སོ། །གསུམ་པ་མོ་ནད་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་མངལ་ནད་ལྔ། རྩ་ནད་བཅུ་དྲུག་སྐྲན་ནད་དགུ་སྲིན་བུ་ལང་ཁྲོས་གཉིས་ཏེ་མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས། ཕལ་པའི་ནད་བརྒྱད་དེ་བཞི་བཅུ་ཐམ་པར་བཤད་པའོ། །འདིར་གཞུང་དུ་མོ་ནད་གཙོ་བོ་སུམ་ཅུ་རྩ་བཞི་ཞེས་དང༌། ཕལ་པའི་ནད་བརྒྱད་བཞི་བཅུ་རྩ་གཉིས་སུ་གསུངས་ཀྱང༌། འགྲེལ་པ་འདོད་འཇོ་དང་མེས་པོའི་ཞལ་ལུང་སོགས་སུ་ཡང་སུམ་ཅུ་རྩ་གཉིས་སུ་གསུངས་ཤིང་གྲངས་སུ་བརྩིས་ཀྱང་གཙོ་བོ་སུམ་ཅུ་གཉིས། ཕལ་པ་བརྒྱད་དེ་དྲིལ་བས་བཞི་བཅུ་ཐམ་པར་འགྲིག་པ་འདུག་གོ །གསུམ་པ་སྐབས་དོན་འགྲུབ་ཕྱིར་ལེའུའི་ངེས་པ་བཀོད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ཡང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མོ་ནད་སྤྱི་དང་བྱེ་བྲག་དང་ཕལ་བ་གསུམ། གཉིས་པ་དེ་རྒྱས་པར་བཤད་པ་ལ་ལེའུ་གསུམ་གྱིས་བསྟན་ཏེ། དེ་ཡང་ལེའུ་དོན་བཞི་པས་སྤྱི་གསོ་བ། དོན་ལྔ་པས་བྱེ་བྲག་གསོ་བ། དོན་དྲུག་པས་ཕལ་བའི་ནད་གསོ་བ་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།