སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།



ལེའུ་དོན་གསུམ་པ།  བྱིས་པའི་གདོན་ནད་གསོ་བ། 

བྱིས་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ།

བྱིས་པའི་གདོན་ལ་ངོས་བཟུང་བ་དང༌། བཅོས་པའི་ཐབས་གཉིས་ལས། དང་པོ་ལ་ཡང་རིགས་དང༌། རྟགས་དང༌། གསོ་བ་དཀའ་བ་དང་སླ་བ་དང་བཞི་ཡོད་དེ།

དེ་ལ་རིགས་ཀྱིས་དབྱེ་ན་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི་སྤྲུུལ་པ་སྐྱེས་བུའི་གཟུགས་ཅན་རྣམ་པ་ལྔ་ཞེས་པ་སྐེམ་བྱེད། ས་ག ལུག ཁྱི། ཡི་དྭགས་ཀྱི་གདོང་ཅན་ལྔ་དང༌། བུད་མེད་གཟུགས་ཅན་བདུན་ནི་བྱ་གདོང༌། སྲུལ་མོ། གྲང་བའི་སྲུལ་མོ། སྲུལ་མོ་ལོང་མ། བཞིན་རྒྱས་ནམ་གྲུ། ནམ་གྲུ་སྐེམ་པོ་སྟེ་བཅུ་གཉིས་བཤད་པའི་ལས་མཁན་རྒྱལ་པོ་དང༌། བསེན་མོ་གཉིས་གོང་གི་བཅུ་གཉིས་པོའི་སྤྲུལ་གཞི་ལྷ་ཆེན་པོའོ། །དེ་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། སྐེམ་བྱེད་གཞོན་ནུ་གདོང་དྲུག་གི་སྤྲུལ་པ་སྐྱེས་བུའི་གཟུགས་ཅན་ལྔ་བུད་མེད་ཀྱི་གཟུགས་བདུན་ཏེ་བྱིས་གདོན་བཅུ་གཉིས། ལས་མཁན་ཕོ་ཉ་གཉིས་ཏེ་བཅུ་བཞི་སྟེ། རྒྱལ་བསེན་གཉིས་ནི་གཞན་ནས་ཁ་བཀང་སྟེ་བཤད་ཅེས་དང༌། ཟླ་ཟེར་ལས། སྔོན་ནི་སྐེམ་བྱེད་བསྲུང་བའི་ཕྱིར། །གདོན་ནི་སྐྱེས་བུའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་གྱིས་ནི་སྤྲུལ་པ་ཡིན། །སྐེམ་བྱེད་ས་ག་ལུག་གདོང་དང༌། །ཁྱི་གདོང་ཡི་དྭགས་ཞེས་བྱ་དང༌། །ཞེས་སོགས་སྐྱེས་པའི་གཟུགས་ཅན་དང༌། །ཕྱི་གདོན་སྲུལ་མོ་གྲང་བ་ཡིས། །སྲུལ་མོ་ལོང་མ་ལུས་སྲུལ་མོ། །དེ་བཞིན་བཞིན་གྱི་རྒྱན་ཅན་མོ། །ནམ་གྲུ་ནམ་གྲུ་སྐེམ་མོ་ཡིས། །ཞེས་བུད་མེད་ཀྱི་གཟུགས་ཅན་བདུན་ནོ། །

དེ་རྣམས་ཀྱིས་ཟིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་རྟགས་ནི་རྟག་ཏུ་ངུ་ཞིང་དངངས་ལ་འཁུན་པ་དང༌། གཉིད་ཆུང་ཞིང་གཡལ་མང་ལ་མ་མཆུ་ལ་སོ་ཡིས་འདེབས་པ་དང༌། མ་ལ་འབྲད་ཅིང་ནུ་མ་ཁ་ནས་འདོན་ཅིང་ལུས་གཉའ་ཞིང་མིག་ལྡོག་ལ་ལྦུ་བར་སྐྱུག་པ་ཡིན།

བྱེ་བྲག་གི་རྟགས་ལ་སྐྱེས་བུའི་གཟུགས་ཅན་ལྔ་གནོད་པའི་རྟགས་ལ་སྐེམ་བྱེད་ཀྱིས་ཟིན་ན་མགོ་རྡེབ་ཅིང་མིག་གཅིག་ནས་མཆི་མ་འཛག་པ་དང༌། རྔུལ་མང་ལ་སྐྱིག་ཅིང་སོ་འཆའ་བ་དང་མཇིང་པ་རེངས་ཤིང་བཤང་ཁ་སོགས་ལ་སྦར་མོས་འཆང་ཞིང་ཞོ་མི་འཐུང༌། ས་གས་ཟིན་ན་གཉིད་མེད་ཅིང་དྲན་པ་ཉམས་ལ་ལྦུ་བར་སྐྱུགས་པ་དང༌། ནུ་མ་ལྕེ་ལ་སོགས་པར་སོས་འདེབས་ཤིང་གནམ་དུ་བལྟ། ལུག་གདོང་གིས་ཟིན་ན་འཁུན་ཞིང་སྦོ་ལ་འཁྲུ་སྐྱུག་སོགས་བྱེད་ཅིང་རྐང་ལག་འདར་བ་དང༌། གློ་མང་ཞིང་མིག་དམར་ལ་སྐྱིག་ཅིང་ཁུ་ཚུར་འཆང༌། ཁྱི་གདོང་གིས་ཟིན་ན་ལུས་འདར་ཞིང་རྔུལ་འོང་བ་དང་མིག་འཛུམ་ཞིང་རྐན་རྡེབ་ལ་འཁྲུ་སྐྱུག་དྲི་མ་ཆེ་བར་འོང༌། ཡི་དྭགས་ཀྱིས་ཟིན་ན་དངངས་ཤིང་འཁྲུ་སྐྱུག་བྱེད་པ་དང་གློ་ལུ་ཞིང་གཡལ་མང་ལ་ཁ་ཁ་ཤ་ལུས་སྐམ། བུད་མེད་གཟུགས་ཅན་བྱ་གདོང་གིས་ཟིན་ན་ཚ་བ་སྐྱེ་ལ་འཁྲུ་ཞིང་ལྕེ་ཀྱོག་པ་དང་རྐན་ལ་འབྲུམ་ཐོར་འོང༌། སྲུལ་མོས་ཟིན་ན་འཁྲུ་སྐྱུག་བྱེད་ཅིང་སྐྱིགས་བུ་སྐོམ་དད་ཆེ། གྲང་བའི་སྲུལ་མོས་ཟིན་ན་ལུས་འདར་ཞིང་མིག་ཟུར་གྱིས་བལྟ་ལ་རྒྱུ་མ་འཁྲོག་ཅིང་ངོས་གཅིག་ཚ་ལ་ངོས་གཅིག་གྲང་བ་འབྱུང་སྟེ། ཡན་ལག་བརྒྱད་པར་ཡང༌། ཡན་ལག་ངོས་གཅིག་གྲང་བ་དང༌། །ངོས་གཅིག་དྲོ་བ་ཉིད་ཡིན་ནོ། །ཞེས་སོ། །སྲུལ་མོ་ལོང་བས་ཟིན་ན་མིག་གསལ་ལ་སྐྲངས་ཤིང་འཁྲུ་སྐྱུག་དང་ཚ་བ་སྐྱེ་ལ་གློ་ལུ་ཞིང་ཞོ་མི་འདོད། བཞིན་རྒྱས་ཀྱིས་ཟིན་ན་བཞིན་མཛེས་ཚ་བ་སྐྱེ་ཞིང་ཟས་མི་འདོད་པ་དང་ལྟོ་བ་ལ་རྩའི་དྲ་བ་ནག་པོས་ཁྱབ། ནམ་གྲུས་ཟིན་ན་མདོག་སྔོན་པོར་འཁྲུ་ལ་སྐྱིགས་བུ་འོང་བ་དང་ཁ་ཡོ་ཞིང་ཚ་བ་སྐྱེ་ལ་པགས་མདོག་སྔོ། ནམ་གྲུ་སྐེམ་པོས་ཟིན་ན་ཚ་བ་སྐྱེ་བ་དང་སྐྲ་འབྱིད་ཅིང་སྐད་ཆུང་ལ་ཁ་དོག་སྣ་ཚོགས་འཁྲུ། ལས་མཁན་ནམ་ཕོ་ཉ་བ་རྒྱལ་པོ་དང་བསེན་མོ་གཉིས་ལས་རྒྱལ་པོས་ཟིན་ན་དངངས་ཤིང་འདར་ལ་མིག་ལྡོག་པ་དང་ཐོ་རངས་ངུ༌། བསེན་མོས་ཟིན་ན་བྱིང་ཞིང་འཐིབས་ལ་ཚ་བ་སྐྱེ་བ་དང་སྲོད་དུས་ངུ༌།

གསོ་བ་དཀའ་བ་དང་སླ་བ་སྲོག་འདོད་གསོ་དཀའ་བ་དང་ཡས་འདོད་གསོ་སླ་བ་གཉིས་ཡོད་པ་ལས་སྲོག་འདོད་ཀྱི་རྟགས་ནི་བཙས་པའི་སྐར་མ་ངན་པ་དང༌། ཁ་བུབ་ཏུ་ནམ་ཕྱེད་བཙས་པ་ཡ་རྐན་ནག་ལ་ཁ་དོག་སྣ་ཚོགས་སུ་འཁྲུ་ཞིང་ཟས་དང་ནུ་མ་མི་འདོད་པ་མཚན་མོ་ངུ་བ་དེ་སྲོག་འདོད་ཀྱི་གདོན་ཡིན་དེ་སྔོན་གྱི་རྣམ་སྨིན་གྱི་ཚུལ་དུ་འབྱུང་བས་གསོ་བ་དཀའ་བ་ཡིན། ཁ་སྐམ་ལ་ལྕེས་མཆུ་ལ་མྱུལ་བ་དང༌། ཟས་སྐོམ་འདོད་ལ་བྱིན་ན་ཟ་རྒྱུ་མེད་ཅེས་པ་ཟ་མི་ཐུབ་པ་དེ་ཡས་འདོད་གདོན་དེ་ཀྱལ་ཀ་ལྟོགས་འདོད་ཀྱི་ཚུལ་དུ་འབྱུང་བས་གསོ་བ་སླ་བ་ཡིན།

གསོ་བའི་ཐབས་ལ་ཞི་བ་དང་དྲག་པོ་གཉིས་ལས་དང་པོ་ཡས་ཀྱི་རིགས་དང་གླུད་དང་གཏོར་མ་སོགས་ཞི་བས་བཅོས་དགོས་ཏེ་རྒྱས་པར་སྤྲོ་འདོད་ན་ཆུང་དཔྱད་པདྨ་གཅེས་ཕྲེང་སོགས་ནས་བཤད་པ་བཞིན་གཞན་དུ་རྟོགས་པ་ལས་ཤེས་པར་བྱ་ཞིང༌། འདིར་གནས་མལ་དང༌། ཁྲུས་དང༌། བྱུག་པ་དང༌། གདགས་པ་དང༌། བདུག་པ་དང༌། སྨན་དང༌། ཟས་དང་བདུན་ལས། གནས་མལ་ནི་གདོན་མེད་པའི་ས་དབེན་པར་བགེགས་བསྐྲད་པ་ཡུངས་ཀར་ལ་ཡི་དམ་གྱི་གཟུངས་སྔགས་བཟླས་ནས་བྲབ་ལ། དོང་གསྒྲོན་ཤིང༌། ཨ་བ། ཀ་རཉྫ། ནིམ་པ། ལྕམ་པ་རྣམས་ཆུ་དྲོན་ལ་སྦྱར་བའི་ཁྲུས་ཀྱིས་བཀྲུ་བ་དང་དེ་དག་གི་བྱུག་པའང་བྱེད། ཤུ་དག་རིན་ཆེན་སྣ་ལྔ། བསེ་རུ་རྣམས་འདི་སྐབས་གནས་ལག་པ། སྤྱི་བོ། མགུལ་གསུམ་དུ་བཏགས་པ་དང༌། བ་གླང་གི་རུས་པ། སྤུ། རྭ། པགས་སོགས་དང་བྱི་ལའི་བྲུན། ར་སྤུ། ཡུངས་ཀར། མི་སྐྲ། རྨ་བྱའི་སྒྲོ། སྲན་ཕུབ་སོ་བ། མར་རྙིང༌། ཕ་ཝང་བྲུན། ཧོང་ལེན། སོ་ཆ། ཐང་མ་སྒྲོན་ཤིང༌། ཨ་བ་སེ་ཞེས་གོང་དུ་ཉེར་སྤྱོད་སྐབས་བཤད་བཞིན་རྩྭ་ཨ་བ་དང་སེ་རྒོད་ནིམ་པ། གུ་གུལ། ཀཎྜ་ཀ་རི་དཀར་སྨུག་གཉིས། ར་ཐུག་གཅིན་རྣམས་སྦྱར་བའི་རེང་བུའི་དུད་པས་བདུག སྨན་ནི་རྩ་བ་ལྔ་ཞེས་པ་འདིར་བ་སྤྲུ་བ་སྦྱོར་སྡེ་འདི་གར་བཤད་པས་རྩ་བ་ལྔ་ཕྱི་རྒྱུད་སྐབས་ལྟར་མ་ཡིན་ཡན་ལག་བརྒྱད་པ་ནས་བཤད་པའི། བིཝ་ཀརྨ་ཏཏྐ་རི། །བ་ཏ་ལ་དང་ཏུནྟུ་ཀ། རྩ་ཆེན་ལྔ་པོ་བསྐ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན། །ཞེས་པ་ལྟར་འཐད་ནའང་གོང་གསལ་ཚུལ་བཞིན་རྟོགས་དཀའ་བས་ཡན་ལག་གི་ལེའུར་འཆད་པ་ལྟར་སྔོའི་རྩ་བ་རེ་ལྕག་རི་ཤོ། སྤྲུ་མ། སྲུབ་ཀ སྤྱང་ཚེར་ཏེ་ལྔ་བྱས་ཀྱང་རུང་ངོ༌། །རྩ་བ་ཆེན་པོ་ལྔ་ཞེས་བཤད་པ་དེ་འདིར་བཟུང་བ་དང༌། ར་སྣ་མཱུ་ལ་ཞེས་རླུང་ནད་སྐབས་རྒྱས་པར་བརྗོད་པ་ལྟར་དང༌། གླ་སྒང༌། ཙི་ཏྲ་ཀ་དང༌། ཚ་བ་སྒ་པི་ཕོ་གསུམ། བ་སྤྲུ། ཤིང་མངར། ཤིང་ཀུན། མོན་ཆ་ར། ཐང་མ་སྒྲོན་ཤིང་གི་ལོ་རྐང༌། དུག་མོ་ཉུང་དང༌། བྱི་ཏང་ག པི་པི་ལིང་གི་རྩ་བ་རྣམས་ཕྱེ་མར་བཏབ་ལ་འོ་མར་བཅས་པའི་སྨན་མར་སྦྱར་རྡོ་རྗེའི་སྨན་མར་ཞེས་བྱ་སྟེ་ཁོང་དུ་ཟ་ཞིང་ལུས་ལའང་བྱུག་པར་བྱས་པས་གདོན་འཇོམས་ཤིང་སྟོབས་དང་ཁ་དོག་མེ་དྲོད་སོགས་བསྐྱེད་དོ། ཁ་ཟས་ཤ་ཆང་དང་ཁྲག་ཚོད་སོགས་སྤང་བར་བྱ་བ་དང༌། དཀར་གསུམ་ཟ་ཞིང་ཆ་གསུམ་གྱི་གཏོར་མས་མཆོད་པ་གླུད་སོགས་གཞུང་དོན་ལྟར་དང༌། ཆབ་གཏོར་ཡང་བཏང་ཞིང་གཟུངས་ཆེན་གྲྭ་ལྔ་འདོན་པ་དང༌། དེ་ལྟར་བྱས་ན་གཏོར་མ་འདོད་པའི་གདོན་རྣམས་དེས་ཚིམ་སྟེ་འཚོ་བར་འགྱུར་རོ། །

དེས་ཀྱང་མ་སོས་ན་དྲག་པོའི་ལས་ལ་སྦྱར་བར་བྱ་སྟེ་དྲག་སྔགས་བཟླས་ཐུན་གྱིས་བྲབ་ཅིང་མནན་པ་དང༌། དྲག་པོའི་སྦྱིན་སྲེག་བྱ་བ་དང༌། བསད་པའི་འཁོར་ལོ་བསྐོར་དགོས་ཏེ། ཡན་ལག་བརྒྱད་པར་ཡང༌། སྔགས་དང་གཏོར་མ་སྦྱིན་སྲེག་དང༌། །ཁྲུས་ནི་སྔགས་རྒྱུད་ཤེས་པར་སྦྱར། །ཞེས་དང༌། གདོན་དང་བྲལ་ཡང་བླ་གཉན་ནད། །རྗེས་སུ་འབྲངས་པ་ཐམས་ཅད་ལ། །བྱིས་པའི་ནད་གསོར་བཤད་པ་ཡི། །སྨན་གྱིས་ཇི་བཞིན་གསོ་བར་བྱ། །ཞེས་གསུངས་པས་གཏོར་ན་སྦྱིན་སྲེག་འཕྲུལ་འཁོར་མནན་པ་ལ་སོགས་པ་རྣམས་ནི་གསང་སྔགས་གསར་རྙིངས་ལ་གྲགས་པ་ལྟར་གྱི་རང་བཟོ་མེད་པའི་སྔགས་པ་ནུས་ལྡན་གྱི་སྤྱོད་ཡུལ་ཡིན་ལ། དེང་སང་གི་བན་སྔགས་མིང་ལ་བདག་གིར་བྱེད་པ་རྣམས་ནི་བླ་མ་རང་མགོ་མི་ཐོན་པའི་གཤིན་པོའི་འདྲེན་ཆོག་གི་དཔེ་ལྟར་ཤ་ཐང་ངོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་བྱིས་པའི་ནད་ཀྱི་ནང་ཚན་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།