སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བྱིས་པའི་གདོན་ལ་ངོས་བཟུང་བཅོས་ཐབས་གཉིས།།

སྤྱི་དོན་དང་པོ་རིགས་རྟགས་གསོ་བ་དཀའ་སླ་བཞི། །དང་པོ་དེ་རིགས་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི། །སྤྲུལ་པ་སྐྱེས་བུའི་གཟུགས་ཅན་རྣམ་པ་ལྔ་དང་། །བུད་མེད་ཀྱིི་གཟུགས་ཅན་བདུན་ཏེ་དྲིལ་བས་བཅུ་གཉིས་བཤད། །གཉིས་པ་དེས་ཟིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་རྟག་ཏུ་ངུ་ཞིང་དངང་ལ་འཁུན། །གཉིད་ཆུང་གཡལ་མང་མ་མཆུ་སོ་ཡིས་འདེབས། །མ་ལ་འབྲད་ཅིང་ནུ་མ་ཁ་ནས་འདོན། །གཉའ་ཞིང་མིག་ལྡོག་ལྦུ་བར་སྐྱུག་པ་ཡིན། །གཉིས་པ་བྱེ་བྲག་རྟགས་ལ་སྐྱེས་བུའི་གཟུགས་ཅན་ལྔ་ཡིས་གནོད་པའི་རྟགས་ལ། །དང་པོ་སྐེམ་བྱེད་མགོ་རྡེབ་མིག་གཅིག་མཆི་མ་འཛག །རྔུལ་མང་སྐྱིག་ཅིང་སོ་འཆའ་མཇིང་པ་རེངས། །བཤང་ཁ་སྦར་མོས་འཆང་ཞིང་ཞོ་མི་འཐུང་། །གཉིས་པ་ས་ག་གཉིད་མེད་དྲན་ཉམས་ལྦུ་བར་སྐྱུག །ནུ་མ་ལྕེ་ལ་སོ་འདེབས་གནམ་དུ་བལྟ། །གསུམ་པ་ལུག་གདོང་འཁུན་སྦོ་འཁྲུ་སྐྱུག་རྐང་ལག་འདར། །གློ་མང་མིག་དམར་སྐྱིག་ཅིང་ཁུ་ཚུར་འཆང༌། །བཞི་བ་ཁྱི་གདོང་ལུས་འདར་རྔུལ་འོང་མིག་འཛུམ་ཞིང༌། །རྐན་རྡེབ་འཁྲུ་སྐྱུག་དྲི་མ་ཆེ་བར་འོང༌། །ལྔ་བ་ཡི་དྭགས་དངངས་ཤིང་འཁྲུ་སྐྱུག་བྱེད་པ་དང༌། །གློ་ལུ་གཡལ་མང་ཁ་ཁ་ཤ་ལུས་སྐམ། །བུད་མེད་གཟུགས་ཅན་དྲུག་པ་བྱ་གདོང་ཚ་བ་སྐྱེ། །འཁྲུ་ཞིང་ལྕེ་ཀྱོག་རྐན་ལ་འབྲུམ་ཐོར་འོང༌། །བདུན་པ་སྲུལ་མོ་འཁྲུ་སྐྱུག་སྐྱིགས་བུ་སྐོམ་དད་ཆེ། །བརྒྱད་པ་གྲང་བའི་སྲུལ་མོ་ལུས་འདར་མིག་ཟུར་བལྟ། །རྒྱུ་འཁྲོག་ངོས་གཅིག་ཚ་ལ་ངོས་གཅིག་གྲང༌ཡན་ལག་བརྒྱད་པར། ཡན་ལག་ངོས་གཅིག་གྲང་བ་དང་།ངོས་གཅིག་དྲོ་བ་ཉིད་ཡིན་ནོ། །ཞེས་སོ།དགུ་བ་སྲུལ་མོ་ལོང་བ་མིག་མི་གསལ་ལ་སྐྲངས། །འཁྲུ་སྐྱུག་ཚ་སྐྱེ་གློ་ལུ་ཞོ་མི་འདོད། །བཅུ་བ་བཞིན་རྒྱས་བཞིན་མཛེས་ཚ་སྐྱེ་ཟས་མི་འདོད། །ལྟོ་ལ་རྩ་ཡི་དྲ་བ་ནག་པོས་ཁྱབ། །བཅུ་གཅིག་ནམ་གྲུ་སྔོན་པོར་འཁྲུ་ལ་སྐྱིགས་བུ་འོང༌། །ཁ་ཡོ་ཚ་བ་སྐྱེས་ལ་ལྤགས་མདོག་སྔོ།   བཅུ་གཉིས་ནམ་གྲུ་སྐེམ་པོ་ཚ་བ་སྐྱེ་བ་དང་། །  སྐྲ་འབྱིད་སྐད་ཆུང་ཁ་དོག་སྣ་ཚོགས་འཁྲུ་དེ་རྣམས་ནི་ཡན་ལག་བརྒྱད་པ་ལྟར་བཤད་པའོ། རྒྱལ་བསེན་གཉིས་གཞན་ནས་ཁ་བཀང་སྟེ་འཆད་པ་ནི་ལས་མཁན་ཕོ་ཉ་རྒྱལ་པོ་བསེན་མོ་གཉིས། །རྒྱལ་པོ་དངངས་འདར་མིག་ལྡོག་ཐོ་རངས་ངུ་། །བསེན་མོ་བྱིང་འཐིབས་ཚ་སྐྱེ་སྲོད་དུས་ངུ་། །གསོ་བ་དཀའ་བ་ལ་ནི་སླ་སྲོག་འདོད་པ་དང་གསོ་བ་སླ་བ་ནི་ཡས་འདོད་པ་དང་གཉིས། །བཙས་སྐར་ངན་དང་ཁ་བུབ་ནམ་ཕྱེད་བཙས།  །ཡ་རྐན་ནག་ལ་ཁ་དོག་སྣ་ཚོགས་འཁྲུ། །ཟས་དང་ནུ་མ་མི་འདོད་མཚན་མོ་ངུ་། །སྲོག་འདོད་གདོན་དེ་སྔོན་ལས་ཀྱི་རྣམ་སྨིན་གྱི་ཚུལ་དུ་འབྱུང་བས་ཡས་འདོད་ནི་གསོ་བ་དཀའ་བ་ཡིན།། །ཁ་སྐམ་ལྕེ་ཡིས་མཆུ་ལ་མྱུལ་བ་དང༌། །ཟས་སྐོམ་འདོད་ལ་བྱིན་ན་ཟ་རྒྱུ་མེད། །ཡས་འདོད་གདོན་དེ་ཀྱལ་ཁ་རྟོག་འདོད་ཀྱི་ཚུལ་དུ་འབྱུང་བས་ཡས་འདོད་ནི་གསོ་བ་སླ་བ་ཡིན།།

སྤྱི་དོན་གཉིས་པ་གསོ་བའི་ཐབས་ལ་ཞི་དང་དྲག་པོ་གཉིས། །དང་པོ་ཡས་གླུད་གཏོར་མ་ཞི་བས་བཅོས། །གནས་མལ་འཁྲུས་བྱུག་གདགས་བདུག་སྨན་ཟས་བདུན། །གནས་མལ་གདོན་མེད་དབེན་པར་བགེགས་སྔགས་བཟླས་ཉུངས་དཀར་གཏོར་བསྐྲད་ལ། །དོང་ག་སྒྲོན་ཤིང་ཨ་བ་ཀ་རཉྫ། །ནིམ་པ་ལྕམ་པ་ཆུ་དྲོན་ཁྲུས་ཀྱིས་བཀྲུ། །ཤུ་དག་རིན་ཆེན་གསེར་ས་ལེ་སྦྲམ་བསེ་རུ་གནས་གསུམ་སྤྱི་བོ་མགུལ་པ་ལག་པ་གདགས། །བ་ལང་རུས་སྤུ་ར་ཕག་བྱི་ལའི་བྲུན། །ར་སྤུ་ཡུངས་དཀར་མི་སྐྲ་རྨ་བྱའི་སྒྲོ། །སྲན་ཕུབ་སོ་བ་མར་རྙིང་ཕ་ཝང་བྲུན། །ཧོང་ལེན་སོ་ཆ་ཐང་ཤིང་ཨ་བ་སེ་ཡུངས་དཀར། །ནིམ་པ་གུ་གུལ་ཀཎྜ་ཀ་རི་དཀར་སྨུག་གཉིས་དེ་ཐལ་རྒྱབ་ཡོད་མོད། །ར་ཐུག་གཅིན་སྦྱར་རེང་བུའི་དུད་པས་བདུག །རྩ་བ་ལྔ་དང་འདིར་བ་སྤྲུ་བ་ཟུར་དུ་བཤད་པས་རྩ་བ་ལྔ་ནི་ཕྱི་རྒྱུད་སྐབས་ལྟར་མ་ཡིན་ཡན་ལག་བརྒྱད་པར་བཤད་པའི་རྩ་བ་ཆེན་པོ་ལྔ་ཞེས་བཤད་པ་དེ་འདིར་བཟུང་དགོས་ཀྱང་ངོས་འཕྲོད་པར་དཀའ་བས་བེེ་སྔོན་དུ་རེ་ལྕག རི་ཤོ  སྤྲུ་མ་  སྲུབ་ཀ   སྤྱང་ཚེར་ལྔ་ལ་བྱེད་ཅེས་གསུངས། ར་སྣ་མཱུ་ལ་དང་། །གླ་སྒང་ཙི་ཏྲ་ཀ་དང་ཚ་བ་སྒ་པི་ཕོ་གསུམ། །བ་སྤྲུ་ཤིང་མངར་ཤིང་ཀུན་མོན་ཆ་ར། །སྒྲོན་ཤིང་དུག་མོ་ཉུང་དང་བྱི་ཏང་ག །པི་པི་ལིང་གི་རྩ་བའི་སྨན་མར་སྦྱར། །ཁོང་དུ་བཟའ་ཞིང་ལུས་ལ་བྱུག་པ་བྱ། །གདོན་འཇོམས་སྟོབས་དང་ཁ་དོག་མེ་དྲོད་སྐྱེད། །ཁ་ཟས་ཤ་ཆང་ཁྲག་ཚོད་སྤང་བར་བྱ། །དཀར་གསུམ་བཟའ་ཞིང་ཆ་གསུམ་གཏོར་མས་མཆོད། །ཆབ་གཏོར་བཏང་ཞིང་གཟུངས་ཆེན་གྲ་ལྔ་འདོན། །གཏོར་མ་འདོད་པའི་གདོན་རྣམས་དེ་ཡིས་འཚོ།  གཉིས་པ་དེས་ཀྱང་མ་སོས་ལས་ལ་སྦྱར་བར་བྱ། །དྲག་སྔགས་བཟླས་པའི་ཐུན་གྱིས་བྲབ་ཅིང་མནན་པའི་དྲག་པོའི་བསྲེག་བླུགས་དང་དྲག་པོའི་འཁོར་ལོ་བསྐོར། །ཡན་ལག་བརྒྱད་པར། དེ་བཞིན་གཏོར་མ་སྦྱུན་སྲེག་དང་། །ཁྲུས་ནི་སྔགས་རྒྱུད་ཤེས་པས་སྦྱངས། །ཞེས་དང་། གདོན་དང་བྲལ་ཡང་བླ་གཉན་ནད། །རྗེས་སུ་འབྲེལ་བ་ཐམས་ཅད་ལ། །བྱིས་པའི་ནད་གསོར་བཤད་པ་ཡི། །སྨན་གྱིས་ཇི་བཞིན་གསོ་བར་བྱ། །ཞེས་གསུངས་པ་ལྟར་གཏོར་མ་སྦྱིན་སྲིག་ཁྲུས་འཁོར་ལོ་མནན་པ་ལ་སོགས་པ་རྣམས་ནི་གསང་སྔགས་གསར་རྙིང་ལ་གྲགས་པ་ལྟར་རང་བཟོ་མེད་པའི་སྔགས་པ་ནུས་ལྡན་གྱི་སྤྱོད་ཡུལ་ཡིན་གྱི། དེང་སང་བན་སྔགས་མིང་ལ་བདག་གིར་བྱེད་པ་རྣམས་ནི་བླ་མ་རང་མགོ་མ་ཐོན་པའི་ཤི་བའི་འདྲེན་ཆོག་གི་དཔེ་ལྟར་ཤ་ཐང་ངོ་། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པའི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གསུམ་པའོ། །དེ་ལྟར་ལེའུ་གསུམ་གྱིས་བྱིས་པ་གསོ་བའི་སྐབས་ཏེ་དགུ་པའོ། །དེ་ལྟར་ལེའུ་གསུམ་སྐབས་གཅིག་ནི་བྱིས་པ་གསོ་བའི་ཡན་ལག་སྟེ་ཡན་ལག་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།