སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

ལེའུ་དོན་གཉིས་པ་བྱིས་པའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱིས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་བྱིས་པའི་ནད་ཀྱི་རྒྱུ་བསྟན་པ་དང་རྐྱེན་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང་བཅོས་ཐབས་བསྟན་པ་སྟེ་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་ལས། དང་པོ་རྒྱུ་བསྟན་པ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གསུམ་མོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྐྱེན་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མའི་རྐྱེན་དང༌། བུའི་རྐྱེན་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས། དང་པོ་ནི། མ་རྐྱེན་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་བུ་རྐྱེན་ལ་གསུམ་མདོར་རྒྱས་མཇུག་གསུམ་མོ། །དང་པོ་ནི། བུ་རྐྱེན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གདོན་རྐྱེན་དང༌། སྤྱོད་ལམ་དང༌། ཟས་ཀྱི་རྐྱེན་དང་གསུམ་ལས། དང་པོ་ནི། གདོན་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་བཅུ་གཉིས་པོ་འོག་ཏུ་བསྟན་ནོ། །ལས་མཁན་ཕོ་ཉ་ཞེས་པའི་རྒྱལ་པོ་ནི། སྡེ་བརྒྱད་ཀྱི་ཁོངས་སུ་གཏོགས་པའི་དཀོར་བདག་གོ་ །གསེན་མོ་ཞེས་པ་ནི་མོ་འདྲེ་སྟེ་གསེན་འདྲེར་གྲགས་སོ། །གཉིས་པ་ནི། སྤྱོད་ལམ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། ཟས་སྐོམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྐྱེན་དེ་རྣམས་ཀྱིས་བྱིས་པའི་ནད་རིགས་ཉེར་བཞི་བསྐྱེད་པའོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་ན་ལྷན་ཅིག་སྐྱེས་པའི་ནད་དང་གློ་བུར་གྱི་ནད་གཉིས་སོ། །དང་པོ་ནི། མ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། མའི་ནད་བུ་ལ་ལྷུང་བས་ཐོག་མ་ནས། རང་བཅས་སུ་ཡོད་པས་ལྷན་སྐྱེས་ཞེས་བྱའོ། །གཉིས་པ་གློ་བུར་གྱི་ནད་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། གློ་བུར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ནད་སྟོབས་ཆེ་འབྲིང་ཆུང་གསུམ་ལ། རགས་པ་ཕྲ་བ་ཞིབ་ཚེགས་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། རགས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་བརྒྱད། བྲང་དང༌། གློ་བ་དང༌། མཆིན་པ་དང༌། འཁྲུ་བ་དང༌། སྐྱུག་པ་དང༌། རིམས་དང༌། ལྟེ་བ་དང༌། རྡེའུའི་ནད་དང་བརྒྱད་དོ། །གཉིས་པ་ནི། ཕྲ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལའང་བརྒྱད། མགོ་སྐྲངས་པ་དང༌། གྲེ་བ་འགགས་པ་དང༌། མཆེར་ནད་དང༌། མཁྲིས་ནད་དང༌། ཕོ་ནད་དང༌། ལོང་ནད་དང༌། ས་བཟོས་པའི་ནད་དང༌། ཞོ་རས་པའི་ནད་དང་བརྒྱད། གསུམ་པ་ནི། ཞིབ་ཚགས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལའང་བརྒྱད། མིག་ནད་དང༌། རྣ་བའི་ནད་དང༌། ཁ་ནད་དང༌། རྨེན་བུའི་ནད་དང༌། ཤ་ནད་དང༌། སྲིན་ནད་དང༌། ཕོ་ནད་དང་བརྒྱད་དེ་དྲིལ་བས་བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞིར་བཤད་པའོ། །གསུམ་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་གཉིས། འཚོའམ་འཆི་བའི་རྟགས་ཐག་བཅོད་དེ་ཁ་དམར་གདགས་པའམ་ཁས་འཆེ་བ་གསུམ།

        དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། སྐད་རྨྱ་ཞེས་པ་ནི་སྐད་གདངས་ཆག་པའོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་ཉེར་བཞི་ལས། དང་པོ་ནི། ཁྱད་པར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བྲང་གི་ནད་རྒོད་ཚ་བ་དང་གཡུང་གྲང་བ་གཉིས་ལས། དང་པོ་ནི། བྲང་རྒོད་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏོ། །རྩ་དང་འཕར་སྒོ་དྲག་པ་ནི་འཕར་རྩ་དང་དོན་གྱི་ཡུལ་ལམ་སྒོ་རྣམས་འཕར་དྲག་པའོ། །གཉིས་པ་ནི། གྲང་དབྱུང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གློ་ནད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གློ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། གློ་བའི་ནད་ལ་ཚ་གཟེར་དང༌། ཚ་སུབས་དང༌། ཐང་བོ་དང་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། ཚ་གཟེར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འཐིབས་ཆེ་ཞེས་པ་ནི་ཤེས་པ་འཐིབས་ཆེ་བའོ། །གཏིང་ནས་འཁུན་པ་ནི་ཞེ་འཁུན་བྱེད་པའོ། །གཉིས་པ་ནི། ཚ་སུབས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། ཐང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་མཆིན་ནད་ལ་གསུམ། མདོར་རྒྱས་སྤྱི་གསུམ་མོ། །དང་པོ་ནི། མཆིན་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མཆིན་ནད་ཚ་བབས་དང༌། གྲང་བབས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། རྒོད་བབས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ནི། གཡུང་བབས་ཞེས་རྐང་པ་ལྔས་བསྟན་པའོ། །གསུམ་པ་ནི། སྤྱི་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། མཐིལ་བཞི་ཞེས་པ་རྐང་ལག་གི་མཐིལ་བཞིའོ། །བཞི་པ་འཁྲུ་ནད་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། འཁྲུ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཁྲུ་བའི་ནད་ལ་ཚ་བས་འཁྲུ་བ་དང༌། གྲང་བས་འཁྲུ་བ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། འཁྲུ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། གྲང་འཁྲུ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་སྐྱུག་ནད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐྱུག་ནད་ཅེས་རྐང་པ་གཅིག་གིས་བསྟན་པ་ལ། སྐྱུག་ནད་ཚ་བ་དང་གྲང་བ་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། ཚ་བས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། གྲང་བས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་རིམས་ནད་བཤད་པ་ནི། རིམས་ནད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བདུན་པ་ལྟེ་ནད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྟེ་ནད་ཅེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ཏེ། དེ་ཡང་ལྟེ་བའི་ནད་ལ་ལྟེ་འཁྲང་དང༌། ལྟེ་འཁོར་དང༌། ལྟེ་མཁྲེགས་དང༌། ལྟེ་རྣག་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། དང་པོ་ཞེས་འབྲུ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ངུ་སྐད་གཅོད་སྡོམས་བྱེད་ཅེས་པ། ངུ་འཕྲལ་ངུ་འཕྲལ་གཅོད་འཕྲད་དུ་ངུ་བའོ། །གཉིས་པ་ནི། ལྟེ་འཁོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ལྟེ་མཁྲེགས་ཞེས་རྐང་པ་གཅིག་གོ་ །བཞི་པ་ནི། ལྟེ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་རྡེའུ་ནད་བཤད་པ་ལའང་གསུམ། མདོར་རྒྱས་སྤྱི་གསུམ་མོ། །དང་པོ་ནི། རྡེའུའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ཕུག་རྡེ་དང་ལམ་རྡེ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། འཕྱོ་རྡེ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཕྱོ་རྡེ་དང་ཟུག་རྡེ་གཉིས། གཉིས་པ་རྒྱས་པར་བཤད་པའི་རྒྱས་བཤད་ནི་འོག་ཏུ་འཆད། གཉིས་པ་ནི། ལམ་རྡེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གོང་དུ་ཕུག་རྡེ་ཞེས་གཉིས་སུ་བསྟན་པའི་དང་པོ་ནི། འཕྱོ་རྡེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཟུག་རྡེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་དེ་རྣམས་ཀྱི་སྤྱི་རྟགས་བཤད་པ་ནི་གང་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ཞེས་རགས་པ་ཕྲ་བ་ཞིབ་ཚེགས་གསུམ་ལས་རགས་པ་བརྒྱད་བསྟན་ཟིན་པའོ། །དེ་ནས་ཕྲ་བ་བརྒྱད་བཤད་པའི། དང་པོ་ནི། བུ་ཆུང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། གྲེ་བ་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། མཆེར་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། བཞི་པ་ནི། མཁྲིས་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། ཕོ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། ལོང་ནད་ཅེས་རྐང་པ་གཅིག་གོ །བདུན་པ་ནི། ས་ཟོས་ཞེས་རྐང་པ་གཅིག་གོ་ །བརྒྱད་པ་ཞོ་རས་ཀྱིས་ནད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཞོ་རས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང༌། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། གདོན་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས།

        དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟླ་ཟེར་ལས། རླུང་གི་གནོད་གྱུར་ཆུ་སྟེང་འཕྱོ། །བསྐ་ཞིང་རྩུབ་ལ་ལྦུ་བ་ཅན། །དེ་ཡིས་བཤང་གཅི་སྲི་བར་བྱེད། །ཅེས་པ་ལ་སོགས་གསུངས་སོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་སྟེ། དེ་ཉིད་ལས་མཁྲིས་པས་གནོད་གྱུར་རོ་སྐྱུར་ཚ། རི་མོ་སེར་སྣང་དེས་ཚེ་བསྐྱེད། ཅེས་གསུངས་སོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསྡུས་པ་ལས། བད་ཀན་གྱིས་བསྐ་ལན་ཚྭ་བཅས། །སྦྱིན་བག་ཅན་ལ་ཆུ་ནད་འཕྱིད། །ཞེས་སོ། བཞི་པ་ནི། ཚོམས་བུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །འདི་ཡན་ནི་མའི་ནུ་ཞོ་ཆུ་ནང་དུ་བསྐྱུར་བའི་བརྟག་པ་ལས། ཉེས་གསུམ་དང་གདོན་ལས་གྱུར་པ་སྟེ། ནུ་ཞོ་ལ་སྐྱོན་རྟོག་པ་དང་དེ་མཐུན་གྱི་ནད་རྟགས་དཔག་དགོས་ཏེ། ཟླ་ཟེར་ལས། དེ་དག་ལྡན་པའི་མཚན་མ་སྟེ། །འདུས་པའི་མཚན་ཉིད་གསུམ་དང་ལྡན། །རང་གི་མཚན་མ་ཅི་འདྲ་ལས། །དེ་འཐུངས་པ་ལས་ནད་བསྐྱེད་འགྱུར། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པ་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །ཞེས་སོགས་གསུངས་སོ། །ནུ་ཞོ་སྐྱོན་མེད་དེ་གང་ཡིན་ཞེ་ན། སྙིང་པོ་བསྡུས་པར། གང་ཞིག་ཆུ་ནང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །ཞེས་གསུངས་སོ། །གསུམ་པ་ཞིབ་ཚེགས་བརྒྱད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མིག་གི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྒྲ་ངན་པ་དང༌། འཕྲལ་ཚེག་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྒྲ་ངན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདི་ལ་བྱིས་པ་སྐྱེས་ཕྲལ་ནས་མིག་ནད་ཅན་བྱུང་ན་པྲ་མཚན་ངན་པས་པྲ་ངན་ཟེར་གློ་བུར་དུ་བྱུང་ན་སྒྲ་ངན་ཞེས་འགའ་ཞིག་གསུང་རྒྱུན་དུ་འདུག་གོ །གཉིས་པ་རྣ་བའི་ནད་བཤད་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། རྣ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མའི་རླུང་དང་འགྲམས་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། མ་རླུང་ཞེས་འབྲུ་བཞིས་བསྟན་ཏེ། དེ་ནི་ལྷན་སྐྱེས་ཀྱི་ནད་དུ་བཤད་པའོ། །གཉིས་པ་ནི། འགྲམས་པ་ཞེས་འབྲུ་ལྔས་བསྟན་ཏེ། དེ་ནི་གློ་བུར་བའི་ནད་དུ་བཤད་པའོ། །གསུམ་པ་ཁའི་ནད་བཤད་པ་ནི། ཁ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས་ལས། དང་པོ་ནི། རྩ་ཐོར་ཞེས་པ་ལྷན་སྐྱེས་ཞེས་པའི་ནད་ཡིན་ཏེ་ནད་ཟུག་མེད་པ་ཐོར་པ་འོང་བའོ། །གཉིས་པ་ནི། བསེན་ཐོར་ཞེས་རྐང་པ་གཅིག་གོ་ །བཞི་པ་ནི། རྨེན་བུ་ཞེས་རྐང་པ་གཅིག་གོ་ །ལྔ་པ་ནི། སྲོག་རྩའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། སྲིན་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། ཤ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སེར་ཤའི་ཚོད་མ་ཞེས་པ། ཤ་མོ་དཀར་སེར་གཉིས་ཡོད་པའི་སེར་པོའོ། །བརྒྱད་པ་ནི། ཕོལ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་རགས་པའི་ནད་རིགས་བརྒྱད་ཕྲ་བའི་ནད་རིགས་རྒྱད། ཞིབ་ཚེགས་ཀྱི་ནད་རིགས་བརྒྱད་དེ་དྲིལ་བས་བྱིས་པའི་ནད་རིགས་ཉེར་བཞིར་བཤད་པའོ། གསུམ་པ་འཚོ་འཆིའི་ཐག་གཅོད་ཁ་མར་གདགས་པ་བཤད་པ་ལ་གཉིས་ལས།

        དང་པོ་ནི། འཚོ་འཆི་ཞེས་རྐང་པ་གཅིག་གོ །གཉིས་པ་ལ་གཉིས། སྤང་བྱ་དང་བླང་བྱ་གཉིས་ལས། དང་པོ་ནི། རྐང་ལག་ཅེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཧྲིད་པ་ཞེས་པ་ལུས་སེམས་རྙིད་པའོ། །བ་སྐྱ་ཆགས་ཞེས་པ་སྣའི་ནང་དང་སྣ་གདན་ལ་བ་མོ་ལྟར་ཆགས་པའོ། །ལྟག་མིག་བལྟ་ཞེས་པ་ལྟག་པར་མིག་བལྟ་བར་ཨ་འབྲས་ལོག་པའོ། །མཆིན་པས་ལྟེ་བར་སླེབ་ཅེས་པ་མཆིན་པའི་ཟུངས་ཤོར་ཏེ་ཐུར་དུ་འཕྱང་བའོ། །གཉིས་པ་ནི། མིག་ལྕེ་ཞེས་རྐང་པ་བཞིས་བསྟན་ཏེ། མིག་ལྕེ་ལ་སོགས་ཞེས་པའི་སྒྲས་སྣ་དང་རྣ་བ་དང༌། ལུས་དང༌། ཡིད་དང༌། ལས་ཀྱིས་དབང་པོ། །མཚན་མ་རྐང་པ་ལག་པ་རྣམ་ཀྱང་བསྡུས་པའོ། །མཐིལ་བཞི་ལེ་བརྒན་འདྲ་ཞེས་པ་ནི་དམར་པོ་སྟེ། སྔོ་ཚོད་མ་སྟུབ་ཅིང་རྒྱབ་དམར་པོ་ཅན་ཏེ་རྐྱལ་རྒྱབ་དམར་བོ་འདྲ་བའོ། །བཞི་པ་བཅོས་ཐབས་བཤད་པ་གཉིས། མདོར་རྒྱས་སོ། དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་དང་བྱེ་བྲག་གི་བཅོས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དུས་དང༌། ཟས་དང༌། སྤྱོད་ལམ་དང༌། སྨན་དང༌། དཔྱད་དང་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་ལས། དང་པོ་ནི། ཞོ་འཐུང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ནུ་ཞོ་རྐྱང་པར་འཐུང་བའི་དུས་དང༌། ནུ་ཞོ་དང་ཟས་འདྲེས་མར་ཟ་བའི་དུས། ནུ་ཞོ་བཅད་ནས་ཟས་ཟ་བའི་དུས་ཏེ་གསུམ་མོ། །གཉིས་པ་ནི། ཟས་ནི་ཞེས་རྐང་པ་གཅིག་གོ །གསུམ་པ་ནི། སྤྱོད་ལམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་སྨན་གྱིས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ་ཐང་ཕྱེ་སོགས་ཞི་བྱེད་ཀྱི་བཅོས་པ་སྦྱོངས་ཀྱིས་བཅོས་པ་གཉིས་ལས། དང་པོ་ནི། ཞི་བྱེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བཤལ་སྨན་སོགས་རྩུབ་བཅོས་ནི། སྔོ་ཐང་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་དཔྱད་ཀྱིས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དཔྱད་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་གཏར་གྱིས་བཅོས་པ་དང༌། མེ་བཙས་བཅོས་པ་དང༌། ཆུ་ལྕག་གིས་བཅོས་པ་དང༌། མས་འདྲེན་གཏང་བ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། གཏར་ག་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མེ་བཙའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཆུ་ལྕག་ཅེས་རྐང་པ་གཅིག་གོ །བཞི་པ་ནི། མས་འདྲེན་ཞེས་རྐང་པ་བཞིས་བསྟན་ཏེ། ཡན་ལག་བརྒྱད་པར། གནོད་དང་གནོད་བྱ་དེ་ཉིད་དང༌། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང༌། །དེ་བས་སྨན་ནི་དེ་ཉིད་དེ། །གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། །ཟས་ཀུན་བསྟེན་པར་མི་བྱེད་པས། །འདིའི་ཚད་ནི་ཉུང་དུ་བྱིན། །ཞེས་མིང་ཆུང་ནད་ཆུང་བཅོས་པའི་ཆུང་བའི་དོན་ནོ། །གཉིས་པ་བྱེ་བྲག་གི་བཅོས་ཐབས་བཤད་པ་ལ་ཉེར་བཞི་ལས། དང་པོ་རགས་པ་བརྒྱད་བཅོས་པའི། དང་པོ་བྲང་ནད་ཚ་གྲང་གཉིས་ལས། དང་པོ་ནི། བྲང་ནད་ཅེས་འབྲུ་ལྔ་དང་རྐང་པ་བཅོ་ལྔས་བསྟན་ཏེ། དེ་ཡང་ཆུ་མདས་སྐྲངས་པའི་མགོ་བྲན་སྐྲངས་སོབས་ནས་དྲུག་མགོ་གཏར། བྱ་རོག་མིག་ནི། དཀར་ནག་མཚམས་ནས་གྱེན་དུ་མཚོན་གང་བཅལ། །དེ་ནས་གཡས་གཡོན་གཉིས་སུ་མཚོན་རེ་དང༌། །ཕུན་རེ་བཅལ་བ་དཔལ་ཁབ་རང་གསང་ཡིན། །དེ་སྟེང་མཚོན་རེ་བཅལ་བ་ཐུགས་ཁབ་གསང༌། །དེ་སྟེང་མཚོན་རེ་བཅལ་བ་བྱ་རོག་མིག །ཅེས་པ་དེའོ། །ཙ་ར་ཁུང་ནི་སྐེ་སྟོང་སྟེ། དེ་ནས་ཐུར་མཚོན་དོའི་སའོ། །གཉིས་པ་བྲང་ནད་གྲང་བ་བཅོས་པ་ནི། བྲང་ནད་ཅེས་རྐང་པ་དགུས་བསྟན་ཏེ། ཁྲེའུ་ཞེས་པ་བསིལ་དྲོད་སྤེལ་བའི་དོན་ནོ། །ལྟག་པ་བསྲེག་ཅེས་པར་རྫོང་ཕྲང་དུ་ལྟག་པའི་སྡུད་སྒོ་བསྲེག་ཅེས་བཤད་དོ། །གཉིས་པ་གློ་བའི་ནད་བཅོས་པ་ལ་གསུམ། ཚ་གཟེར། ཚ་སུབས། ཐེང་བོ་དང་གསུམ་ལས།

        དང་པོ་ནི། ཚ་གཟེར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ག་བུར་རྒྱལ་བློན་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་ནི། ཚ་སུབས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྔུལ་དབྱུང་བ་ན་སྨན་དེ་ཞུ་དུས་གདོང་བ་བྱིབས་རྔུལ་ཐོན་ནས་བག་ཕྱེས་དབྱི་བའོ། །ཁྲག་ལ་སྦྱར་བ་ནི་ཟུངས་ཁྲག་མི་གཏར་ནད་ཁྲག་གདོན་པའོ། །བྱ་ཕོ་ཙི་ཙི་ཞེས་པ་ནི། བྲོ་དམར་མ་ཞེས་མེ་ཏོག་སྔོན་པོ་ཅན་ནོ། །བང་རུ་བ་ཞེས་ཀྱང་བྱའོ། །འདི་སྐབས་སུ་བྱ་ཕོ་ཙི་ཙི་ནི་སྲན་མའི་མེ་ཏོག་གོ་ །གསུམ་པ་ནི། རླུང་གློ་ཞེས་རྐང་པ་དགུས་བསྟན་ཏེ། སྤོས་དཀར་བཤལ་གྱིས་སྦྱང་ཞེས་པ་ནི། དུར་བྱིད་སྤོས་དཀར་འབྲས་བུ་གསུམ་མོ། །གསུམ་པ་མཆིན་ནད་བཅོས་པ་ལ་ཚ་བབས་དང་གྲང་བབས་གཉིས། དང་པོ་མཆིན་ནད་ཚ་བ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མཆིན་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཟས་དང༌། སྨན་དང༌། གཏར་བ་དང༌། བཤལ་དང༌། མེ་བཙའ་དང༌། ཆུ་དང་དྲུག་གོ །གཉིས་པ་རྒྱས་བཤད་ལའང་དྲུག་ལས། དང་པོ་ནི། ཁ་ཟས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། སྨན་དུ་ཞེས་རྐང་པ་བཅུ་དང་འབྲུ་བཞིས་བསྟན་ཏེ། གུར་གུམ་གསུམ་ཞེས་པར་མངའ་རིས་ནས་ཡོང་བའི་གུར་གུམ་བཟང་ཤོས་དེ་དང་ཨ་ཙ་རས་ཁྱེར་བའི་རྩ་ལེ་བརྒན་རྩི་དང་པྲི་ཡང་ཀུ་དང་གསུམ་མོ། །གསུམ་པ་འོག་ཏུ་བསྟན་ཏེ། བཞི་པ་ནི། སྐྱེད་ཆུང་ཞེས་འབྲུ་ལྔ་དང་རྐང་པ་བཞིས་བསྟན་ཏེ། ནུ་རུ་ལུགས་སུ་ཞེས་པ་དྲག་པོ་རང་མིན་ཙམ་སྐབས་སུ་འཕྲོ་མི་འཆད་ཙམ་སྦྱང་ངོ༌། །གསུམ་པ་ནི། རུ་ཐུང་ཞེས་རྐང་པ་གཅིག་གོ་ །ལྔ་པ་འོག་ཏུ་བསྟན་ནོ། དྲུག་པ་ནི། ཆུ་མདའ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། མཆིན་སྣ་ཞེས་རྐང་པ་བཞིས་བསྟན་ཏེ། སྦྲུལ་མིག་ཅེས་པ་ནི་བྱང་ཁོག་གསོ་སྐབས་སུ། ཕོ་རྩ་སྦྲུལ་མིག་ཀ་བ་བོང་མིག་གསུམ། སྦྲུལ་མིག་ལྷེན་རྣའི་གཡས་གཡོན་མཚོན་རེའི་སར། ཞེས་པ་དེའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། གྲང་བབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་ཟས་ལུས་སྦྱོངས་མེ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། སྨན་དུ་ཞེས་རྐང་པ་དྲུག་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ནི། མ་བུ་ཞེས་འབྲུ་ལྔ་དང་རྐང་པ་གཉིས་དང་འབྲུ་བཞིས་བསྟན་ཏེ། གློ་དྲོན་ཞེས་པ་ནོར་གྱིས་གློ་བ་དྲོན་མོ་ལ་སྤོད་བྲན་ཞེས་པ་ནི། སྒ་དྲོད་སྨན་ལ་ལ་ཕུད་རྣམས་སོ། །གསུམ་པ་ནི། རུས་ཕྱེ་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། དུར་བྱིད་ཅེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་ནི། ནད་སྟོབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་འཁྲུ་བའི་ནད་བཅོས་པ་ལ་ཚ་གྲང་གཉིས་ལས། དང་པོ་ཚ་འཁྲུ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་འཁྲུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟས་ཀྱིས་བཅོས་པ་དང༌། སྨན་དང༌། གཏར་བ། ཆུས་བཅོས་པ་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཟས་སུ་ཞེས་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། སྨན་དུ་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། དེ་ཡང་ས་སྨྱག་ཅེས་པ་ནི་ས་འཇིམ་པའི་རོ་ལྡན་སྔོ་དཀར་བད་པ་ཞེས་ཀྱང་བྱའོ། །བུ་གསུམ་ཞེས་པ་ནི། སྔོན་བུ་ཁྲོན་བུ་དོང་ག་གསུམ་མོ། །འདི་སྐབས་ཀྱི་དོང་གའི་ཚབ་ཏུ་ཐར་ནུ་ཡིན་ནམ་སྙམ་གང་ལགས་ཤེ་ན་ཐར་ནུའི་མིང་ལ་བདུད་རྩི་བཟར་བུ་ཞེས་གསུངས་པས་སོ། །གསུམ་པ་ནི། རུ་ཐུང་ཞེས་རྐང་པ་གཅིག་གོ་ །བཞི་པ་ནི། ཆུ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཉྭ་བཞི་ནི་རྐང་ལག་རྗེ་ངར་གྱི་ཉྭ་བཞིའོ། །གཉིས་པ་ནི། གྲང་བ་ཞེས་རྐང་པ་ལྔས་བསྟན་ཏེ། བཟང་པོ་བཞི་ནི་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་བཞིའོ། །ལྔ་པ་སྐྱུག་ནད་བཤད་པ་ལ་གསུམ། །དང་པོ་ནི། ཚ་བབས་ཞེས་རྐང་པ་བཞིས་བསྟན་ཏེ། པུཥྐཀར་མཱུ་ལ་ཞེས་ཁམས་རུས་སོ། །ལྕགས་ཀྱི་ཁུ་བ་ནི་ལྕགས་ཆུ་དྲོན་མོས་བཀྲུས། ཨ་རུ་ར་ཞད་ཙམ་བཏབ་པའི་ཆུ་དྲོན་མོ་ལ་ཞག་གཅིག་སྦངས་པའི་ཁུ་བའོ། །གཉིས་པ་ནི། གྲང་བས་ཞེས་རྐང་པ་ལྔས་བསྟན་ཏེ། སྲིང་ལ་བཏང་བ་ནི། དང་པོ་གཡབ་ཡོད་དམ་དེ་ནས་རིམས་ཀྱི་ཆེ་ཆེར་སྐྱེད་པའོ། །གསུམ་པ་ནི། ཞོ་སྐྱུག་ཅེས་རྐང་པ་དྲུག་གིས་བསྟན་ཏེ། ཚ་བ་ལྔ་ནི་དྲོད་སྨན་ཧྲིལ་ལྗོང་དབྱི་མོང་ཙི་ཏྲ་ཀ་རྣམས་སོ། །དྲུག་པ་རིམས་ནད་བཅོས་པ་ནི། རིམས་ལ་ཞེས་རྐང་པ་བཅུས་བསྟན་ཏེ། རི་ཐང་མཚམས་སུ་ཁྲེའུར་སད་ཅིང་བཏང་བ་ནི། བྱིས་པ་རིམས་ཀྱིས་ཚད་གཉའ་ཆག །གྲང་རླུང་སྣ་མ་སྐྱེས་པའི་རི་ཐང་མཚམས་དེར་བསིལ་ཡང་དྲོད་བཅུད་ཁྲེའུ་སྟེ་སྤེལ་ནས་ཚད་རླུང་གི་ཉམས་སད་ཅིང་བཏང་བའོ། བདུན་པ་ལྟེ་བའི་ནད་གསོ་བ་ལ་བཞི་ལས། དང་པོ་ནི། ལྟེ་མཁྲང་ཞེས་རྐང་པ་ལྔས་བསྟན་ཏེ། སྨྱུག་རྩི་ཞེས་པ། སྨྱུག་མ་གཞོན་ནུའི་ཕྱི་ཤུར་གྱི་རྩི་དེའོ། །ཟི་ལྡི་ཞེས་པ་ཟི་དི་ར་སྦུར་བ་ཆེན་པོ་ཕུར་ཤས་ཆུ་དུག་འབྱུང་བ་དེའོ། །སྦུར་བ་ཞེས་པ་ནི་གསེབ་དྲི་ཅན་ནོ། །འདི་གཉིས་ནུས་ལྡན་དུ་བསྲེགས་བྱས་ཕོ་དང་མོ་གཉིས་ཀའི་སྐྲ་བཞོབ་དགོས་སོ། །གཉིས་པ་ནི། ལྟེ་འཁོར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། ལྟེ་མཁྲེགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། ལྟེ་རྣག་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལྟེ་སྐམ་ཞེས་པ་ནི། བུ་དེ་རང་གི་ལྟེ་བ་བཅད་ནས་སྐམ་པའོ། །འབྲས་ཡོས་ཕྱེ་ཞེས་པ་འབྲས་བརྔོས་པའི་ཕྱེའོ། །བརྒྱད་པ་རྡེའུའི་ནད་བཅོས་པ་ལ་གསུམ་ལས། དང་པོ་ནི། རྡེ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ནི། རྡེའུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་སྦྱོར་ཆེན་མོ་ནི་གང་གི་གཅིན་འགགས་གསོ་བར། ཟེ་ཚྭ་རྒྱམ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། ཉི་དགའ་སུག་སྨེལ་གླ་རྩི་ཚ་བ་གསུམ། སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང༌། ཞེས་པ་དེའོ། །

        གསུམ་པ་ནི། ལམ་རྡེ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་དང་སྲུབས་ཡོད་པས་རྡེའུ་རང་ལ་བརྟེན་བྱས་དབྲལ་ལ་དབྱུང་ངོ༌། །གཉིས་པ་ཕྲ་བ་བརྒྱད་བཅོས་པའི། དང་པོ་ནི། མགོ་བོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་འཕྲང་བསྡམ་པ་ནི། སྤྱི་གཙུག་ལྟག་པའི་སྡུད་སྒོ་མཚོགས་མའི་འདུས་སོ་གསུམ་མོ། །རྒྱ་འཆིང་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། གྲེ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། མཆེར་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཡོན་ཀྱི་རྩིབས་སྟེང་དུ་བསྲེགས་པས་མཆེར་སྟེང་དུ་འབྱུང་ངོ༌། །བཞི་པ་ནི། མཁྲིས་ནད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། མཁྲིས་རྩ་གཏར་ཞེས་པ་བཤའ་རིངས་གཏར་བའོ། །ལྔ་པ་ནི། ཕོ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གྱོང་ཞེས་པ་ནི། རྩམས་པ་དང༌། སྔོ་ངད། ཤ་རིགས་གསུམ་སྤང་བའོ། །མདུན་རྒྱབ་གསང་ནི། མདུན་དུ་ཕོ་གསང་དབུས་དང༌། རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་བསྲེག་གོ་ །དྲུག་པ་ནི། ལོང་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སེ་འབྲུ་དྲུག་པ་ནི་ཕྱི་རྒྱུད་ལྟར་རོ། ལོང་གསང་ནི། ལྟེ་བའི་གཡས་གཡོན་མཚོན་རེ་ལོང་གི་ཐེར། དེ་ནས་གཡས་གཡོན་མཚོན་རེ་ལོང་ཕུག་གསང༌། ཞེས་བཤད་པ་དེའོ། །བདུན་པ་ནི། ས་ཟོས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སེར་པོ་གཉིས་ནི་ཡུང་སྐྱེར་རོ། །བརྒྱད་པ་ནི། ཞོ་རས་ཞེས་པ་ལ་བཞི་སྟེ། རླུང་གྱུར་དང་མཁྲིས་གྱུར་དང༌། བད་གྱུར་དང་བཞི་ལས། དང་པོ་ནི། ཞོ་རས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བཞི་པ་ནི། ཞོ་རས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེའི་གསོ་བ་ནི་གདོན་ངོས་གཟུང་ལ་དེའི་ལྟོ་ཆོག་བྱའོ། །གསུམ་པ་ཞིབ་ཚེགས་བརྒྱད་ཀྱི། དང་པོ་ནི། མིག་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གསལ་བྱེད་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་རྣ་བའི་ནད་གསོ་བ་ལ་གཉིས་ལས། དང་པོ་ནི། རྣ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། རྣ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ཁའི་ནད་གསོ་བ་ལ་གཉིས་ལས། དང་པོ་ནི། བཙའ་ཐོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ཁའི་ནད་གསོ་བ་ལ་གཉིས་ལས། དང་པོ་ནི། བཙའ་ཐོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བསེན་ཐོར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ས་ཚུར་ཆུའི་ཁ་འཁྲུ་ཞེས་པ། མཚུར་དཀར་ཆུ་གྲང་མོ་ལ་སྦང་བའི་ཁ་འཁྲུའོ། །གསེན་མོ་བཅོས་ཞེས་པ་ནི་གསོན་འདྲེ་ལ་ཞི་དྲག་གི་བཅོས་དང༌། སྲུང་བ་གདགས་པ་སོགས་བྱའོ། །བཞི་པ་ནི། རྨེན་བུའི་ཞེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་ནི། སྲོག་རྩའི་ཞེས་རྐང་པ་གཅིག་གོ །དྲུག་པ་ནི། སྲིན་ལ་ཞེས་རྐང་པ་བཞིས་བསྟན་ནོ། །བདུན་པ་ནི། ཤ་ནད་ཅེས་རྐང་པ་གཅིག་གོ །བརྒྱད་པ་ནི། ཕོལ་ལ་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། བྱུགས་པས་རྣག་འགུགས་པ་ནི་བྱི་བྲུན་སེར་ཙམ་བརྔོས་པ་ནུ་ཞོས་དྲན་པའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བདུན་ཅུ་རྩ་གཉིས་པའོ། །ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 4:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།