སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
མན་ངག་རྒྱུད། >> ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།



ལེའུ་དོན་གཉིས་པ།  བྱིས་པའི་ནད་གསོ་བ། 

བྱིས་པ་ཉེར་སྤྱོད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། བྱིས་པའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང་བཅོས་པའི་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

དང་པོ་དེའི་རྒྱུ་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་པོ་ལ་རྐྱེན་ནི་མ་ལས་གྱུར་པའི་རྐྱེན་དང་བུ་རང་གི་རྐྱེན་གཉིས་ལས་དང་པོ་མ་རྐྱེན་ནི་མས་ཟས་སྤྱོད་རླུང་མཁྲིས་བད་ཀན་གང་འཕེལ་བར་བྱས་པའི་མའི་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་གྱི་ནད་སོགས་གང་གི་རིགས་བུ་ལ་ལྷུང་བ་དང་མའི་མི་གཙང་བ་དང་གདོན་སོགས་ཀྱི་རྐྱེན་གྱིས་འོན་པ་དང༌། ལོང་བ་དང༌། དིག་པ་དང༌། ཞ་བ་དང༌། སྒུར་བ་དང༌། ཤོ་རེ་ལ་སོགས་པ་འབྱུང་བ་དང་འདི་རྣམས་ལྷན་ཅིག་སྐྱེས་པའི་ནད་ཡིན་པས་གསོ་བར་མི་ནུས་སོ། །གཉིས་པ་བུའི་རྐྱེན་ནི་གདོན་དང༌། སྤྱོད་ལམ་དང༌། ཁ་ཟས་གསུམ་ལས་དང་པོ་གདོན་རྐྱེན་ནི་མང་ཡང་ངོ་བོ་བྱིས་གདོན་བཅུ་གཉིས་ཡོད་ཅིང༌། དེའི་ཁ་བསྒྱུར་ལས་མཁན་ཕོ་ཉ་རྒྱལ་པོ་སྟེ་སྡེ་བརྒྱད་ཀྱི་ཁོངས་སུ་གཏོགས་པའི་དཀོར་བདག་དང༌། བསེན་མོ་སྟེ་མོ་གདོན་གྱི་རིགས་གཉིས། འདིར་དངོས་བསྟན་བཅུ་བཞི། སྤྲུལ་གཞི་ལྷ་ཆེན་པོ་བཅས་བཅོ་ལྔར་བཤད་པ་རྣམས་ཀྱིས་འཚེ་བར་བྱེད་པ་དང༌། སྤྱོད་ལམ་མ་དང་བུ་རྫི་སོགས་ཁྱེའུའི་གམ་དུ་གནས་པས་མ་བཟོ་བས་པང་ནས་ལྷུངས་པའམ་བརྡབས་སམ་སྤྲུགས་པ་དང༌། སློང་བ་སྔས་པ་དང༌། ལྟེ་བ་འཐེན་པ་དང༌། ངུ་བཅུག་དྲགས་པ་དང་རླན་དྲགས་པ་སོགས་དང༌། ཟས་སྐོམ་ཚ་བ་ཤས་ཆེས་པ་དང༌། བསིལ་བ་ཤས་ཆེ་བ་བསྟེན་དྲགས་པ་སོགས་ལས་བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་བསྐྱེད་ལ།

དབྱེ་བ་ཕྱེ་ན་ལྷན་སྐྱེས་ནད་དང་གློ་བུར་གྱི་ནད་གཉིས་ལས། མ་ནད་བུ་ལ་ལྷུང་བ་ཐོག་མ་ནས་རང་ལ་ཡོད་པས་ལྷན་སྐྱེས་ཡིན་ནོ། །གློ་བུར་གྱི་ནད་ལ་ཕྲ་བ་དང༌། རགས་པ་དང༌། ཞིབ་ཚགས་གསུམ་ལས་རགས་པ་ལ་བྲང་དང༌། གློ་བ་དང༌། མཆིན་པ་དང༌། འཁྲུ་བ་དང༌། སྐྱུགས་པ་དང༌། རིམས་དང༌། ལྟེ་བ་དང༌། རྡེའུའི་ནད་དང་བརྒྱད། ཕྲ་བ་ལ་མགོ་སྐྲངས་པ་དང༌། གྲེ་བ་འགགས་པ་དང༌། མཆེར་ནད་དང༌། མཁྲིས་ནད་དང༌། ཕོ་ནད་དང༌། ལོང་ནད་དང༌། ས་ཟོས་པའི་ནད་དང༌། ཞོ་རས་པའི་ནད་དང་བརྒྱད། ཞིབ་ཚགས་ལ་མིག་ནད་དང༌། རྣ་བའི་ནད་དང༌། ཁ་ནད་དང༌། རྨེན་བུའི་ནད་དང༌། སྲོག་རྩའི་ནད་དང༌། ཤ་ནད་དང༌། སྲིན་ནད་དང༌། ཕོལ་ནད་དང་བརྒྱད་དོ། །

དེ་རྣམས་ངོས་འཛིན་བརྟག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་དང༌། འཚོ་འཆི་བཏང་གཅོད་ཀྱི་ཁ་དམར་གདགས་པ་དང་གསུམ་ལས་དང་པོ་སྤྱི་རྟགས་རྟག་ཏུ་ཁ་རོག་མི་སྡོད་པར་ངུ་བ་ལས་ན་བ་ཡིན་པར་ཤེས་པར་བྱ་ཞིང༌། དེ་ཡང་གང་ན་སར་འཇུ་བ་དང་དེར་མནན་པས་ན་བ་མི་བཟོད་པ་དང༌། མིག་འབྱེད་དཀའ་ཞིང་ངོ་ནག་ལ་དང་ག་འགག་པ་དང་རྩེ་མོ་མི་རྩེ་ཞིང་དབུགས་མི་བདེ་བ་དང༌། སྐད་ཀྱི་གདངས་ཞན་པ་སྟེ་གཉའ་བ་དང་འཁུན་ཞིང་སེན་མོ་རྣོ་བའོ། །

གཉིས་པ་ཁྱད་པར་གྱི་དང་པོ་རགས་པ་རྩ་ནད་ཆུ་སེར་གྲམས་པ་ལས་བྱུང་བ་བྲང་གི་ནད་རྒོད་གཡུང་གཉིས་ལས་རྒོད་ཚ་བ་དང་གྲང་བ་གཡུང་གཉིས་ཀྱི་དང་པོ་བྲང་རྒོད་ནི་ཚ་བ་ཆེ་སྟེ་བྲང་དང་རོ་སྟོད་སྐྲངས་ཤིང་ལུས་ཀྱི་ཕྱི་ཚ་ལ་ནུ་མ་མི་འདོད་ཅིང་ངུ་བ་དྲག མགོ་དང་རོ་སྟོད་ཕྱིར་འདོན་ཞིང་ལྟག་པ་དགྱེ་ལ་འཕར་རྩ་དང་དོན་སྣོད་ཀྱི་ཡུལ་འཕར་སྒོ་དྲག་ལ་མིག་གི་ཨ་འབྲས་ཏེ་འབྲས་བུ་ལྡོག་ཅིང་ཁ་ལྕེ་སྐམ་ལ་དྲེགས་པ་ཆགས་པ་དང༌། རྟིང་པ་འཛུགས་པ་མི་ཤེས་པར་ཧྲེང་ཧྲེང་རྨྱང་བར་བྱེད་ཅིང༌། བྲང་ཚ་དེ་ཡང་གློ་དང་བསྡོངས་ན་ལུད་པ་ལུ་བ་དང༌། ཕོ་བ་དང་བསྡོངས་ན་མིག་སྤྲིན་སེར་ལ་སྟོང་སྐྱུགས་བྱེད། བྲང་གཡུང་ནི་གྲང་བ་སྟེ་དབུགས་བདེ་ལ་ཉད་ཉོད་མང་ཞིང་ཁ་གདངས་པ་བཙུམ་མི་ཤེས་ཤིང་མཇིང་པ་རེངས་ལ་རོ་སྟོད་གྱོང༌། གཉིས་པ་གློ་ནད་ལ་ཡང་ཚ་གཟེར་ཚ་སུབས་ཐང་པོ་གསུམ་ཡོད་པ་ལས་ཚ་གཟེར་ནི་རྩ་གྲིམས་ལ་ཤེས་པ་བྱིང་འཐིབས་ཆེ་ཞིང་གཏིང་ནས་འཁུན་ཞེས་ཞེ་འཁུན་བྱེད་ལ་དབུགས་ཐུང་གློ་ལུ་བ་ཁ་མིག་བཙུམས་ནས་ལུ་བ་དང་ལུད་པ་འགོག་ལ་སྙིང་བརྡུང་ཞིང་བཞིན་ནག་ལ་སྐྱུག་མི་ཤེས། ཚ་སུབས་ནི་ལུད་པ་འགོག་ཏུ་མི་འདོད་ཀྱང་གློ་དྲག་ཏུ་ལུ་བ་དང་ལུས་པོའི་དྲོད་ཚ་ལ་རྩ་དང་འཕར་སྒོ་རྣམས་དྲག་ཅིང་གློ་བསྟུད་ནས་འོང་ཞིང་བུ་རང་གི་བྲང་དང་མ་ལ་འབྲད་པ་དང༌། རྗེས་ལ་ལུས་རྔུལ་ལ་འཁུན་ཞིང་སྐྱུག་ཚུལ་སྟོན། ཐང་པོ་ནི་གློ་ནད་རྙིངས་པ་རླུང་དང་ལྡན་པ་སྟེ་དྲག་ཏུ་ལུ་ཞིང་ལུད་པ་འགོག་རྒྱུ་མེད་པ་དང་མིག་དང་མཆུ་གཉིས་སྐྲངས་ཤིང་ལྕེ་རྙིལ་དཀར་བ་འབྱུང་ངོ༌། །གསུམ་པ་མཆིན་པའི་ནད་ལའང་ཚ་བབས་དང་གྲང་བབས་གཉིས་ལས་རྒོད་བབས་ནི་ཚ་བ་སྟེ་མཆིན་སྣ་ཕྲ་ལ་འཕར་ཞིང་རྩ་རྒྱུག་ཆུ་ཚ་བའི་རྟགས་ཆེ་ལ་དབུགས་ཁ་རྒོད་ཅིང་ཕོ་སྟོད་གྲང་བ་དང༌། ལུས་བྱིངས་ཚ་ཞིང་གཡལ་བར་འདོད་ལ་གཡལ་མི་ཐོན་པ་དང་མཆུ་དང་སོ་རྙིལ་གཉིས་ལ་དྲེག་པ་ནག་པོ་ཆགས་པ་དང༌། མིག་དམར་ཞིང་སྣ་སྒོ་སྐམ་ལ་ལྕེ་གདོང་སེར་པོ་རེའུའི་སྐད་ལྟར་འབྱིན་ཞིང་རྣ་རྩ་ནག་ལ་སྦོམ། གཡུང་བབས་ནི་གྲང་བ་སྟེ་རྩ་དལ་ལ་ཆུ་ཡང་གྲང་རྟགས་སྟོན་ཞིང་ལག་པ་འཇིབ་ཅིང་ལྕེ་མུར་ལ་སྟོང་བལྡད་བྱེད་པ་དང༌། དྲོད་ཆུང་ལ་མཆིན་པའི་སྣ་མི་འཕར་ཞིང་མདན་ཤིག་འཕྲུག་ལ་ནུབ་མོ་ངུ་ཞིང་ངུ་སྐད་ཀྱང་ཕྲ་ལ་འཛེར་བ་དང༌། ཤའི་མདོག་སྔོ་སེར་མཆིན་སྣ་སྲབ་ལ་རིང་བ་དང༌། དེ་རྣམས་སྤྱི་རྟགས་ཚ་གྲང་གཉིས་པོ་གང་ལ་བབས་ཀྱང་མིག་སྔོན་པོ་གྱེན་དུ་ལྡོག་ཅིང་བྱད་དང་རྐང་ལག་གི་མཐིལ་བཞི་སེར་བ་དང༌། ལུས་ལྕི་ལ་དབུགས་སྣ་རྔམ་པ་རིང་ཐུང་བྱེད་ཅིང་ལྡང་དུབ་ན་ལ་འཁུན་ཞིང་སྔ་དྲོ་བདེ་ལ་དགོང་དུས་ན་བ་དང༌། མཆིན་པས་ཕོ་བ་མནན་པས་འཁྲུ་སྐྱུག་ཀྱང་བྱེད་པར་འགྱུར། འཁྲུ་བའི་ནད་ལ་ཚ་འཁྲུ་དང་གྲང་འཁྲུ་གཉིས་ལས་ཚ་འཁྲུ་ནི་དབུགས་ཐུང་ཞིང་རྩ་དང་འཕར་སྒོ་རྣམས་དྲག་ལ་བཞིན་གྱི་མདོག་སྣུམ་ཞིང་ཕྱི་ཚད་ཆེ་ལ་ཤེས་པ་འཐིབས་པ་དང༌། འཁྲུ་མདོག་དམར་པོ་འམ་སེར་པོ་ལྗང་གུ་དུད་ཁུ་བཅས་པར་འཁྲུ། གྲང་འཁྲུ་ནི་དབང་པོ་གསལ་ལ་འཕར་སྒོ་རྣམས་དལ་ཞིང་འཁྲུ་མདོག་ནུ་ཞོ་དང༌། རྩམ་མདོག་སྐྱ་བོར་འཁྲུ་སྟེ་རྒྱུ་ལོང་འཁྲོག་ཅིང་ལྦུ་བ་ཆེ་ལ་སྒྲ་བཅས་འཁྲུའོ། །སྐྱུག་པའི་ནད་ལའང་ཚ་བ་དང་གྲང་བ་གཉིས་ལས་ཚ་བས་སྐྱུགས་པ་ནི་ཞོ་འཐུངས་རྗེས་དེ་གར་སྐྱུགས་པ་དང༌། རྩམ་པ་བྱིན་པ་མ་ཞུ་བར་གང་ཟོས་སྐྱུགས་པ་དང༌། ལྦུ་བ་བད་ཀན་བཅས་སྐྱུག་ཅིང་ཕྱི་རྟགས་རྩ་ཆུ་སོགས་ཀྱང་གྲང་ངོ༌། །རིམས་ནད་ནི་དྲོད་མེ་ལྟར་ཚ་ཞིང་འཕར་རྩ་རྒྱུག་ལ་ངུ་ཚིག་བྱེད་ཅིང་རྔུལ་འཐིབས་བ་སྤུ་ལོག་པ་དང༌། སྐོམ་འཐུང་འདོད་ལ་རྨྱང་ཞིང་ཁ་སྣ་གཉིས་ལག་པས་བསུབ་བོ། །ལྟེ་བའི་ནད་ལ་ལྟེ་མཁྲང་དང༌། ལྟེ་འཁོར་དང༌། ལྟེ་མཁྲེགས་དང༌། ལྟེ་རྣག་དང་བཞི་ཡོད་དེ། དང་པོ་ལྟེ་མཁྲང་ནི་ལྟེ་བ་འབུར་ཞིང་རྐང་པ་སྡུད་ལ་རྐྱོང་མི་ཤེས་ཤིང༌། གྲང་ནད་ཀྱི་རྟགས་དང་ལྡན་ཞིང་ངུ་སྐད་དུ་འཕྲལ་ལ་འཕྲོ་གཅོད། འཕྲོ་བཅད་འཕྲལ་ལ་ངུ་བ་སོགས་གཅོད་སྡོམ་བྱེད། ལྟེ་འཁོར་ནི་ལྟེ་བ་སྨུག་པོར་སྐྲངས་ཤིང་འབུར་ལ་རེག་ན་མི་བཟོད་པ་དང༌། ལྟེ་མཁྲེགས་ནི་སྨུག་ཅིང་སྲ་ལ་མེ་ལོང་ཙམ་ཏྲེབ་པེ་ན། ལྟེ་རྣག་ནི་ལྟེ་བ་ཆད་ཤུལ་དུ་རྣག་ཞུགས་ནས་ཁུང་བུར་ཟོས་ནས་རྒྱུ་ལོང་ལུག་པར་བྱེད་དོ། །རྡེའུའི་ནད་ལའང་ཕུགས་རྡེ་དང་ལམ་རྡེ་གཉིས། དེ་ནང་ནས་ཀྱང་ཕུགས་རྡེ་ལ་ཡང་འཕྱོ་རྡེ་དང་ཟུག་རྡེ་གཉིས་ལས་ལམ་རྡེ་ནི་ཆུའི་ལམ་རྡེའུས་འགགས་པ་ཡིན་ཏེ་དྲི་ཆུ་མི་ཐོན་ཞིང་མཚན་མ་ཆུས་བརྒྱངས་པའི་རྐྱལ་པ་འདྲ་བ་དང༌། འཕྱོ་རྡེ་ནི་ཆུ་འོང་བའི་འཕྲོ་ལ་འཕྲལ་དུ་འགག་ཅིང་ཆུའི་གསེབ་ཏུ་ཤའི་ནལ་ནལ་འོང༌། ཟུག་རྡེ་ནི་ལྒང་པའི་ཁ་ལ་ཟུག་ན་ན་ལ་ཆུ་སྲི་བ་དང༌། ཕུགས་སུ་ཟུག་ན་ཆུ་མི་སྲི་ཞིང་ན་ལ་གཟེར། དེ་རྣམས་གང་ཡང་སྤྱི་རྟགས་སུ་ཆུ་སྲིའམ་ཡང་ཡང་འཛག་པ་ཟུག་ཆེ་ལ་ཁུ་ཚུར་འཆང་ངམ་ཡང་ན་འབྲད་ཅིང་ངུ་བ་དང༌། མགོ་འདར་ཞིང་སོ་སྡོམ་ལ་ལྒང་པ་རྒྱས་པར་འགྱུར།

ཕྲ་བའི་དང་པོ་ནི་བུ་ཆུང་གི་མགོ་བརྡབས་ཏེ་རྒྱ་སྲུབས་ཞིག་ནས་སྐྲངས་པ་ན་རྣག་ཡོད་པ་བཞིན་དུ་མར་མེར་དུ་སྐྲངས་པར་བྱེད་པ་དང༌། གྲེ་བ་འགགས་པ་ན་སྐད་འཛེར་ཞིང་ཁ་ཆུ་མང་ལ་ཚ་བ་ཆེ། མཆེར་པའི་ནད་ནི་ཁོང་ལྕི་ལ་མི་བདེ་བ་ལྡང་དུབ་བྱེད་ཅིང་ནུ་མ་ལ་སོས་འདེབས་ཤིང་བག་རེ་རྔུལ་དུ་འོང༌། མཁྲིས་ནད་ནི་རྣ་རྒྱབ་ཀྱི་ཤ་མདངས་སེར་ལ་དངས་ཤིང་རྩ་རིས་གསལ་ལ་ལྕེ་སྐྱ་བ་དང༌། སེན་མོ་ནག་ལ་རིང་ཞིང་ཁ་ཟས་བྱིན་ན་མི་ཟ་བར་འདོད་ཚུལ་བྱེད། ཕོ་བའི་ནད་ནི་ཤ་ཆུང་ལ་དྲེག་པ་ཆགས་ཤིང་ཁ་ཟས་འཇུ་དཀའ་ལ་ཕོ་བ་རེས་ཆེ་རེས་ཆུང་གི་སྐྱེ་འབྲི་བྱེད། ལོང་ནད་ནི་འཁྲོག་འུར་དང་སྒངས་པ་དང་འཁུན་སོགས་ལ་ཆེ་ཆུང་འཕེལ་འབྲི་བྱེད། ས་ཟོས་ནི་བྱིས་པས་ས་ཟོས་པ་འཁར་བས་ཕོ་བ་སྒངས་ཤིང་དྲི་མ་འགགས་པ་དང་ཡང་ན་འཁྲུ་སྐྱུག་བྱེད། ཞོ་རས་ནད་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གདོན་ལས་གྱུར་པ་བཞི་ལས། རླུང་གྱུར་ནི་མའི་ནུ་ཞོ་ཆུར་བླུགས་པས་ལྦུ་བཅས་ཆུ་སྟེང་འཕྱོ་ན་དེའི་སྐྱོན་གྱིས་ཕོ་བ་སྦོ་ལ་སྐྱུག་ཅིང་བཤང་བ་དང་གཅི་ཞེས་དྲི་ཆུ་སྲི་བ་དང༌། མཁྲིས་པ་ལས་གྱུར་པ་ནི་མའི་ནུ་ཞོ་སེར་པོར་སྣང་བ་རོ་སྐྱུར་བ་དེས་ཚད་པ་སྐྱེ། བད་ཀན་ལས་གྱུར་པ་ནུ་ཞོ་སྔོ་ནལ་ཆུར་འབྱིང་བ་དེ་མ་ཞུ་བས་བསྐྱེད་ཅིང༌། ཆུ་ནང་དུ་མའི་ནུ་ཞོ་བླུགས་པ་ཚོམ་བུར་ཆད་ན་གདོན་གྱི་ངོ་ཡོད་པ་ཡིན་ཏེ་འདི་ཡན་ནི་མའི་ནུ་ཞོ་ཆུ་ནང་དུ་བསྐྱུར་བ་སོགས་ལ་བརྟག་པ་ལས། ཉེས་གསུམ་དང་གདོན་ལས་གྱུར་པ་སྟེ་ནུ་ཞོ་ལ་སྐྱོན་རྟོགས་པ་དང་དེ་མཐུན་གྱི་ནད་རྟགས་དཔག་དགོས་ཏེ། ཟླ་ཟེར་ལས། དེ་དག་ལྡན་པའི་མཚན་མ་སྟེ། །འདུས་པའི་མཚན་ཉིད་གསུམ་དང་ལྡན། །རང་གི་མཚན་མ་ཅི་འདྲ་ལས། །དེ་འཐུངས་པ་ལས་ནད་བསྐྱེད་འགྱུར། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པ་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །ཞེས་སོགས་ཀྱི་དོན་ནི་གོང་དུ་བཤད་ཟིན་ལ། ནུ་ཞོ་སྐྱོན་མེད་དེ་གང་ཡིན་ཞེ་ན། སྙིང་པོ་བསྡུས་པར། གང་ཞིག་ཆུ་ནང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །ཞེས་འབྱུང་ངོ༌། །

ཞིབ་ཚགས་ཀྱི་དང་པོ་ནི་མིག་གི་ནད་ལ་སྒྲ་ངན་དང་འཕྲལ་དུ་ཚག་པ་གཉིས་ལས་སྒྲ་ངན་ནི་བྱིས་པ་སྐྱེས་འཕྲལ་ནས་མིག་ནད་ཅན་བྱུང་ན་སྲི་མཚན་ངན་པས་སྒྲ་ངན་ཟེར་བ་ཡིན། གློ་བུར་དུ་བྱུང་ན་འཕྲལ་ཚག་ཟེར་དེ་གཉིས་ཀ་ན་ལུགས་མཐུན་པར་མིག་དམར་ལ་ཚ་ཞིང་མཆི་མ་འཛག རྣ་བའི་ནད་ལ་མ་རླུང་དང་འགྲམ་པ་གཉིས་ལས་མ་རླུང་ནི་ལྷན་སྐྱེས་ཡིན་པས་རྣག་འཛག་ཅིང་འོན་པར་འགྲོ། འགྲམས་པ་ནི་གློ་བུར་བ་ཡིན་ཏེ་རྣ་རྩ་སྐྲངས་ཤིང་སྐེ་འགྱུར་དཀའ། ཁའི་ནད་ལ་རྩ་ཐོར་དང་བསེན་ཐོར་གཉིས་ལས་རྩ་ཐོར་ནི་ལྷན་སྐྱེས་ཀྱི་ནད་ཡིན་ཏེ་ནད་ཟུག་མེད་པ་ལ་ཐོར་པ་འོང༌། བསེན་ཐོར་ནི་ཐོར་པ་དཀར་ལ་ཚ་བ་སྐྱེའོ། །རྨེན་བུ་ནི་རྩ་ནད་ཡིན་ཏེ་རྐང་ལག་འཁུམས་ནས་རྐྱོང་བ་དང་གཞོགས་གཡས་པས་ཉལ་མི་ཤེས་སོ། །སྲོག་རྩའི་ནད་ནི་ཆུ་སེར་ཞུགས་པས་མིག་སྐྱ་ལ་ཤ་སེར་ཞིང་སྐམ་པ་དང༌། སྲིན་ནད་ནི་ལྡང་དུབ་ཆེ་ལ་རྐང་ལག་བསྐུམ་བསྐུམ་བྱེད་ལ་མི་སྐད་ཁྱི་སྐད་ཆེན་པོ་བྱུང་ན་ངུ་ཞིང་ནད་ཟུག་ལྡང༌། ཤ་ནད་ནི་ལྕེ་མུར་ཞིང་ལག་པའི་མགོ་བོ་འཇིབ་ཅིང་ཤ་མོ་སེར་ཤའི་ཚོད་མ་འདྲ་བ་རྒྱུན་དུ་འཁྲུ། ཕོལ་ནད་ནི་འཕོངས་ཀྱི་རྩར་སྐྲངས་ཤིང་རྣག་ཏུ་ཁུགས་པར་འགྱུར།

འཚོ་བ་དང་འཆི་བའི་བཏང་གཅོད་དམ་སྤང་བླང་སོགས་ཁ་དམར་གདགས་པ་ནི་རྐང་ལག་གི་མཐིལ་བཞི་དཀར་ལ་ཧྲིད་པ་སྟེ་རྙིད་པ་དང༌། རྣ་བ་སྐམས་ཤིང་མགོ་ལ་འབྱར་བ་དང༌། སྣ་བུག་སྐམ་ལ་སྣའི་ཕྱི་ནང་དུ་བ་མོ་ལྟ་བུ་སྐྱ་ཁོབ་དང་སྡོམ་རྒྱ་འདྲ་བ་ཆགས་པ་དང༌། མིག་གི་མདངས་ཤོར་ཞིང་ཁུང་དུ་བྲོས་པ་དང་ལྟག་པར་མིག་བལྟ་ཞིང་འཛུམ་པར་བྱེད་མི་ཤེས་པ་དང༌། ལྕེ་ནི་སྐམ་ཞིང་ཐུང་ལ་སོ་དྲེག་ཆགས་ཤིང་ཕོ་བ་རྡོ་ལྟར་སྲ་བ་དང༌། ཟོས་ཚད་སྐྱུག་ཅིང་དབུགས་ཐུང་ལ་གྲེ་བ་གསོག་ཅིང་ངར་ངར་ཟེར་བ་དང༌། འཁྲུ་བ་ཆུ་ལྟར་འབྲུབ་པ་དང་ནུ་མའི་དང་ཁ་ཤོར་ནས་མི་འཐུང་བ་དང་མགོའི་སྲུབས་བྱེ་བ་དང༌། པགས་མདོག་གསེར་ལྟར་སེར་ལ་ཤ་ལྤགས་སྦོས་པ་དང༌། ཕོ་བ་ཆུས་ཁེངས་པ་དང༌། མཆིན་པའི་ཟུངས་ཤོར་ཏེ་ཐུར་དུ་འཕྱང་ནས་ལྟེ་བར་སླེབས་ན་མི་འཚོ་བས་སྤང༌། མིག་དང་ལྕེ་ལ་སོགས་ཁོངས་སུ་ལས་ཀྱི་དབང་པོའི་མཚན་མ་དང་ཡན་ལག་རྣམས་ཀྱང་སྡུད་དགོས་པས་དབང་པོ་དེ་དག་ཐམས་ཅད་ཀྱི་བཀྲག་མ་ཤོར་ཞིང་དབུགས་བདེ་ལ་རྩ་དལ་ཞིང་མཐིལ་བཞི་དམར་བ་དང༌། ནུ་མ་དང་ཟས་ལ་སྲེད་པ་སེན་མོ་འབྲུབ་པ་སྨན་ལེན་ཞིང་གསོས་སྐྱེད་ཆེ་ན་གསོ་བ་དང་དུ་བླང་བར་བྱ་དགོས་སོ། །

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་བཅོས་དུས་ཚོད་གསུམ་དང་ཟས་སྤྱོད་སྨན་དཔྱད་བཅས་བཞིར་ངེས་དགོས་ཏེ། དེ་ཡང་ཞོ་འཐུང་བའི་དུས་ན་སྨན་དཔྱད་གང་དགོས་མ་ལ་བྱ་ཞིང་ཟས་གཞན་དང་ནུ་ཞོ་འདྲེས་མར་ཟ་བའི་དུས་ན་སྨན་དཔྱད་མ་དང་བུ་གཉིས་ཀ་ལ་བྱ། ཞོ་སྤང་ཞིང་ཟས་གཞན་ཟ་བའི་དུས་ན་སྨན་དཔྱད་བུ་ལ་བྱ་དགོས་པས་ཟས་ནི་ཡང་ཞིང་འཇུ་སླ་བའི་རིགས་བྱིན་པ་དང་སྤྱོད་ལམ་ནི་ངུ་རུ་མི་གཞུག་ཅིང་གྲང་སྟེ་འཁྱགས་པ་མི་བྱ། སྨན་གྱིས་བཅོས་པ་ལ་ཞི་བྱེད་དང་སྦྱོང་བ་གཉིས་ལས་ཞི་བྱེད་བཟང་ཞིང་འཇམ་ལ་འཇུ་སླ་བའི་རིགས་ཀ་ར་དང་བུ་རམ་གྱིས་ཁ་བླངས་ཏེ་མངར་ཤས་ཆེ་བ་བྱིན། སྔོ་ཐང་དང་བཤལ་སྨན་ལ་སོགས་པ་རྩུབ་མོ་རྣམས་ལེགས་པར་བསྡུས་ཁུ་འཇམ་ཞིང་འཇུ་སླ་བ་བསྟེན་ལ། བཤལ་བྱས་རྗེས་འབྲས་ཀྱི་ཚོད་མ་བྱིན་ན་ཤིས་པ་ཡིན་ཞིང༌། དཔྱད་ཀྱིས་བཅོས་པ་གཏར་བསྲེག་ཆུ་ལྕག་མས་འདྲེན་དང་བཞི་ལས་གཏར་ག་སྤྱིར་ཤ་རྒྱས་པས་གང་ཐེབས་ལ་རྩ་ཁ་ཕྱེ་ཙམ་བྱ་སྟེ། དེ་ཡང་ལོ་མ་ལོན་པ་ལ་ལག་མགོའི་མཛུབ་མོའི་ཚིགས་འོག་མ་དང་བར་གྱི་རྩ་དེ་ཁྲག་ཐོན་གཏར་བ་དང༌། མེ་བཙའ་དགོས་རིགས་སྤྲ་བ་སྲན་མ་སྦོས་པ་ཙམ་གསུམ་ལས་མི་མང་བར་སྐྱི་ཚོས་ཙམ་གྱིས་ཆོག་པས་དེ་ལྟར་བྱ། ཆུ་ལྕག་ནི་སྐར་ཆུ་བུམ་པར་བླུགས་པས་བསྒྲེང་བ་དང༌། མས་འདྲེན་ནི་ལོ་མ་ལོན་པ་ལ་རེང་བུ་བྱ་ཞིང་ལོ་ལོན་པ་ལ་ནི་རུ་ཧའི་སྨན་ཁུ་ཆུ་སྲང་གཅིག་ཅེས་པ་ཁྱོར་བ་ཕྱེད་དང་དེ་ནས་ལོ་རེ་ལོན་གྱིན་སྲང་རེ་བསྐྱེད་ལ་སྨན་དཔྱད་དྲག་པོ་མི་བྱ་ཞིང་འཇམ་པོས་བཅོས་དགོས་ཏེ། ཡན་ལག་བརྒྱད་པ་ལས་ཀྱང༌། གནོད་དང་གནོད་བྱ་དེ་ཉིད་དང༌། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང༌། །དེ་བས་སྨན་ནི་དེ་ཉིད་དེ། །གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། །ཟས་ཀུན་བསྟེན་པར་མི་བྱེད་པས། །འདི་ཡི་ཚད་ནི་ཉུང་དུ་བྱིན། །ཞེས་པ་མི་ཆུང་ནད་ཆུང་བཅོས་པ་ཆུང་བའི་དོན་དང༌།

བྱེ་བྲག་གི་བཅོས་ཐབས་རགས་པའི་དང་པོ་བྲང་ནད་ཚ་བ་ལ་ཟས་དང༌། སྨན་དང༌། ཆུ་མདའ་དང༌། གཏར་བ་དང༌། མེ་བཙས་བཅོས་དགོས་ཏེ། ཟས་སུ་ཤ་མར་གསར་པ་དང་ཞོ་དར་སོགས་བཏང་ཞིང་དྲོད་བཅུད་ཀྱི་རིགས་མི་བཏང་ལ། སྨན་དུ་ག་བུར་དང་ཅུ་གང༌། གུར་ཀུམ། ཙན་དན་དཀར་པོ་རྣམས་ཀ་ར་དང་སྦྱར་བ་བཏང་ཞིང༌། གློ་དང་བསྡོངས་ལ་ཁ་ཚར་ལི་ག་དུར་དང༌། ཕོ་བ་དང་བསྡོངས་པར་སུག་སྨེལ་བསྣན། སྐྲངས་ན་སྐྲངས་མགོ་ལ་ཆུ་མདའ་བྲན་ཞིང་སྐྲངས་སོབས་ནས་དྲུག་འགོ་གཏར་བ་དང༌། སྟོད་དུ་སྐྲངས་ན་སྤྱི་གཙུག་དང༌། དཀར་ནག་མཚམས་ནས་གྱེན་དུ་ཚོན་གང་བཅལ། དེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་དང་ཕུན་རེ་བཅལ་བ་དཔལ་ཁབ་གསང༌། དེ་སྟེང་ཚོན་རེ་བཅལ་བ་ཐུགས་ཁབ་གསང༌། དེ་སྟེང་ཚོན་རེ་བཅལ་བ་བྱ་རོག་མིག་དང་སྐེ་སྟོང་ཅ་ར་ཁུང་ནས་ཐུར་དུ་ཚོན་དོ་གཞལ་བའི་ས་རུ་བསྲེག། སྨད་དུ་སྐྲངས་ན་སྙིང་རྩེ་དང་དཀར་ནག་མཚམས་དང༌། གློ་དང་བསྡོངས་པ་ལ་ཚིགས་པ་ལྔ་པ། ཕོ་བ་དང་བསྡོངས་ན་ཕོ་གསང་ཚིགས་པ་བཅུ་གཉིས་དང་ལྷེན་གསང་རྣམས་བསྲེག བྲང་ནད་དེ་ཤིན་ཏུ་རྙིངས་ཏེ་ཤ་མདོག་སེར་ཞིང་ཁོང་སྙོམས་ལ་འགུལ་ན་ངུ་ཞིང་མ་ལ་འཆང་བ་དང༌། འཁུན་པ་འདོན་ཞིང་ནུ་མ་ཙེ་གུར་ཞེས་ཉུང་ངུ་ཡང་ཡང་བཅད་ཅིང་འཐུང་བ་དེ་ལ་ཙན་དན་དཀར་པོ་གི་ཝང་བསིལ་ཅུ་གུར་ལི་གསུམ་སྦྱར་ཞིང་རྗེས་གཅོད་ལ་ཚིགས་པ་བདུན་དང་ལྷེན་སྣའི་རྩེ་བསྲེག བྲང་ནད་གྲང་བ་ལ་ཛཱ་ཏི། སུག་སྨེལ་དང༌། ལ་ལ་ཕུད་གསུམ་གྱི་ཐང་བཏང་ཞིང༌། ཤིང་ཀུན་དང༌། དོང་གྲ་སྒ་རྒོད་དམར་པོའམ་སྨུག་པོ། ཁ་རུ་ཚྭ་རྣམས་དང་བུར་དཀར་སྦྱར་བ་དང༌། ཁ་ཟས་ནི་བསིལ་དྲོད་ཁྲེའུར་ཞེས་སྤེལ་ནས་གཏང་བར་བྱ་ཞིང༌། ཆུ་མདའ་སོགས་གྲང་བཅོས་མི་བྱ་བ་དང༌། སྣུམ་ནན་གྱི་ཚན་དོ་བྱ་ཞིང༌། མེ་ནི་གོང་མ་རྣམས་ཀྱི་སྟེང་དུ་ཚིགས་པ་བཞི་པ་བསྲེག་ཅིང༌། མཇིང་པ་རེངས་ན་ལྟག་པའི་གཡས་གཡོན་གཉིས་བསྲེག་པར་བྱ་བ་དང༌། མདོར་ན་གང་ལ་གང་དགོས་བརྟགས་ཏེ་སྨན་གཏར་ཆུ་ལ་སོགས་པས་ཚ་བ་གདོན་ཞིང་ཆུ་སེར་ཡིན་པས་དེ་རྗེས་སུ་མེས་གོང་གསལ་རྣམས་བསྲེག་པ་མཆོག་ཏུ་ཤིས། གློ་ནད་ཚ་གཟེར་གྱི་གློ་ལ་གསོ་ཐབས་ཞི་སྦྱང་གཉིས་ལས་ཞི་བ་ནི་ཧོང་ལེན་དང་བོང་ང་དཀར་པོ་གཉིས་ཀྱི་བསྡུས་ཁུ་ལ་གི་ཝཾ། གུར་ཀུམ། གླ་རྩི། ཤུ་དག་དཀར་པོ། སྦྲུལ་ཤ རུ་རྟ་བཅས་པའི་ཕྱེ་མ་སྦྱར་ལ་བཏང་བ་དང༌། སྦྱང་བ་ནི་ཨ་རུ་ར་མཆུ་སྙུང༌། ཧོང་ལེན། དུར་བྱིད་གསུམ་གྱི་བསྡུས་ཁུ་ལ་ཤ་ཆེན་ཏེ་མི་ཤ་དང་གླ་རྩི་བཏབ་ལ་འཁྲུ་རུ་གཞུག་ཅིང༌། དེས་ཀྱང་མ་ཐུབ་ན་ཕྱི་རྒྱུད་ལྟར་གྱི་ག་བུར་རྒྱལ་བློན་གསུམ་པོ་བསྟེན། ཚ་སྲུབས་ཀྱི་ནད་ལ་སྨན་དང་གཏར་གྱིས་བཅོས་པ་ནི་གུར་ཀུམ། ཤུ་དག་ཅུ་གང་བཅས་པ་ཀ་ར་དང་སྦྱར་ལ་བཏང་བ་དང༌། མ་ཞི་ན་ཤིང་མངར་སྲོ་ལོ་བཅས་ཀྱི་ཐང་བཏང་ཞིང་ག་བུར་དང༌། ལི་ཤི། སུག་སྨེལ། འབྲས་བུ་ཨ་བར་སྐྱུར་གསུམ། ད་ཏྲིག་དང༌། ཅུ་གང༌། གུར་ཀུམ། གི་ཝཾ། རྒུན་འབྲུམ་དང༌། ཤིང་མངར་རྣམས་ཀ་ར་དང་སྦྱར་བ་བཏང་ལ་སྨན་དེ་ཞུ་དུས་གདོང་པ་བྱིབས་ཏེ་རྔུལ་མང་དུ་དབྱུང་ཞིང་ཐོན་ནས་བག་ཕྱེས་ཕྱི། གཏིང་ཐོན་དཀའ་ན་ཅུ་གང་དང༌། གུར་ཀུམ་དང༌། ཙན་དན་དཀར་དམར། བསེ་རུ། ཤིང་མངར། མཚལ། ལི་ཤི། སུག་སྨེལ། སྲ་འབྲས། ད་ཏྲིག་དང༌། སྟར་བུ། རུ་རྟ། སྒ་སྐྱ། པི་པི་ལིང༌། འདམ་བུ་ཀ་ར། ནས་སྔོན་མོ་འབྲུ་བདུན་རྣམས་སྦྱར་བའི་གློ་རྩི་བཅུ་བདུན་པ་ཞོ་ལ་བཏབ་ཀྱིན་རྒྱུན་དུ་བསྟེན་པར་བྱ་ཞིང༌། སྣོད་ཀ་རུ་ཐུང་གཉིས་ཁྲག་དང་སྦྱར་ལ་གཏར་བ་ཟུངས་ཁྲག་མི་འདོན་ཞིང་ནད་ཁྲག་གཏར་རོ། །ཚ་སྲུབས་རྒས་ནས་ལུད་པ་རྣག་ཅན་དུ་འཛག་པ་ལ་བྱ་ཕོ་ཙི་ཙི་རྐྱང་སེལ་དུ་བཤད་པ་ལྟར་དང༌། སྟར་བུ། ཤིང་མངར་དང༌། སུག་སྨེལ་རྣམས་ཀ་ར་དང་སྦྱར་བས་རྣག་རྣམས་དྲངས། ཡང་ན་ཙན་དན་དཀར་པོ། བསིལ་ཅུ་གུར་ལི་གསུམ། བསེ་རུ་བཅས་པའི་གློ་སྨན་སྦྱར་བས་རྣག་ཚད་སྐེམ་ཞིང་རོ་སྟོད་ཆུས་བྲན་པ་དང༌། གསར་འཇམ་ཁ་ཟས་ཀྱིས་བཅོས།

རླུང་གློ་ཐང་པོའི་ནད་ལ་སྨན་ཟས་དང་བཤལ་དང་མེ་རྣམས་ཀྱིས་བཅོས་དགོས་པའི་སྨན་ནི་ད་ཏྲིགཀ་ར། པི་པི་ལིང་རྣམས་མར་གསར་དང་སྦྱར་བའི་ལྡེ་གུ་བཏང་བ་དང༌། ཅུ་གང༌། ཤིང་ཚ། སུག་སྨེལ། པི་པི་ལིང༌། མར་གསར་རྣམས་སྦྲང་དང་སྦྱར་བའི་ལྡེ་གུ་བཏང་བ་དང༌། དེ་རྗེས་ག་དུར། ཛཱ་ཏི། ཤིང་ཀུན་རྣམས་བུར་དཀར་དང་སྦྱར་ལ་བྱིན་ཞིང༌། ཟས་སུ་མར་དཀར་དང་བུར་དཀར་ལུག་ཤ་གསར་འཇམ་སོགས་བཏང༌། སྐྱེད་ཆུང་ཞིང་ལུས་སྐྲངས་ན་སྤོས་དཀར་དུར་བྱིད། ཨ་བར་སྐྱུར་གསུམ་བཅས་པའི་བཤལ་གྱིས་སྦྱང་བ་དང༌། དེ་རྗེས་གློ་གསང་ཚིགས་པ་བཞི་པ་དང་ལྔ་པ་བསྲེག མཆིན་ནད་ཚ་བ་ལ་ཟས་དང་སྨན་དང་གཏར་བ་དང་བཤལ་དང་མེ་བཙའ་ཆུ་བཅས་དྲུག་གིས་བཅོས་པར་བྱ་དགོས་ཏེ། དང་པོ་ཁ་ཟས་ཀྱི་རིགས་མ་བུ་གཉིས་ཀས་དྲོད་བཅུད་སྤང་ཞིང༌། ཤ་གསར་མར་གསར་ཞོ་དར་སོགས་བསྟེན་པར་བྱ་བ་དང༌། སྨན་དུ་ཏིག་ཏ་དང༌། བ་ཤ་ཀ་གཉིས་བསྡུས་ཁུར་བྲག་ཞུན་དུལ་མ་བངས་པར་སྦངས་ལ་མང་དུ་བླུད། ཡང་ན་ཨ་རུ་ར་དང་སྐྱུ་རུ་ར་གཉིས་བསྡུས་པའི་ཁུ་བ་ལ་ཁ་ཆེ་གུར་ཀུམ། དེང་སང་མངའ་རིས་ནས་ཁྱེར་འོང་བའི་བཟང་ཤོས་དེ་དང་བལ་པོ་གུར་ཀུམ་དང༌། པྲི་ཡང་ཀུ་གསུམ་བཏབ་པར་ཀ་ར་སྦྱར་བ་བུ་ལ་བླུད། ཡང་ན་ག་བུར། ཅུ་གང༌། གུར་ཀུམ། རུ་རྟ་དང༌། མ་ནུ་པུཥྐར། འཇིབ་རྩི་དངོས་སམ་དེ་མིན་པྲི་ཡང་ཀུ་རྣམས་ཀ་ར་དཀར་པོ་དང་སྦྱར་བ་བཏང༌། ཡང་ན་གུར་ཀུམ། ཅུ་གང༌། བྲག་ཞུན་དང༌། ཛཱ་ཏི། དོམ་མཁྲིས། ཏིག་ཏ། ཨ་རུ་ར་རྣམས་དང་ཀ་ར་དཀར་པོ་སུམ་འགྱུར་སྦྱར་ལ་བཏང༌། ཡང་ན་གུར་ཀུམ། གི་ཝཾ། ཨ་རུ་ར་རྣམས་ཀ་ར་དང་སྦྱར་ལ་བཏང་ཞིང༌། སྐྱེད་ཆུང་ན་ཨ་རུ་ར། ཧོང་ལེན། དུར་བྱིད་གསུམ་བསྡུས་ཁུར་ཀ་ར་སྦྱར་ལ་བཏང༌། སྐྱུག་པ་སྐྱུགས་ན་ཕུས་གདབ་ཅིང་འགྱིངས་ན་ཕྱི་རྒྱུད་ནི་རུ་བར་མ་རེང་བུར་བྱས་པས་བསུ་བ་དང༌། བཤང་མདོག་དམར་སེར་དྲི་མ་ཆེ་ན་ཕྱི་རྒྱུད་ཀྱི་ནི་རུ་ཧ་ལུགས་སུ་རྣོན་པོ་མིན་པའི་འཇམ་པོས་སྦྱང༌། ཁ་དོག་དཀར་སྔོ་དང་རྩམ་པ་ཞོ་སོགས་འཁྲུ་ན་ཟུངས་ལ་གནོད་པས་མྱུར་དུ་བཅད་ཅིང༌། རུ་ཐུང་སྣོད་ཀ་ལོང་རྩ་སོགས་ཁྲག་དང་སྦྱར་ལ་ཟུངས་ཁྲག་མི་འདོན་ཞིང་ནད་ཁྲག་གཏར། ཆུ་མདའ་ཕོ་སྟོད་ཚིགས་པ་དགུ་པ་ལ་སྐར་ཆུ་བྲེ་རེ་ཙམ་བརྡེག་ཅིང༌། ཡང་ན་ལྒང་ཕུག་ཆུས་བཀང་ལ་བདུགས་པ་དེས་མཆིན་སྣ་མི་འཕར་ཞིང་ཚ་སྟོབས་ཞི་བར་བྱས་ལ་མཆིན་སྣ་སྟེ་མཆིན་པའི་ཟུར་གསང་དང༌། སྦྲུལ་མིག་དང༌། ཚིགས་པ་དགུ་པ་དང༌། བཅུ་གཉིས་པ་བསྲེག་ཅིང༌། ཚ་བ་མ་ཆོམས་པ་ནས་བསྲེགས་ན་མེ་དྲོད་སྐྱེད་ཀྱང་ཚ་བ་འཕེལ་བའི་རྐྱེན་དང་རྗེས་ལ་མ་བསྲེགས་ན་མཆིན་པ་རང་གནས་ཀྱི་སར་མི་འཁྱོལ་བའི་སྐྱོན་ཡོད་པས་དེས་ན་བསྲེག་པའི་དུས་ཚོད་ཤེས་པ་ཤིན་ཏུ་གཅེས་སོ། །མཆིན་ནད་གྲང་བབས་ལ་སྨན་དང་ཟས་དང་ལུམས་དང་སྦྱང་བ་མེ་དང་ལྔས་བཅོས་དགོས་ཏེ། དང་པོ་སྨན་དུ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་བསྡུས་ཁུ་ལ་གུར་ཀུམ་དང་ཅུ་གང་གཉིས་བསྲེས་ལ་བཏང་བར་བྱ། ཡང་ན་སྒ་སྐྱ་ཛཱ་ཏི་སུག་སྨེལ་བཅས་ཀྱིས་བསྡུས་ཐང་བཏང་ལ། བྱེ་མ་གླ་སྒང༌། གུར་ཀུམ། གི་ཝཾ་གསུམ་ཀ་ར་དང་སྦྱར་བ་དང༌། ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་གསུམ་པ་དང་ལྟག་པ་སྤྲད་ལ་བཏང༌། ཡང་ན་ཛཱ་ཏི། སུག་སྨེལ། ཤིང་ཚ། སྒ་སྐྱ་བཅས་ལ་བུར་དཀར་སྦྱར་བ་བཏང་ཞིང༌། མ་བུ་གཉིས་ཀའི་ཟས་སུ་མར་གསར་ཕྱེ་ཐུག་ཤ་གསར་གྱི་ཚོ་ཁུ་བསྟེན་ཞིང་ཤ་མར་རྙིང་པ་དང་ཆང་སོགས་བཅུད་ཆེན་གྱི་རིགས་མི་བཏང་བར་སྤང་བ་དང༌། ནོར་གྱི་སློ་སྟེ་བཙོ་དྲོན་མོ་ལ་སྤོད་སྒ་པི། ལ་ལ་ཕུད་གསུམ་བྲན་པའམ། རུས་པའི་ཕྱེ་མ་སྣུམ་ལྡན་ནམ། མེ་ཏོག་སྣ་ཚོགས་ཚད་ཀྱི་ལུམས་ཀྱིས་བདུག་པར་བྱ། དུར་བྱིད། ལྕུམ་རྩ། ཨ་རུ་ར། སྔོན་བུ་བཅས་བསྡུས་ཁུར་ཐལ་ཀ་རྡོ་རྗེ། སོ་མ་རཱ་ཛ་གཉིས་བཏབ་ལ་གཏོང་ཞིང༌། དེ་གློར་བསྡོངས་ན་སྤོས་དཀར་དང༌། ཕོ་བར་བསྡོངས་ན་མ་ནུ་པུཥྐར་བསྣན་ལ་བཏང༌། མཁྲིས་པ་དང་བསྡོངས་ན་སྒ་སྐྱ་བསྣན་ལ་གཏོང་ཞིང་སྨན་དང་བུ་རམ་སྤེལ་ལ་བཏང༌། ནད་སྟོབས་བྲི་ནས་ཚིགས་པ་དགུ་པ་དང་བཅུ་གཉིས་པ་དང་ལྟེ་བ་ནས་གཡས་གཡོན་དུ་སོར་རེ་གཞལ་བས་ཟུར་གཉིས། མཆིན་སྣ་སྟེ་མཆིན་པའི་ཟུར་གསང་དང་རྩིབ་ཐུང་གཉིས་པོ་རྣམས་བསྲེག་ཚ་འཁྲུ་ལ་ཟས་དང་སྨན་གཏར་དང་ཆུས་བཅོས་དགོས་ཏེ། དང་པོ་ཟས་སུ་ཕྱེ་ཐུག་དང་འབྲས་ཐུག་ཚོས་པར་བཙོས་པ་ཙེ་གུར་ཞེས་ཉུང་ངུ་ཡང་ཡང་བཏང་ཞིང༌། རྗེས་ལ་ཤ་གསར་ཚོ་ཁུ་དང་འོ་ཟན་ལ་མར་དཀར་བཏབ་པ་བསྟེན། སྨན་དུའང་རྒྱུ་མ་སྲུང་བ་དང༌། ཚད་པ་གཞོམ་པ་དང༌། འཁྲུ་བ་བསྐུལ་བ་དང༌། བཅད་པ་བཞིའི་སྒོ་ནས་བཅོས་དགོས་ཏེ། རྒྱུ་སྲུང་ལ་ས་མྱག་བསྡུས་ཁུར་གླ་རྩི་བཏབ་པ་བཏང་ཞིང་ནས་རྙིང་གི་ཕྱེ་ཐུག་ཚོས་པ་ལ་མར་གསར་དང་རྒྱམ་ཚྭ་བཏབ་པས་རྒྱུ་མ་མི་འདྲུལ་ཞིང་སྲ་འཇམ་འདྲེད་པར་བྱེད་པ་དང༌། ཚད་གཅོག་གི་སྨན་དུ་ཕྱི་རྒྱུད་ལྟར་གྱི་ག་བུར་རྒྱལ་བློན་གསུམ་པ་བཏང༌། ཡང་ན་ཙན་དན་དཀར་པོ་ཆུ་ལ་བརྡར་བའི་ཁུ་བ་དེ་ལ་གུར་ཀུམ་དང་གླ་རྩི་གཉིས་བཏབ་ལ་བཏང་བ་དང༌། ཡང་ན་ཕྱི་རྒྱུད་ལྟར་གྱི་ཨིཎྜ་བཞི་ཐང་རྒྱུན་དུ་བསྟེན། འཁྲུ་མདོག་དམར་ན་བྲག་ཞུན་བཏང་ཞིང༌། སེར་ན་ལྕག་མདའ་གི་ཝཾ་བཏང་བ་དང༌། སྨུག་ན་རེ་རལ་ལྕགས་ཀོང་དུ་བསྡུས་པ་དང༌། ལྗང་གུར་སྐྱེར་ཤུན་བཏང༌། དུད་ཁུ་བྱུང་ན་གླ་རྩི་བཏང་ཞིང་ཟུངས་ཁྲག་བྱུང་ན་དོམ་གྱི་མཁྲིས་པས་བཅད་འགྱིང་ཞིང་འཁྲུ་བའམ་ཟུག་ཅན་ཙེ་གུར་ཏེ་ཉུང་ངུ་ཡང་ཡང་འཁྲུ་ན་སྔོན་བུ། ཁྲོན་བུ། དོང་ག་བཅས་དང་དོང་གའི་ཚབ་ཐར་ནུར་བཞེད་པའང་ཡོད་པས་བུ་གསུམ་དང་ཨ་རུ་ར་བསྡུས་ཁུས་འཁྲུ་བ་བསྐུལ། ཐ་མར་ཚ་བ་ཆོགས་ནས་བཅད་པའི་ཐབས་ནི། འཁྲུ་བ་གཅོད་པའི་སྨན་རྣམས་འབྲས་ཀྱི་ཐུག་པར་བཏབ་ལ་བཏང་བ་དང༌། ཡང་ན་ཞོ་བཙོས་པར་བཏབ་པ་བཏང་ལ་གྲོ་མའི་ཕྱེ་མ་བྱིན་ཞིང༌། རུ་ཐུང་སྣོད་ཀ་ལོང་རྩ་གསུམ་གཏར་བ་དང་ཆུའི་ལྕག་གིས་རྐང་ལག་རྗེ་ངར་གྱི་ཉྭ་བཞི་བསྒྲང་བར་བྱ། གྲང་བས་འཁྲུ་བ་ལ་བཟང་པོ་ཛཱ་སུག་ལི་ཀ་བཞི་པོ་སྦྱར་ལ་བཏང་བ་དང༌། ཡང་ན་ཛཱ་ཏི། སུག་སྨེལ། ད་ཏྲིག་སྲ་འབྲས་རྣམས་སྦྱར་ལ་བཏང༌། ཡང་ན་རྒོད་གཡག་གམ་འབྲི་གཡག་གི་ཁྲག་དང་གཙོད་ཁྲག་བཅས་བཙོས་ལ་བཏང་ཞིང༌། སྤྱིན་བཟང་པོའི་ཆུ་ལ་ད་ཏྲིག་བཏབ་ནས་བཏང་བས་ཆད་པར་འགྱུར་ལ། དེས་ཀྱང་ཆད་དཀའ་ན་ཚིགས་པ་བཅུ་གཉིས་པ་དང་ལྟེ་བ་བསྲེག ཚ་བས་སྐྱུག་པའི་ནད་ཁྲག་ཏུ་འབྱུང་བ་ལ་འདམ་བུ་ཀ་ར། ཛཱ་ཏི། ཙན་དན་དམར་པོ། པུཥྐར་མཱུ་ལ་ཞེས་ཁམ་རུས། གླ་སྒང༌། མཚལ་རྣམས་དང་སྦྲང་སྦྱར་ལ་བཏང༌། མཁྲིས་པར་སྐྱུགས་ན་ལྕགས་དང་ཨ་རུ་ར་བཅས། ཆུ་དྲོན་དཀྱིལ་དུ་ཞག་གཅིག་སྦངས་པའི་ཁུ་བ་བཏང༌། གྲང་བས་སྐྱུགས་པ་ན་ཛཱ་ཏི། སུག་སྨེལ་དང༌། ད་ཏྲིག སྲ་འབྲས་རྣམས་བུ་རམ་དང་སྦྱར་ནས་བཏང་བས་ཆད་པར་འགྱུར་ཞིང༌། དེ་རྗེས་ཤ་གསར་ཚོས་ཁུར་ལ་ལ་ཕུད་བཏབ་པ་བཏང༌། ཆད་པ་དཀའ་ན་ལྷེན་སྣའི་རྩེ་དང་སྤྱི་གཙུག་བསྲེག་ཅིང༌། ཟས་སུ་ཆང་འཇམ་ཤ་གསར་བྲིད་ཅེས་པ་དང་པོ་ཆུང་ངུ་དེ་ནས་རིམ་པས་ཆ་བསྐྱེད་ལ་བཏང༌། གྲང་བས་ཞོ་འཐུངས་པ་སྐྱུགས་ན་སྔ་ལ་ཀཎྜ་ཀ་རི། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། སྦྲང་རྣམས་དང་ཞུན་མར་སྦྱར་བ་བྱིན་པར་བྱ་བ་དང༌། ཁ་ཟས་མི་འཇུ་ཞིང་མིག་སེར་གསུས་པ་སྟེ་ཕོ་བ་ཆེ་ཞིང་སྐྱུགས་ན་ཕོ་བར་ཟན་དྲོན་གྱིས་དུགས་བྱ་བ་དང༌། སེ་འབྲུ་དོང་གྲ་ཞེས་སྒ་རྒོད་དམ་སྒ་དམར་བསྣན་པའི་ལྔ་དང༌། རྒྱམ་ཚྭ་བུར་དཀར་བཅས་པ་སྦྱར་བ་དང༌། ཆུར་སྐྱུགས་པར་འབྲས་ཐུག་ལ་ལ་ལ་ཕུད་བཏབ་པ་བཏང་ཞིང༌། རྩམ་པར་སྐྱུགས་ན་སྨྱུང་བ་བྱས་ཏེ་ལྟོ་བཀུག་པས་འཚོ་རིམས་ནད་ལ་འབྲས་བུ་ཨ་བར་སྐྱུར་གསུམ། སླེ་ཏྲེས་རྣམས་བསྡུས་འཇམ་བཏང་ཞིང༌། ཏིག་ཏ་ག་དུར་གཉིས་བསྡུས་གྲང་མ་ལ་བྱིན་ནས་རྔུལ་དབྱུང་ཞིང༌། སྤྱི་ཞུར་དང་ཀ་ར་ཆུར་སྦངས་ལ་བཏང༌། ཡང་ན་གུར་ཀུམ། ཅུ་གང༌། གི་ཝཾ། གླ་རྩི་བཞི་པོ་ཀ་ར་དང་སྦྱར་བ་བཏང་ཞིང༌། ནད་སྟོབས་ཆེ་ན་ག་བུར་བསྣན་ལ་བཏང༌། གློ་མང་ན་རྒུན་འབྲུམ་དང༌། ཅུ་གང་ཆུར་བསིངས་པའང་བཏང༌། ཚ་རྙིངས་ལ་བུ་སྔོན་ཁྲོན་དོང་གསུམ་ཁུ་བ་ཀ་རས་སྦྱང་བ་དང༌། དེ་རྗེས་ཕྱི་རྒྱུད་ལྟར་ཅུ་གང་བདེ་བྱེད་ཆེན་མོ་སྦྱར་ལ། ཁ་ཟས་བསིལ་བའི་རིགས་བསྟེན་ཅིང་དྲོད་བཅུད་ཀྱི་རིགས་དུག་དང་འདྲ་བས་སྤང་ངོ༌། །ཚད་རླུང་རི་ཐང་མཚམས་སུ་བསིལ་ཡང་དྲོད་བཅུད་སོགས་ཁྲེའུར་ཞེས་སྤེལ་ལ་ཉམས་སད་ཅིང་བཏང༌། ལྟེ་མཁྲང་གི་ནད་ལ་གླ་རྩི། བྱི་ཏང་གམ་རུ་ཙེ་དང༌། སྨྱུག་མ་གཞོན་ནུའི་རྩི། པི་པི་ལིང༌། ཕུར་མོའི་ཐལ་བ། སྡིག་སྲིན་རྣམས་དྲི་ཆུས་སྦྱངས་ལ་བཏང༌། ཡང་ན་ཟི་ལྡིར་དང་སྦུར་བ་གཉིས་ནུས་ལྡན་བསྲེགས་ཐལ་དང་ཕྲུ་གུའི་ཕ་མའི་སྐྲ་གཞོབ་བཞི་བྱིས་པའི་དྲི་ཆུར་སྦྱངས་ལ་བཏང་བས་སེལ་བར་འགྱུར། ལྟེ་འཁོར་གྱི་ནད་ལ་མཁན་པ། སྦང་མ། སྤྲུ་མ་དཀར་པོ། ལྕ་བའི་འབྲས་བུ་དང༌། གོ་སྙོད། གཡེར་མ་རྣམས་དྲོན་མོར་བསྲོས་པས་བདུག་ཅིང༌། ཀླད་པ་རུལ་པ། མཁན་པ། ཕབས་གསུམ་ཆང་དང་སྦྱར་བའི་སྐྱོ་མ་བྱུགས་ལ་རྣག་ཏུ་ཁུགས་ན་ཕུག་ཅེས་པ་རུས་མཛེར་གྱིས་བརྟོལ་བས་འཚོ་བར་ངེས། ལྟེ་མཁྲེགས་ལ་མའི་རྒྱབ་རྩ་དྲུག་འདུས་གཏར་བའི་ཁྲག་ལ་ཕག་རིལ། སྤྱང་བྲུན། གླ་རྩི་དང༌། ཤིང་ཀུན། སྒོག་སྐྱ་རྣམས་སྦྱར་བ་བྱུགས་ལ་བྱ་སྤུས་མནན། ལྟེ་རྣག་ལ་དང་པོར་བུ་རང་གི་ལྟེ་བ་བཅད་པ་སྐམ་པོའི་ཕྱེ་མ་གདབ་ཅིང༌། དེས་མ་ཐུབ་ན་བྲག་སྤོས། ཆུ་རྩ། མཁྲིས་སྣ་དང༌། གུར་ཀུམ་རྣམས་སྦྱར་བ་རྨ་ཁ་ལ་གདབ་པར་བྱ། རྡེའུའི་ནད་ལ་གསར་དུས་རྒྱ་ཚྭ་སུག་སྨེལ་དང༌། སྡིག་སྲིན། ལྕམ་པ་རྣམས་ཆང་དང་སྦྱར་ཏེ་བཏང་ཞིང༌། རྡེའུ་རྒྱས་ན་ཚ་སྦྱོར་ཆེན་མོས་བཤིག། ཅེས་པ་གོང་གི་གཅིན་འགག ས་གསོ་བའི་སྐབས་ཀྱི། ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། ཞེས་པ་ནས། སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང༌། །ཞེས་པའི་བར་དེས་བཤིགལམ་རྡེས་འགགས་ན་རྩ་དང་སྲུབས་མིན་པར་རྡེའུ་རང་གིས་དྲས་སྟན་བྱས་ནས་དྲལ་ལ་དབྱུང༌།

མགོ་བོ་སྐྲངས་ན་རྩ་འཕྲང་མཚོག་མ་དང་སྡུད་སྒོ་སྤྱི་གཙུག་གསུམ་མེས་བསྡམས་ཤིང༌། འོག་ཏུ་འཆད་པའི་རྒྱ་ཆིངས་བྱས་ལ་ཁོང་དུ་བསིལ་སྨན་གང་འོས་སྦྱར་ལ་བཏང་སྟེ། དབུག་ཏུ་མི་རུང་བས་འཇམ་པོས་བཅོས་པས་ཐུབ། གྲེ་བའི་ནད་ལ་གླ་རྩི། རུ་རྟ་དང༌། གི་ཝཾ་རྣམས་ཀ་ར་དང་སྦྱར་བ་ཁོང་དུ་བཏང་བ་དང༌། ཨ་རུ་ར། དུར་བྱིད་བཅས་པ་གླ་རྩིའི་ཁུ་བར་བཏབ་ནས་བཏང་བའི་བཤལ་གྱིས་སྦྱང༌། མཆེར་ནད་ལ་གཞོགས་གཡོན་གྱི་རྩིབ་མའི་སྟེང་དུ་བསྲེག་ཅིང༌། ཀ་ཀོ་ལ་དང་ཨ་རུ་རའི་ཐང་བཏང༌། མཁྲིས་པའི་ནད་ལ་ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་གསུམ་པར་ཀ་ར་སྦྱར་ལ་བཏང་བ་དང༌། ཚ་བ་ཆེ་ན་ཏིག་ཏ་དང་ཀ་ར་བཏབ་ལ་བཏང་ཞིང༌། ཨན་སྟོང་ཚིགས་པ་དང་པོ་དང་བཅུ་གཅིག་པ་བསྲེག་ཅིང་མཁྲིས་རྩ་གཤའ་རིངས་གཏར། ཕོ་བའི་ནད་ལ་སེ་འབྲུ་སུག་ཤིང་པི་བཞི་བཅས་པའི་སེ་འབྲུ་བཞི་པ་སྦྱར་བ་དང༌། རྩམ་པ་རྙིང་པ་སྔོ་དང་ཤ་རིད་སོགས་གྱོང་དང་བསིལ་རིགས་སྤང་ཞིང་མདུན་རྒྱབ་ཕོ་གསང་མདུན་གྱི་དབུས་མ་དང༌། རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་བསྲེག་ཅིང༌། ལོང་ནད་ལ་སེ་འབྲུ། ཁ་རུ་ཚྭ། སྒ་པི་ལིང༌། ཕོ་རིས། རྒྱམ་ཚྭ་བཅས་སེ་འབྲུ་དྲུག་པ་སྦྱར་ལ་ལོང་གསང་རྒྱབ་ཚིགས་པ་བཅུ་དྲུག་པ་དང་མདུན་ལྟེ་བའི་གཡས་གཡོན་ཚོན་རེ་གཞལ་བ་བསྲེག་ས་ཟོས་པ་ལ་གླ་སྒང༌། སེར་པོ་ཡུང་སྐྱེར་གཉིས། གནྡྷ་པ་ཏྲ་དང༌། ལྕ་བ། བ་སྤྲུ། བྱི་ཏང་གབིལ་བ། ཚ་བ་སྒ་པི་ཕོ་གསུམ་རྣམས་ཀྱི་སྨན་མར་སྦྱར་བ་བཏང༌། ཞོ་རས་རླུང་ལས་གྱུར་པ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་པོའི་སྨན་མར་བྱིན་ལ་ཙི་ཏྲ་ཀ་དང་རུ་རྟ་གཉིས་ཀྱི་གདུས་ཐང་བཏང༌། མཁྲིས་པ་ལས་གྱུར་པ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། གླ་སྒང་དང༌། རྩ་མཁྲིས་ཞེས་ཁུར་མང་ཆུང་ངུའི་རིགས་ཧོང་ལེན་རྣམས་བསྐོལ་བའི་ཁུ་བ་བླུད། བད་ཀན་ལས་གྱུར་པ་ལ་རྒྱམ་ཚྭ། ཤིང་མངར། པི་པི་ལིང་གསུམ་མར་དང་སྦྱར་བ་བྱིན་ཞིང་བོང་ང་དཀར་པོ་དང༌། གླ་སྒང༌། ཤུ་དག རྩ་བ་རམ་ལྕ་ཉེ་བ་གཟེ་བཅས་ལྔ་རྣམས་བསྐོལ་བ་བླུད། ཞོ་རས་གདོན་ཞུགས་ལ་གདོན་ངོས་བཟུང་སྟེ་ལྟོ་ཆོག་སོགས་དེའི་གཉེན་པོས་གསོ་བ་སྐབས་དང་སྦྱར།

མིག་གི་ནད་ལ་ཕྱི་རྒྱུད་ནས་བཤད་པའི་གསལ་བྱེད་སྨན་མར་བཏང་ཞིང༌། སྐྱེར་པའི་ཁཎྜ་དང་ནུ་ཞོ་སྦྱར་བ་མིག་ཏུ་བླུགས། རྣ་བ་ནས་རྣག་འཛག་ན་མ་བུ་གཉིས་ཀ་བཅུད་ཀྱིས་གསོ་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ་པོའི་སྨན་མར་བཏང་ལ་ཚིགས་པ་བཅུ་གསུམ་མེས་བསྲེག རྣ་བ་འགྲམས་ན་ནག་མཚུར། རུ་རྟ་དང༌། གླ་རྩི་རྣམས་ཆུ་ལ་སྦྱངས་ལ་རྣ་བར་བླུག་ཅིང༌། རྒྱ་སྐྱེགས་དང་རུ་རྟའི་ཁུ་བ་ཁོང་དུ་བཏང༌། བཙའ་ཐོར་ལ་ཤ་ཚིལ་སོགས་ཀྱི་གསུར་བདུག་ཅིང་ཁོང་དུ་གླ་རྩི་བཏང་ལ་སྤྱི་བོའི་གཙུག་ཏུ་བཙོད་ཀྱི་མེ་བཙའ་གདབ། བསེན་ཐོར་ལ་ཡང་གླ་རྩི་ཁོང་དུ་བཏང་ཞིང་ཤུ་དགརུ་རྟ། ཨ་རུ་གསུམ་སྦྲང་དང་སྦྱར་ལ་བྱིན་ཏེ། ས་མཚུར་ཞེས་པ་སེར་མཚུར་ཆུ་གྲང་ལ་སྦངས་པས་ཁ་འཁྲུ་ཞིང༌། བསེན་མོ་ཞེས་གསོན་འདྲེ་ལ་ཞི་དྲག་གིས་བཅོས་ཤིང་སྲུང་བ་གདགས་རྨེན་བུའི་ནད་ལ་ལྷེན་སྣའི་གཡས་སྦྲུལ་མིག་ངོས་བསྲེག་ཅིང་ཁོང་དུ་དོམ་མཁྲིས་བཏང་བ་དང༌། སྲོག་རྩའི་ནང་དུ་ཆུ་སེར་ཞུགས་ན་ཨན་སྟོང་ཚིགས་པ་དང་པོ་དང་དགུ་པ་བདུན་པ་བཅས་བསྲེག སྲིན་ནད་ལ་གླ་རྩི། ཤིང་ཀུན། བྱི་ཏང་གསྒོག་སྐྱ་བཅས་པའི་ཕྱེ་མ་འོ་མར་བཏབ་ལ་བཏང་ཞིང༌། དུར་བྱིད། སྒ་སྐྱ། བྱི་ཏང་ག་གསུམ་གྱིས་སྦྱངས། དེས་མ་ཕན་ན་སྲིན་རྟ་ཁྲག་ཡིན་པས་དྲུག་འདུས་དང་ཕོ་བའི་རྭ་རྩར་གཏར་ག་བྱའོ། །ཤ་ནད་ལ་ཤ་དང་ཁྲག་གི་ཚོད་མ་བྱིན་ཞིང༌། ཕོལ་ནད་ལ་ཙན་དན་དཀར་པོ་དང་སྐྱེར་ཁཎྜ་སྦྲང་དང་སྦྱར་བ་བྱུག་པ་དང༌། ཙན་དན་དཀར་པོ་དང་ཀ་ར་ཆུར་སྦྱར་བ་ཁོང་དུའང་བཏང༌། མ་ཞི་ན་ཕུག་རོན་བྲུན་སེར་ཙམ་བརྔོས་ལ་ནུ་ཞོས་བྲན་པ་བྱུགས་པས་རྣག་ཏུ་བཀུག་ལ་རུས་མཛེར་ལྟ་བུས་དབུག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་བྱིས་པའི་ནད་གསོ་བའི་ལེའུ་བདུན་ཅུ་རྩ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།