སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བྱིས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་རླུང་མཁྲིས་བད་ཀན་ལ། །རྐྱེན་ནི་མ་ཡི་རྐྱེན་དང་བུ་རྐྱེན་གཉིས། །དང་པོ་མ་རྐྱེན་མ་ཡིས་ཟས་སྤྱོད་གང་འཕེལ་བའི། །མ་ཡི་རླུང་མཁྲིས་ཁྲག་དང་བད་ཀན་ནད། །བུ་ལ་ལྷུང་དང་མི་གཙང་གདོན་རྐྱེན་གྱིས། །འོན་ལོང་དིག་པ་ཞ་སྒུར་ཤོར་སོགས་འབྱུང༌། །འདི་རྣམས་ལྷན་སྐྱེས་ནད་ཡིན་གསོར་མི་ནུས། །གཉིས་པ་བུ་རྐྱེན་གདོན་དང་སྤྱོད་ལམ་ཁ་ཟས་གསུམ། །དང་པོ་གདོན་རྐྱེན་མང་ཡང་ཁྱད་པར་བྱིས་གདོན་བཅུ་གཉིས་ཡོད། །ལས་མཁན་རྣམས་ཀྱི་ཕོ་ཉ་རྒྱལ་འགོང་ཕོ་སྟེ་བཀོར་བདག་བསེན་མོ་སྟེ་གསོན་འདྲེ་མ་གཉིས་ཀྱིས་བྱེད། །གཉིས་པ་སྤྱོད་ལམ་མ་དང་བུ་རྫི་མ་བཟོ་བས། །ལྷུང་ངམ་བརྡབས་སམ་སྤྲུགས་དང་བསླང་སྔས་དང༌། །ལྟེ་བ་འཐེན་དང་ངུ་དྲགས་རླན་དྲགས་དང༌། །གསུམ་པ་ཟས་སྐོམ་ཚ་ཆེས་བསིལ་ཆེས་བསྟེན་དྲགས་པས། །བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་སྐྱེད།།

སྤྱི་དོན་གཉིས་པ་དབྱེ་བ་ལྷན་སྐྱེས་ནད་དང་གློ་བུར་གཉིས། །དང་པོ་མ་ནད་བུ་ལ་ལྷུང་བ་ལྷན་སྐྱེས་ཡིན། །གཉིས་པ་གློ་བུར་ནད་ལ་ཕྲ་རགས་ཞིབ་ཚགས་གསུམ། །དང་པོ་རགས་པ་བྲང་དང་གློ་མཆིན་འཁྲུ་སྐྱུག་དང༌། །རིམས་དང་ལྟེ་བ་རྡེའུའི་ནད་དང་བརྒྱད། །གཉིས་པ་ཕྲ་བ་མགོ་སྐྲངས་གྲེ་བ་འགགས་པ་དང༌། །མཆེར་མཁྲིས་ཕོ་ལོང་ས་ཟོས་ཞོ་རས་བརྒྱད། །གསུམ་པ་ཞིབ་ཚགས་མིག་དང་རྣ་བ་ཁ་ནད་དང༌། །རྨེན་བུ་སྲོག་རྩ་ཤ་ནད་ཤ་ནད་དང་སྲིན་ཕོལ་གཉིས་ས་བཅད་སྔ་ཕྱི་ལྡོག་ལ་སྲི་ཕོལ་བརྒྱད།།

སྤྱི་དོན་གསུམ་པ་བརྟག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །འཚོ་འཆི་བཏང་གཅོད་ཁ་དམར་གདགས་དང་གསུམ། །དང་པོ་སྤྱི་རྟགས་རྟག་ཏུ་ངུ་ལས་ནར་ཤེས་བྱ། །གང་ནར་འཇུ་དང་དེར་མནན་ན་བ་དང༌། །མིག་འབྱེད་དཀའ་ཞིང་ངོ་ནག་དང་ག་འགག །རྩེད་མོ་མི་རྩེ་དབུགས་མི་བདེ་བ་དང༌། །སྐད་གཉའ་སྐད་ཀྱི་གདངས་ཞན་པ་འཁུན་ཞིང་སེན་མོ་རྣོ་བའོ། །གཉིས་པ་ཁྱད་པར་དང་པོ་བརྟག་པའི་བྲང་ནད་རྒོད་གཡུང་ཚ་གྲང་གཉིས་ལས་དང་པོ། །བྲང་རྒོད་ཚ་བ་བྲང་དང་རོ་སྟོད་སྐྲངས། །ལུས་ཚ་ནུ་མ་མི་འདོད་ངུ་བ་དྲག །མགོ་དང་རོ་སྟོད་ཕྱིར་འདོན་ལྟག་པ་དགྱེ། །འཕར་རྩ་དང་འཕར་དོན་སྣོད་ཀྱི་ཡུལ་སྒོ་དྲག་ལ་མིག་གི་ཨ་འབྲས་བཟློག །ཁ་ལྕེ་སྐམ་ལ་དྲེག་པ་ཆགས་པ་དང༌། །རྟིང་པ་འཛུགས་པ་མི་ཤེས་ཧྲེང་ཧྲེང་རྨྱང༌། །བྲང་དེ་གློ་དང་བསྡོངས་ན་ལུད་པ་ལུ། །ཕོ་བར་བསྡོངས་ན་མིག་སྤྲིན་སེར་སྟོང་སྐྱུགས་བྱེད། །གཉིས་པ་བྲང་གཡུང་གྲང་བ་དབུགས་བདེ་ཉད་ཉོད་མང༌། །ཁ་འཛུམ་མི་ཤེས་མཇིང་རེངས་རོ་སྟོད་གྱོང༌། །གཉིས་པ་གློ་ནད་ཚ་གཟེར་ཚ་སུབས་ཐང་པོ་གསུམ། །དང་པོ་ཚ་གཟེར་རྩ་གྲིམས་འཐིབས་ཆེ་གཏིང་ནས་འཁུན།  །དབུགས་ཐུང་གློ་ལུ་ཁ་མིག་བཙུམས་ནས་ལུ། །ལུད་པ་འགོག་ལ་སྙིང་བརྡུངས་སྐྱུག་མི་ཤེས།  གཉིས་པ་ཚ་སུབས་འགོག་ཏུ་མི་འདོད་དྲག་ཏུ་ལུ། །ལུས་པོ་ཚ་ལ་རྩ་དང་འཕར་སྒོ་དྲག །གློ་བསྟུད་འོང་ཞིང་འོང་དུས་རང་གི་བྲང་དང་མ་ལ་འབྲད། །རྗེས་ལ་ལུས་རྔུལ་འཁུན་ཞིང་སྐྱུག་ཚུལ་སྟོན། །གསུམ་པ་ཐང་པོ་གློ་ནད་རྙིངས་པ་རླུང་ལྡན་ཏེ། །དྲག་ཏུ་ལུ་ཞིང་ལུད་པ་འགོག་རྒྱུ་མེད། །མིག་དང་མཆུ་སྐྲངས་ལྕེ་རྙིལ་དཀར་བའོ། །གསུམ་པ་མཆིན་པའི་ནད་ལ་ཚ་བབས་གྲང་བབས་གཉིས། །དང་པོ་རྒོད་བབས་ཚ་བ་མཆིན་སྣ་ཕྲ་ལ་འཕར། །རྩ་རྒྱུག་ཆུ་ཚ་དབུགས་རྒོད་ཕོ་སྟོད་གྲང༌། །ལུས་ཚ་གཡལ་བར་འདོད་ལ་གཡལ་མི་ཐོན། །མཆུ་དང་རྙིལ་ལ་དྲེག་པ་ནག་པོ་ཆགས། །མིག་དམར་སྣ་སྒོ་སྐམ་ལ་ལྕེ་གཞུང་སེར། །རེའུ་སྐད་འབྱིན་ཞིང་རྣ་རྩ་ནག་ལ་སྦོམ། །གཉིས་པ་གཡུང་བབས་གྲང་བ་རྩ་དལ་ཆུ་ཡང་གྲང༌། །ལག་པ་འཇིབ་ཅིང་ལྕེ་མུར་སྟོང་ལྡད་བྱེད། །དྲོད་ཆུང་མཆིན་སྣ་མི་འཕར་མདན་ཤིག་འཕྲུག །ནུབ་མོ་ངུ་ཞིང་ངུ་སྐད་ཕྲ་ལ་འཛེར། །ཤ་མདོག་སྔོ་སེར་མཆིན་སྣ་སྲབ་ལ་རིང༌། །དེ་རྣམས་ལ་སྤྱི་རྟགས་ཚ་གྲང་གཉིས་པོ་གང་བབས་ཀྱང༌། །མིག་སྔོ་གྱེན་ལྡོག་བྱད་དང་རྐང་ལག་གི་མཐིལ་བཞི་སེར། །ལུས་ལྕི་རྔམ་པ་རིང་ཐུང་ལྡང་དུབ་ན། །འཁུན་ཞིང་སྔ་དྲོ་བདེ་ལ་དགོང་དུས་ན། །མཆིན་པས་ཕོ་བ་མནན་པས་འཁྲུ་སྐྱུག་བྱེད། །བཞི་བ་འཁྲུ་བའི་ནད་ལ་ཚ་འཁྲུ་གྲང་འཁྲུ་གཉིས༌།  དང་པོ་ཚ་འཁྲུ་དབུགས་ཐུང་རྩ་དང་འཕར་སྒོ་དྲག །བཞིན་སྣུམ་ཕྱི་ཚད་ཆེ་ལ་ཤེས་པ་འཐིབ། །འཁྲུ་མདོག་དམར་སེར་ལྗང་གུ་དུད་ཁུར་འཁྲུ། །གཉིས་པ་གྲང་འཁྲུ་དབང་པོ་གསལ་ལ་འཕར་སྒོ་དལ། །འཁྲུ་མདོག་ནུ་ཞོ་རྩམ་མདོག་སྐྱ་བོར་འཁྲུ། །རྒྱུ་ལོང་འཁྲོག་ཅིང་ལྦུ་བ་སྒྲ་བཅས་འཁྲུ། །ལྔ་བ་སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །དང་པོ་ཚ་བས་སྐྱུག་པའི་ནད་རྟགས་ཚ་བར་འབྱུང༌། །ཁྲག་གམ་མཁྲིས་པར་སྐྱུག་པ་ཚ་བ་ཡིན། །གཉིས་པ་གྲང་བས་སྐྱུག་པ་ཞོ་འཐུངས་སྐྱུག་པ་དང༌། །རྩམ་པ་མ་ཞུ་གང་ཟོས་སྐྱུག་པ་དང༌། །ལྦུ་བ་བད་ཀན་སྐྱུག་ཅིང་ཕྱི་རྟགས་གྲང༌། །དྲུག་པ་རིམས་ནད་མེ་ལྟར་ཚ་ཞིང་འཕར་རྩ་རྒྱུག །ངུ་འཚིག་རྔུལ་འཐིབས་བ་སྤུ་ལོག་པ་དང༌། །སྐོམ་འདོད་རྨྱོང་ཞིང་ཁ་སྣ་ལག་པས་སུབ། །བདུན་པ་ལྟེ་ནད་ལ་ལྟེ་མཁྲང་ལྟེ་འཁོར་ལྟེ་མཁྲེགས་དང༌། །ལྟེ་རྣག་བཞི་སྟེ་དང་པོ་ལྟེ་མཁྲང་ནི། །ལྟེ་འབུར་རྐང་པ་སྡུད་ལ་རྐྱོང་མི་ཤེས། །གྲང་ནད་རྟགས་ལྡན་ངུ་སྐད་གཅོད་སྡོམ་བྱེད་ངུ་འཕྲལ་གཅོད་ཅིང་འཕྲོ་བཅད་འཕྲལ་ངུ་བ།། །གཉིས་པ་ལྟེ་འཁོར་སྨུག་པོར་སྐྲངས་འབུར་རེག་མི་བཟོད། །གསུམ་པ་ལྟེ་མཁྲེགས་སྨུག་ཅིང་སྲ་ལ་ཏྲེབ་བེ་ན། །བཞི་པ་ལྟེ་རྣག་ལྟེ་བ་ཆད་ཤུལ་རྣག་ཞུགས་ནས། །ཁུང་བུར་ཟོས་ནས་རྒྱུ་ལོང་ལུག་པར་བྱེད། །བརྒྱད་པ་རྡེའུའི་ནད་ལ་ཕུགས་རྡེ་ལམ་རྡེ་གཉིས། །དང་པོ་ཕུགས་རྡེ་ལ་ཡང་འཕྱོ་རྡེ་ཟུག་རྡེ་གཉིས།  གཉིས་པ་ལམ་རྡེ་ཆུ་ལམ་རྡེ་འུས་འགགས་པ་ཡིན། །དྲི་ཆུ་མི་ཐོན་མཚན་མ་ཆུ་རྐྱལ་འདྲ། །དང་པོ་འཕྱོ་རྡེ་འོང་བའི་འཕྲོ་ལ་འཕྲལ་དུ་འགག །ཆུ་ཡི་གསེབ་ཏུ་ཤ་ཡི་ནལ་ནོལ་འོང༌། །གཉིས་པ་ཟུག་རྡེ་ཁ་ལ་ཟུག་ན་ན་ལ་སྲི། །ཕུགས་སུ་ཟུག་ན་མི་སྲི་ན་ལ་གཟེར། །དེ་རྣམས་གང་ཡང་སྤྱི་རྟགས་ཆུ་སྲི་ཡང་ཡང་འཛག  །ཟུག་ཆེ་ཁུ་ཚུར་འཆང་ངམ་འབྲད་ཅིང་ངུ༌། །མགོ་འདར་སོ་སྡོམ་ལྒང་པ་རྒྱས་པར་འགྱུར།  གཉིས་པ་ཕྲ་བའི་དང་པོ་བུ་ཆུང་མགོ་བརྡབས་རྒྱ་ཞིག་སྐྲངས་པ་ན། །རྣག་ཡོད་བཞིན་དུ་མར་མེར་སྐྲངས་པར་བྱེད།  གཉིས་པ་གྲེ་བ་འགགས་ན་སྐད་འཛེར་ཁ་ཆུ་མང༌། །གསུམ་པ་མཆེར་པའི་ནད་ནི་ཁོང་ལྕི་ལྡང་དུབ་བྱེད། །ནུ་མ་སོས་འདེབས་བག་རེ་རྔུལ་དུ་འོང༌། །བཞི་བ་མཁྲིས་ནད་རྣ་རྒྱབ་ཤ་མདངས་སེར་ལ་དྭངས། །རྩ་གསལ་ལྕེ་སྐྱ་སེན་མོ་ནག་ལ་རིང༌། །ཁ་ཟས་བྱིན་ན་མི་ཟ་འདོད་ཚུལ་བྱེད། །དང་པོ་ཕོ་བའི་ནད་ནི་ཤ་ཆུང་དྲེག་པ་ཆགས། །ཁ་ཟས་འཇུ་དཀའ་ཕོ་བ་སྐྱེ་འབྲི་རེས་ཆེ་རེས་ཆུང་བྱེད། །དྲུག་པ་ལོང་ནད་འཁྲོག་འུར་སྒངས་འཁུན་འཕེལ་འབྲི་བྱེད། །བདུན་པ་ས་ཟོས་བྱིན་པ་ས་ཟོས་པ་ཕོ་བར་འཁར་བ་ཕོ་བ་སྐྲངས་པ་ལྟར་སྒངས་ཤིང་དྲི་མ་འགག་ཡང་ན་འཁྲུ་སྐྱུག་བྱེད།བརྒྱད་པ་ཞོ་རས་ནད་ལ་རླུང་མཁྲིས་བད་ཀན་གདོན། །དང་པོ་རླུང་གྱུར་མའི་ནུ་ཞོ་ཆུར་བླུག་པས་ལྦུ་བཅས་ཆུ་སྟེང་འཕྱོ། །དེ་ཡིས་ཕོ་བ་སྦོ་སྐྱུག་བཤང་གཅི་སྲི། །གཉིས་པ་མཁྲིས་གྱུར་མའི་ནུ་ཞོ་སེར་སྣང་རོ་སྐྱུར་ཚད་པ་སྐྱེ། །གསུམ་པ་བད་ཀན་མའི་ནུ་ཞོ་སྔོ་ནལ་ཆུར་འབྱིང་མ་ཞུས་སྐྱེད།  བཞི་བ་ཆུ་ནང་དུ་མའི་ནུ་ཞོ་བྱུང་བ་ཚོམ་བུར་ཆད་ན་གདོན་ངོ་ཡོད་པ་ཡིན། །ནུ་ཞོ་སྐྱོན་མེད་ནི། ཡན་ལག་བརྒྱད་པར། གང་ཞིག་ཆུ་ནང་གཅིག་ཏུ་འདྲེས། །ཉེས་པ་ཡོད་མེད་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །ཞེས་གསུངས་སོ།གསུམ་པ་ཞིབ་ཚེགས་ཀྱི་དང་པོ་མིག་གི་ནད་ལ་དང་པོ་སྒྲ་ངན་འདི་ལ་བྱིས་པ་སྐྱེ་དུས་ནས་མིག་ནད་ཅན་དུ་བྱུང་ན་པྲ་མཚན་ངན་པས་པྲ་ངན་ཟེར། བློ་བུར་དུ་བྱུང་ན་སྒྲ་ངན་ཟེར་མཁས་པས་མ་གསུང་བ་ཞིག་འདུག་གོ །འཕྲལ་ཚག་གཉིས་འགྲེལ་པ་འདོད་འཇོར་པྲ་ངན་ཞེས་འདོད་དགོས།ལེགས་ཉེས་ཀྱི་པྲ་ངན་པའི་དོན་ཏེ་ཞེས་བྱང་བ་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་ངོ་། །སྐྱེ་དུས་ནས་ཚོགས་ན་པྲ་ངན་དང་རྗེས་སུ་བྱུང་ན་ཕྲལ་འཚགས་སུ་འདོད་དགོས་ཞེས་འབྱུང་ངོ་། །དེ་གཉིས་མིག་དམར་ཚ་ཞིང་མཆི་མ་འཛག །གཉིས་པ་རྣ་བའི་ནད་ལ་ལྷན་སྐྱེས་ཡིན་ལ་མ་རླུང་བུ་ལ་ཤོར་བ་འགྲམས་པ་གློ་བུར་དུ་གཉིས། །དང་པོ་མ་རླུང་རྣག་འཛག་འོན་པར་འགྲོ་གཉིས་པ་འགྲམས་པ་རྣ་རྩ་སྐྲངས། །གསུམ་པ་ཁ་ཡི་ནད་ལ་བཙའ་ཐོར་འདི་ལྷན་སྐྱེས་ན་ཚ་འདོད་པའི་ཐོར་པ་འོང་བསེན་ཐོར་གཉིས། །བཙའ་ཐོར་ནད་ཟུག་མེད་ལ་ཐོར་པ་འོང༌། །བསེན་ཐོར་ཐོར་པ་དཀར་ལ་ཚ་བ་སྐྱེ། །བཞི་བ་རྨེན་བུ་རྐང་ལག་འཁུམས་ནས་རྐྱོང་མི་ཤེས། །ལྔ་བ་སྲོག་རྩའི་བང་ཆེན་ཆུ་སེར་ཞུགས་པས་མིག་སྐྱ་ཤ་སེར་སྐམ། །དྲུག་པ་སྲིན་ནད་ལྡང་དུབ་ཆེ་ལ་ཡན་ལག་རྣམས་སྐུམ་སྐུམ་བྱེད། །མི་སྐད་ཁྱི་སྐད་ལ་ངུ་ནད་ཟུག་ལྡང༌། །བདུན་པ་ཤ་ནད་ལྕེ་མུར་ལག་པའི་མགོ་བོ་འཇིབ། །སེར་ཤའི་མོང་སེར་པོ་ཚོད་མ་འདྲ་བ་རྒྱུན་དུ་འཁྲུ། །བརྒྱད་པ་ཕོལ་ནད་འཕོངས་ཀྱི་རྩར་སྐྲངས་རྣག་ཏུ་འགྱུར། །གསུམ་པ་འཚོ་འཆི་བཏང་གཅོད་ཁ་དམར་གདགས་པ་ནི། །རྐང་ལག་མཐིལ་བཞི་དཀར་ལ་ཧྲིད་པ་དང༌། །རྣ་བ་སྐམས་ཤིང་མགོ་ལ་འབྱར་བ་དང༌། །སྣ་བུག་སྐམས་ལ་བ་རྒྱ་སྣའི་ཕྱི་ནང་དུ་བ་མོ་ལྟ་བུ་སྐྱ་ཁོབ་དང་སྡོམ་རྒྱ་འདྲ་བ་ཆགས་པ་དང༌། །མིག་གི་མདངས་ཤོར་ཁུང་དུ་བྲོས་པ་དང༌། །ལྟག་པར་མིག་བལྟ་བ་ཞིང་ལྟར་ཨ་འབྲས་ལྡོག་པ་འཛུམ་མི་ཤེས་པ་དང༌། །ལྕེ་ནི་སྐམ་ཞིང་ཐུང་ལ་སོ་དྲེག་ཆགས། །ཕོ་བ་རྡོ་ལྟར་སྲ་དང་ཟོས་ཚད་སྐྱུག །དབུགས་ཐུང་གྲེ་བ་གསོག་ཅིང་ངར་བ་དང༌། །འཁྲུ་བ་ཆུ་ལྟར་འབྲུབ་དང་ནུ་མ་ཤོར།  །མགོ་སྲུབས་བྱེ་དང་ལྤགས་མདོག་གསེར་ལྟར་སེར། །ཤ་ལྤགས་སྦོས་དང་ཕོ་བ་ཆུ་ཡིས་ཁེངས།  །མཆིན་པས་ཟུངས་ཤོར་ནས་ཐུར་དུ་འཕྱང་བས་ལྟེ་བར་སླེབ་ན་མི་འཚོ་སྤང༌། །མིག་ལྕེ་ལ་སོགས་སོགས་ཁོངས་སུ་ལས་ཀྱི་དབང་པོ་མཚན་མ་དང་ཡན་ལག་ཐམས་ཅད་བསྡུ་དགོས་དབང་པོའི་ཐམས་ཅད་ཀྱི་བཀྲག་མ་ཤོར། །དབུགས་བདེ་རྩ་དལ་མཐིལ་བཞི་དམར་བ་དང༌། །ནུ་མ་ཟས་ལ་སྲེད་ལ་སེན་མོ་འདྲུག །སྨན་ལེན་གསོས་སྐྱེད་ཆེ་ན་བླང་བར་བྱའོ།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་དུས་གསུམ་ཟས་སྤྱོད་སྨན་དཔྱད་བཞི་གསུངས་ཀྱང་བཞི་ཆད། །དང་པོ་མའི་ནུ་ཞོ་འཐུང་བའི་དུས་ན་སྨན་དཔྱད་གང་དགོས་མ་ལ་བྱ། །ཟས་གཞན་དང་ནུ་ཞོ་འདྲེས་མར་ཟ་བའི་དུས་ན་མ་བུ་གཉིས་ཀ་ལ། །ནུ་ཞོ་སྤངས་ཟས་གཞན་ཟ་བའི་འི་དུས་ན་སྨན་དཔྱད་བུ་ལ་བྱ། །གཉིས་པ་ཟས་ནི་ཡང་ཞིང་འཇུ་སླ་བྱིན་པ་དང༌། །གསུམ་པ་སྤྱོད་ལམ་ངུ་རུ་མི་གཞུག་གྲང་མི་བྱ། །བཞི་བ་སྨན་གྱིས་བཅོས་པ་ཞི་དང་སྦྱང་བ་གཉིས། །དང་པོ་ཞི་བྱེད་བཟང་ཞིང་འཇམ་ལ་འཇུ་སླ་བ། །ཀར་བུར་ཁ་བླངས་མངར་ཤས་ཆེ་བ་བྱིན། །གཉིས་པ་་སྔོ་ཐང་བཤལ་སྨན་ལ་སོགས་རྩུབ་མོ་རྣམས། །ལེགས་པར་བསྡུས་ཁུ་འཇམ་ཞིང་འཇུ་སླ་བསྟེན། །བཤལ་རྗེས་འབྲས་ཀྱི་ཚོད་མ་ཤིས་པ་ཡིན། །ལྔ་བ་དཔྱད་ཀྱི་བཅོས་པ་གཏར་བསྲེག་ཆུ་ལྕག་འདྲེན། །དང་པོ་གཏར་ག་གང་ཐེབས་རྩ་ཁ་ཕྱེ་ཙམ་སྟེ། །ལོ་མ་ལོན་ན་ལག་མགོ་ཁྲག་ཐོན་གཏར། །གཉིས་པ་མེ་བཙའི་སྤྲ་བ་སྲན་མ་སྦོས་པ་ཙམ། །གསུམ་ལས་མི་མང་སྐྱི་ཚོས་ཙམ་གྱིས་ཆོག །གསུམ་པ་ཆུ་ལྕག་སྐར་ཆུ་བུམ་པར་བླུག་པས་བསྒྲེང༌། །བཞི་བ་མས་འདྲེན་ལོ་མ་ལོན་ལ་རེང་བུ་བྱ།  །ལོ་ལོན་པ་ལ་ནི་རུ་ཆུ་སྲང་གཅིག་ལག་མཐིལ་གང་། །དེ་ནས་ལོ་རེ་ལོན་གྱིན་སྲང་རེ་བསྐྱེད། །སྨན་དཔྱད་དྲག་པོ་མི་བྱ་འཇམ་མོས་བཅོས་ཡན་ལག་བརྒྱད་པར། གནོད་དང་གནོད་བྱ་དེ་ཉིད་དང་།རིམས་སོགས་ནད་ཀྱང་དེ་ཉིད་འབྱུང་།  །དེ་བས་སྨན་ནུ་དེ་ཉིད་དེ། །གཞོན་ཤ་ཅན་ལུས་ཆུང་བའི་ཕྱིར། །ཟས་ཀུན་རྟེན་པར་མི་བྱེད་པས། །འདི་ཡི་ཚད་ནི་ཉུག་ངུ་སྦྱིན། །ཞེས་གསུངས་སོ། གཉིས་པ་བྱེ་བྲག་བཅོས་ཐབས་རགས་པའི་དང་པོའི་དང་པོ་བྲང་ནད་ཚ་བ་ལ། །ཟས་སྨན་སྐྲངས་ལ་ཆུ་མདའ་བརྡེག་སྐྲངས་སོབ་ནས་དྲུག་མགོ་གཏར་དང་མེ་བཙས་བཅོས། །ཟས་སུ་ཤ་མར་གསར་པ་ཞོ་དར་བཏང༌། །དྲོད་བཅུད་མི་བཏང་སྨན་དུ་ག་བུར་དང༌། །ཅུ་གང་གུར་ཀུམ་ཙན་དན་ཀར་སྦྱར་བཏང༌། །གློ་ལ་ག་དུར་ཕོ་བར་སུག་སྨེལ་བདེ་བྱེད་ཆུང་ངུ་སྦྱར་དེས་མ་ཞི་འབྲིང་པོ་བསྣན། །སྐྲངས་ན་ཆུ་མདའ་བྲན་ཞིང་དྲུག་འགོ་གཏར། །སྟོད་དུ་སྐྲངས་ན་སྤྱི་གཙུག་བྱ་རོག་མིག་དཀར་ནག་མཚམས་ནས་གྱེན་དུ་མཚོན་གང་བཅལ། དེ་ནས་གཡས་གཡོན་དུ་མཚོན་རེ་ཕུན་རེ་བཅལ་བ། དཔལ་ཁབ་དེ་སྟེང་མཚོན་གང་བཅལ་བ་ཐུག་ཁབ། དེ་སྟེང་མཚོན་གང་བཅལ་བ་བྱ་རོག་མིག།  །སྐེ་སྟོང་ཙ་ར་ཁུང་ནས་ཐུར་ཚོན་དོ་གཞལ་་བའི་ས་དེ་རུ་བསྲེག །སྨད་དུ་སྐྲངས་ན་སྙིང་རྩེ་དཀར་ནག་མཚམས། །གློ་ལ་ལྔ་པ་ཕོ་བ་ལྷེན་གསང་བསྲེག །བྲང་ནད་ཤིན་ཏུ་རྙིངས་ཏེ་ཤ་མདོག་སེར། །ཁོང་སྙོམ་འགུལ་ན་ངུ་ཞིང་མ་ལ་འཆང༌། །འཁུན་ཞིང་ནུ་མ་ཙེ་གུར་བཅད་ཅིང་འཐུང༌།  །དེ་ལ་ཙན་དན་གི་ཝཾ་བསིལ་ཅུ་གུར་ལི་གསུམ་སྦྱར། །རྗེས་ལ་ཚིགས་པ་བདུན་དང་ལྷེན་སྣ་བསྲེག །གཉིས་པ་བྲང་ནད་གྲང་བ་ཛཱ་ཏི་སུག་སྨེལ་དང༌། །ལ་ལ་ཕུད་ཀྱི་ཐང་བཏང་ཤིང་ཀུན་དང་། །དོང་གྲ་ཁ་རུ་ཚྭ་དང་བུར་དཀར་སྦྱར། །ཟས་ནི་བསིལ་དྲོད་ཁྲེའུར་རེས་མོས་བཏང་བར་བྱ། །ཆུ་མདའ་མི་བྱ་སྣུམ་ནན་ཚན་དོ་བྱ། །མེ་ནི་གོང་གི་སྟེང་དུ་བཞི་པ་བསྲེག །མཇིང་པ་རེངས་ན་ལྟག་པའི་སྡུད་སྒོ་བསྲེག་པར་བྱ། །མདོར་ན་སྨན་གཏར་ཆུ་ཡིས་ཚ་བ་གདོན། །དེ་རྗེས་མེ་ཡིས་བསྲེག་པ་མཆོག་ཏུ་ཤིས།  གཉིས་པའི་དང་པོ་ཚ་གཟེར་གློ་ལ་གསོ་ཐབས་ཞི་སྦྱང་གཉིས། །ཧོང་ལེན་བོང་ང་དཀར་པོའི་བསྡུས་ཁུ་ལ། །གི་ཝཾ་གུར་ཀུམ་གླ་རྩི་ཤུ་དག་དཀར། །སྦྲུལ་ཤ་རུ་རྟའི་ཕྱེ་མ་སྦྱར་ལ་བཏང༌། །ཨ་རུ་ཧོང་ལེན་དུར་བྱིད་བསྡུས་ཁུ་ལ། །ཤ་ཆེན་གླ་རྩི་བཏབ་ལ་འཁྲུ་རུ་གཞུག །དེས་མ་ཐུབ་ན་ཕྱི་རྒྱུད་ལྟར་ག་བུར་ཅུ་གང་ཙན་དན་རྒྱལ་བློན་གསུམ། །གཉིས་པ་ཚ་སུབས་ནད་ལ་སྨན་དང་གཏར་གྱིས་བཅོས། །གུར་ཀུམ་ཤུ་དག་ཅུ་གང་ཀར་སྦྱར་བཏང༌། །ཤིང་མངར་སྲོ་ལོའི་ཐང་བཏང་ག་བུར་དང༌། །ལི་ཤི་སུག་སྨེལ་འབྲས་ཨ་བར་སྐྱུར་གསུམ་ད་ཏྲིག་དང༌། །ཅུ་གང་གུར་ཀུམ་གི་ཝཾ་རྒུན་འབྲུམ་དང༌། །ཤིང་མངར་ཀ་ར་སྦྱར་བཏང་སྨན་དེ་ཞུ་དུས་གདོང་བྱིབས་ཀ་རྔུལ་མང་དབྱུང༌ཐོན་ནས་བལ་གྱིས་ཕྱེས། །གཏིང་ཐོན་དཀའ་ན་ཅུ་གང་གུར་ཀུམ་དང༌། །ཙན་དན་དཀར་དམར་བསེ་རུ་ཤིང་མངར་མཚལ། །ལི་ཤི་སུག་སྨེལ་སྲ་འབྲས་ད་ཏྲིག་དང༌། །སྟར་བུ་རུ་རྟ་སྒ་སྐྱ་པི་པི་ལིང༌། །འདམ་བུ་ཀ་ར་ནས་སྔོན་པོ་འབྲུ་བདུན་རྣམས། །ཞོ་ལ་བཏབ་ཀྱིན་རྒྱུན་དུ་བསྟེན་པར་བྱ། །སྣོད་ཀ་རུ་ཐུང་ཁྲག་དང་སྦྱར་ལ་གཏར་ཟུངས་ཁྲག་མི་གཏར་ནད་ཁྲག་གཏར་བའོ། །ཚ་སུབས་རྒས་ནས་ལུད་པ་རྣག་ཅན་ལ། །བྱ་བོ་ཙི་ཙི་སྲོ་དམར་པོའང་ཟེར་བང་རུ་བ་ཡང་ཟེར་མེ་ཏོག་སྔོན་པོ་ཅན་ནོ།། སྟར་བུ་ཤིང་མངར་དང༌། །སུག་སྨེལ་ཀ་ར་སྦྱར་བས་རྣག་རྣམས་དྲང༌། །ཙན་དན་དཀར་པོ་བསིལ་ཅུ་གུར་ལི་གསུམ་བསེ་རུས་རྣག་ཚད་སྐེམ། །རོ་སྟོད་ཆུས་བྲན་གསར་འཇམ་ཟས་ཀྱིས་བཅོས། །གསུམ་པ་རླུང་གློ་ཐང་པོ་སྨན་ཟས་བཤལ་མེས་བཅོས། །སྨན་ནི་ད་ཏྲིག་ཀ་ར་པི་པི་ལིང་། །མར་གསར་སྦྱར་བའི་ལྡེ་གུ་བཏང་བ་དང༌། །ཅུ་གང་ཤིང་ཚ་སུག་སྨེལ་པི་པི་ལིང་། །མར་གསར་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། །ག་དུར་ཛཱ་ཏི་ཤིང་ཀུན་བུར་དཀར་བྱིན། །མར་དཀར་བུར་དཀར་ལུག་ཤ་གསར་འཇམ་བཏང༌། །སྐྱེད་ཆུང་ལུས་སྐྲངས་སྤོས་དཀར་དུར་ཤིད་ཨ་བར་སྐྱུར་གསུམ་བཤལ་གྱིས་སྦྱང༌། །དེ་རྗེས་གློ་གསང་ཚིགས་པ་བཞི་ལྔ་བསྲེག །གསུམ་པའི་དང་པོ་མཆིན་ནད་ཚ་བ་ཟས་སྨན་གཏར་བ་དང༌། །བཤལ་དང་མེ་བཙའ་ཆུ་ཡིས་བཅོས་པར་བྱ། །ཁ་ཟས་མ་བུ་གཉིས་ཀ་དྲོད་བཅུད་སྤང༌། །ཤ་གསར་མར་གསར་ཞོ་དར་བསྟེན་པར་བྱ། །སྨན་དུ་ཏིག་ཏ་བ་ཤ་ཀ་བསྡུས་ཁུར། །བྲག་ཞུན་དུལ་མ་སྦངས་ལ་མང་དུ་བླུད། །ཨ་རུ་སྐྱུ་རུ་བསྡུས་པའི་ཁུ་བ་ལ། །གུར་ཀུམ་གསུམ་འདི་མངར་རིས་ནས་འོང་བའི་གུར་གུམ་བཟང་ཤོས་དེ་དང་ཨ་ཙ་རས་ཁྱེར་འོང་བའི་དམར་ལེ་བརྒན་ཙེ་དང་པྲི་ཡང་ཀུ་དང་གསུམ་ཡིན་བཏབ་ཀར་སྦྱར་བུ་ལ་བླུད། །ག་བུར་ཅུ་གང་གུར་ཀུམ་རུ་རྟ་དང༌། །མ་ནུ་འཇིབ་རྩི་ཀ་ར་དཀར་སྦྱར་བཏང༌། །ཡང་ན་གུར་ཀུམ་ཅུ་གང་བྲག་ཞུན་དང་། །ཛཱ་ཏི་དོམ་མཁྲིས་ཏིག་ཏ་ཨ་རུ་ར། །ཀ་ར་དཀར་པོ་སུམ་འགྱུར་སྦྱར་ལ་བཏང༌། །ཡང་ན་གུར་ཀུམ་གི་ཝཾ་ཨ་རུ་ར།  །ཀ་ར་སྦྱར་བཏང་ས་བཅད་གསུམ་པ་གཏར་ག་འོག་ཏུ་འདུག་པ་འདིར་དྲངས་སྐྱེད་ཆུང་ཨ་རུ་ར། །ཧོང་ལེན་དུར་བྱིད་བསྡུས་ཁུར་ཀར་སྦྱར་བཏང་། །སྐྱུག་ན་ཕུས་གདབ་འགྱིངས་ན་ནེ་རུ་ཧ་ནང་ལ་རེང་བུས་བྱས་ཀ་བསུ། །དམར་སེར་དྲི་ཆེ་ནི་རུ་ལུགས་སུ་དྲག་པོ་རང་མིན་པ་དལ་བུས་ཡུན་བསྲིངས་བས་སྦྱང༌། །དཀར་སྔོ་རྩམ་པ་ཞོ་འཁྲུ་མྱུར་དུ་བྱུང་ལ་གནོད་པས་བཅད། །འདི་ས་བཅད་གསུམ་པ་ཡིན་པས་བཞི་པའི་གོང་དུ་སྐྱིལ་རུ་ཐུང་སྣོད་ཀ་ལོང་རྩ་ཁྲག་སྦྱར་གཏར་ཟུངས་ཁྲག་མི་གཏར་ནད་ཁྲག་གཏར།། །ཆུ་མདའ་སྐར་ཆུ་བྲེ་རེ་ཙམ་ཕོ་སྟོད་ཚིགས་པ་དགུ་ལ་བརྡེག །ཡང་ན་ལྒང་ཕུག་ཆུ་ཡིས་བཀང་ལ་བདུག །དེ་ཡིས་མཆིན་སྣ་མི་འཕར་ཚ་སྟོབས་ཞི། །འདི་ནས་མཆིན་སྣ་སྦྲུལ་མིག་རྒྱུད་འདིའི་བྱང་ཁོག་རྨ་གསོ་བ་ལྟར། ཕོ་རྩ་སྦྲུལ་མིག་ཀ་བ་བོང་མེད་གསུམ། །སྦྲུལ་མིག་ལྷེན་སྣའི་གཡས་གཡོན་མཚོན་རེའི་ས་ར། །ཞེས་པ་དེའོ། དགུ་དང་བཅུ་གཉིས་བསྲེག །ཚ་བ་མ་ཆོམས་བསྲེགས་ན་མེ་དྲོད་སྐྱེད། །རྗེས་ལ་མ་བསྲེགས་མཆིན་པ་སར་མི་ཁྱོལ་རང་སར་མི་ཚུད། །དེས་ན་བསྲེག་པའི་དུས་ཚོད་ཤེས་པ་གཅེས་འདིའི་བར་ཆུ་མདའི་གོང་དུ་འགྲོ་དགོས།། །གཉིས་པ་གྲང་བབས་སྨན་ཟས་ལུམས་སྦྱང་མེ་ཡིས་བཅོས། །སྨན་དུ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་བསྡུས་ཁུ་ལ། །གུར་ཀུམ་ཅུ་གང་ཆུ་གྲང་དུ་བསིངས་ལ་བཏང་བར་བྱ། །སྒ་སྐྱ་ཛཱ་ཏི་སུག་སྨེལ་བསྡུས་ཐང་བཏང༌། །གླ་སྒང་གུར་ཀུམ་གི་ཝཾ་ཀ་ར་སྦྱར། །ཕྱི་རྒྱུད་ལྟར་རྒྱམ་ཚྭ་བཅའ་སྒ་ཨ་རུ་གསུམ་དང་ལྟག་པ་སྤྲད་ལ་བཏང༌། །ཡང་ན་ཛཱ་ཏི་སུག་སྨེལ་ཤིང་ཚ་སྒ། །བུར་དཀར་སྦྱར་བཏང་མ་བུ་གཉིས་ཀའི་ཟས། །མར་གསར་ཕྱེ་ཐུག་ཤ་གསར་ཚོ་ཁུ་བསྟེན། །ཤ་མར་རྙིང་པ་ཆང་སོགས་བཅུད་མི་བཏང༌། །སློ་ནོར་གྱི་བཙོ་དྲོན་མོ་ལ་ཤོ་མ་ཟེར་བའང་འདུག་སྤོད་སྒ་པི་ལ་ལ་ཕུད་བྲན་རུས་ཕྱེ་སྣུམ་ལྡན་ནམ། །མེ་ཏོག་སྣ་ཚོགས་ལུམས་ཀྱིས་བདུག་པར་བྱ། །དུར་བྱིད་ལྕུམ་རྩ་ཨ་རུ་སྔོན་བུ་བསྡུས། །ཐལ་ག་སོ་མ་ར་ཛ་བཏབ་ལ་བཏང༌། །གློར་བསྡོངས་སྤོས་དཀར་ཕོ་བར་མ་ནུ་བཏང༌། །མཁྲིས་བསྡོངས་སྒ་སྐྱ་སྨན་དང་བུ་རམ་སྤེལ། །ནད་སྟོབས་བྲི་ནས་དགུ་དང་བཅུ་གཉིས་དང་། །ལྟེ་ཟུར་མཆིན་སྣ་རྩིབ་ཐུང་གཉིས་པོ་བསྲེག །བཞི་བའི་དང་པོ་ཚ་འཁྲུ་ཟས་སྨན་གཏར་དང་ཆུ་ཡིས་བཅོས། །ཟས་སུ་ཚོས་པར་བཙོས་པའི་ཕྱེ་ཐུག་འབྲས་ཐུག་ཙེ་གུར་ཐུན་ཆུང་གྲང་མང་བཏང༌། །རྗེས་ལ་ཤ་གསར་ཚོ་མར་གསར་བཏབ་པའི་ཁུ་འོ་ཟན་བསྟེན། །སྨན་དུ་རྒྱུ་མ་བསྲུང་དང་ཚད་པ་གཞོམ། །འཁྲུ་བ་བསྐུལ་དང་བཅད་པ་བཞི་ཡིས་བཅོས། །རྒྱུ་སྲུང་ས་སྨྱག་ས་སྨྱག་སྔོན་པོ་འཇུག་པའི་རི་བྲོ་བ་དཀར་མདངས་ཡོད་པ་གླ་རྩི་བཏབ་པ་བཏང༌། །ནས་རྙིང་ཕྱེ་ཐུག་ནས་མར་གསར་བ་དམར་ཟལ་འོ་མ་རྒྱམ་ཚྭ་བཏབ། །རྒྱུ་མ་མི་འདྲུལ་སྲ་འཇམ་འདྲེད་པར་བྱེད། །ཚད་གཅོད་རྒྱུད་ཕྱི་མར་ག་བུར་རྒྱལ་བློན་གསུམ་པ་བཏང༌། །ཡང་ན་ཙན་དན་དཀར་པོ་ཆུ་ལ་བརྡར། །དེ་ལ་གུར་ཀུམ་གླ་རྩི་བཏབ་ལ་བཏང༌། །ཡང་ན་ཕྱི་རྒྱུད་ལྟར་ཨིནྡྲ་བཞི་ཐང་རྒྱུན་དུ་བསྟེན། །དམར་ན་བྲག་ཞུན་སེར་ན་གི་ཝཾ་ཙན་དན་བཏང༌། །སྨུག་ན་རེ་རལ་ལྗང་གུ་སྐྱེར་ཤུན་བཏང༌། །དུད་ཁུ་གླ་རྩི་ཟུངས་ཁྲག་བྱུང་ན་དོམ་མཁྲིས་བཅད། །འགྱིང་ཞིང་འཁྲུའམ་ཟུག་ཅན་ཙེ་གུར་འཁྲུ། །བུ་གསུམ་སྔོམ་བུ་ཁྲོམ་བུ་དོང་ག་ཨ་རུ་བསྡུས་ཁུས་འཁྲུ་བ་བསྐུལ། །ཐ་མར་ཚ་བ་ཆོགས་ནས་བཅད་པ་ནི། །ཕྱི་རྒྱུད་ལྟར་འཁྲུ་གཅོད་སྨན་རྣམས་འབྲས་ཐུག་བཏབ་ལ་བཏང༌། །ཡང་ན་ཞོ་བཙོས་བཏབ་བཏང་གྲོ་མའི་ཕྱེ་མ་བྱིན། །རུ་ཐུང་སྣོད་ཀ་ལོང་རྩ་གཏར་བ་དང༌། །ཆུ་ཡི་ལྕག་གིས་རྐང་ལག་གི་རྗེ་ངར་གྱི་ཉྭ་གཞི་བསྒྲང་བར་བྱ། །གཉིས་པ་གྲང་བས་འཁྲུ་ལ་བཟང་པོ་ལི་སུག་ཛཱ་ཀ་བཞི་པོ་སྦྱར། །ཛཱ་ཏི་སུག་སྨེལ་ད་ཏྲིག་སྲ་འབྲས་བཏང༌། །ཡང་ན་གཡག་རྒོད་ཁྲག་གཙོད་ཁྲག་བཙོས་ལ་བཏང༌། །སྤྱིན་བཟང་པོའི་ཆུ་ད་ཏྲིག་བཏབ་ནས་བཏང་བས་ཆད། །ཆད་དཀའ་བཅུ་གཉིས་པ་དང་ལྟེ་བ་བསྲེག །ལྔ་བའི་དང་པོ་ཚ་བས་སྐྱུག་པ་ཁྲག་ཏུ་འབྱུང་བ་ལ། །འདམ་བུ་ཀ་ར་ཛཱ་ཏི་ཙན་དན་དམར། །པུཀྵར་ཁམས་རུས་གླ་སྒང་མཚལ་དང་སྦྲང་སྦྱར་བཏང༌། །མཁྲིས་པར་སྐྱུག་ན་ལྕགས་ཀྱི་ཁུ་བ་ལྕགས་གཙང་མ་ལ་ཨ་རུ་བཏབ་པའི་ཆུ་དྲོན་ལ་ཞག་ཏུ་སྦངས་པ་བཏང༌། །གཉིས་པ་གྲང་བས་སྐྱུག་ན་ཛཱ་ཏི་སུག་སྨེལ་དང༌། །ད་ཏྲིག་སྲ་འབྲས་བུ་རམ་སྦྱར་བས་ཆད། །ཤ་གསར་ཚོ་ཁུར་ལ་ལ་ཕུད་བཏབ་བཏང་། །ཆད་པ་དཀའ་ན་ལྷེན་སྣ་སྤྱི་གཙུག་བསྲེག །ཟས་སུ་ཆང་འཇམ་ཤ་གསར་བྲིད་དང་པོ་ཆུང་ངུ་ནས་རིམ་པས་ཆ་བསྐྱེད་ལ་བཏང༌། །ཞོ་སྐྱུག་ཀཎྜ་ཀ་རི་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །སྦྲང་དང་ཞུན་མར་སྦྱར་བ་བྱིན་པར་བྱ། །ཁ་ཟས་མི་འཇུ་མིག་སེར་གསུས་པ་ཆེ། །སེ་འབྲུ་ལྔ་དང་རྒྱམ་ཚྭ་བུར་དཀར་སྦྱར། །ཆུར་སྐྱུག་འབྲས་ཐུག་ལ་ལ་ཕུད་བཏབ་བཏང༌ཟན་དྲོན་ཕོ་བར་དུགས་བྱ། །རྩམ་པར་སྐྱུག་ན་སྨྱུང་བ་བྱས་པས་འཚོ། །དྲུག་པ་རིམས་ལ་འབྲས་ཨ་བར་སྐྱུར་གསུམ་སླེ་ཏྲེས་བསྡུས་འཇམ་བཏང་། །ཏིག་ཏ་ག་དུར་བསྡུས་གྲང་མ་ལ་བྱིན། །རྔུལ་དབྱུང་སྤྱི་ཞུར་ཀ་ར་ཆུར་སྦངས་བཏང༌། །གུར་ཀུམ་ཅུ་གང་གི་ཝཾ་གླ་རྩི་བཞི། །ཀ་ར་སྦྱར་བཏང་སྟོབས་ཆེ་ག་བུར་བསྣན། །གློ་མང་རྒུན་འབྲུམ་ཅུ་གང་ཆུ་བསིངས་བཏང༌། །ཚ་རྙིངས་བུ་སྔོན་བུ་ཁྲོན་བུ་དོང་ག་གསུམ་ཁུ་བ་ཀ་རས་སྦྱང༌། །དེ་རྗེས་ཕྱི་རྒྱུད་ལྟར་ཅུ་གང་བདེ་བྱེད་ཆེན་མོ་སྦྱར། །ཁ་ཟས་བསིལ་བསྟེན་དྲོད་བཅུད་དུག་འདྲ་སྤང༌། །རླུང་ཚད་རི་ཐང་མཚམས་སུ་ཁྲེའུར་བསིལ་ཡང་དྲོད་བཅུད་སྤེལ་མར་བཏང་ལ་སད་ཅིང་བཏང༌། །བདུན་པའི་དང་པོ་ལྟེ་མཁྲང་ནད་ལ་གླ་རྩི་བྱི་ཏང་ག །མ་རུ་རྩེ་དང་སྨྱུག་རྩི་ཅུ་གང་སྨྱུག་རྐང་པ་པི་པི་ལིང༌། །ཕུར་ཐལ་ནུས་བསྲེགས་སྡིག་སྲིན་དྲི་ཆུས་སྦྱངས་ལ་བཏང༌། །ཟི་ལྡི་དབྱར་ཉི་ལྡོག་དུས་སྦྱོར་བའི་ཚེར་འབྱུང་བའི་སྤུར་པ་རྒྱབ་ལྗང་སེར་མདོག་སྣ་ཚོགས་སྟོན་པ་དེ་ཡིན་སྦུར་སྦུར་ནག་བསེ་དྲི་ཅན་ནུས་ལྡན་བསྲེག་ཐལ་ཕ་མའི་སྐྲ་གཞོབ་བཞི། །བྱིས་པའི་ཆུར་སྦྱངས་བཏང་བས་སེལ་བར་འགྱུར། །གཉིས་པ་ལྟེ་འཁོར་མཁན་པ་སྦང་མ་སྤྲུ་མ་ལྕ་བའི་འབྲས་བུ་དང༌། །གོ་སྙོད་གཡེར་མ་དྲོན་མོར་བསྲོས་པས་བདུག །ཀླད་རུལ་མཁན་ཕབས་ཆང་སྦྱར་སྐྱོ་མ་བྱུག །རྣག་ཏུ་ཁུགས་ན་ཕུག་པས་འཚོ་བར་ངེས། །གསུམ་པ་ལྟེ་མཁྲེགས་མ་ཡི་རྒྱབ་རྩ་དྲུག་འདུས་གཏར། །ཁྲག་ལ་ཕག་རིལ་སྤྱང་བྲུན་གླ་རྩི་དང༌། །ཤིང་ཀུན་སྒོག་སྐྱ་སྦྱར་བྱུགས་བྱ་སྤུས་མནན། །བཞི་བ་ལྟེ་རྣག་དང་པོ་བུ་དེ་རང་གི་ལྟེ་བ་བཅད་པ་སྐམ་པའི་ཕྱེ་མ་གདབ།  །མ་ཐུབ་བྲག་སྤོས་ཆུ་རྩ་མཁྲིས་སྣ་དང༌། །གུར་ཀུམ་སྦྱར་བ་རྨ་ལ་གདབ་པར་བྱ། །བརྒྱད་པའི་དང་པོ་རྡེ་ནད་གསར་དུས་རྒྱ་ཚྭ་སུག་སྨེལ་དང་། །སྡིག་སྲིན་ལྕམ་པ་ཆང་དང་སྦྱར་ཏེ་བཏང༌། །རྡེའུ་རྒྱས་ན་ཚྭ་སྦྱོར་གོང་གི་གཅིན་འགགས་སེལ་བའི་སྐབས་ཀྱི་ཟེ་ཚ་རྒྱ་ཚས་སྣ་དྲངས་ཚྭ་སྣ་ཚོགས། །ཞེས་པ་ནས། སྤོས་དཀར་འབུ་སྐྱོག་བུར་དཀར་ཆང་སྦྱར་བཏང་། །ཞེས་པའོ་བར་དེ་ཡིན་ཆེན་མོས་བཤིག །ལམ་རྡེ་འགགས་ན་རྩ་དང་སྲུབས་མིན་རྡེའུ་རང་གི་དྲ་བརྟེན་བྱས་པས་དྲལ་ལ་དབྱུང༌། །ཕྲ་བའི་དང་པོ་མགོ་བོ་སྐྲངས་ན་རྩ་འཕྲང་སྤྱི་གཙུག་ལྟག་པའི་བསྡུད་སྒོ་འཚོགས་མ་སྟེ་འདུས་སོ་གསུམ་མེ་ཡིས་བསྡམ། །འོག་ཏུ་བཤད་པའི་རྒྱ་ཆིངས་བྱས་ལ་ཁོང་དུ་བསིལ་སྨན་གང་འོས་བཏང༌། །དབུག་ཏུ་མི་རུང་འཇམ་པོས་བཅོས་པས་ཐུབ། །གཉིས་པ་གྲེ་བའི་ནད་ལ་གླ་རྩི་རུ་རྟ་དང༌། །གི་ཝཾ་ཀ་ར་སྦྱར་བ་ཁོང་དུ་བཏང༌། །ཨ་རུ་དུར་བྱིད་གླ་རྩིའི་ཁུ་བ་བཤལ་གྱིས་སྦྱང༌། །གསུམ་པ་མཆེར་ནད་གཡོན་གྱི་རྩིབ་མའི་སྟེང་དུ་མཆེར་པའི་སྟེང་ཡིན་པས་བསྲེག །ཀ་ཀོ་ལ་དང་ཨ་རུ་ར་ཡི་ཐང༌། །བཞི་བ་མཁྲིས་ནད་ཕྱི་རྒྱུད་ལྟར་རྒྱམ་ཚྭ་གསུམ་པ་ཀ་ར་སྦྱར།  །ཚ་བ་ཆེ་ན་ཏིག་ཏ་ཀར་བཏབ་བཏང༌། །ཨན་སྟོང་བཅུ་གཅིག་བསྲེག་ཅིང་མཁྲིས་རྩ་བཤའ་རིངས་གཏར།  ལྔ་བ་ཕོ་བའི་ནད་ལ་སེ་འབྲུ་སུག་ཤིང་པི་བཞི་པ་སྦྱར། །རྩམ་རྙིང་སྔོ་དང་ཤ་རིང་གྱོང་དང་བསིལ་སྤང་མདུན་ཕོ་གསང་དབུས་བར་དང་རྒྱབ་ཀྱི་ཕོ་གསང་ཚིགས་པ་བཅུ་བཞི་པ་བསྲེག །ལོང་ནད་སེ་འབྲུ་སྒ་ཁ་རུ་ཚ་པི་ལིང་ཕོ་རིལ་རྒྱམ་ཚ་དྲུག་སྦྱར་ལྟེ་བའི་གཡས་གཡོན་མཚོན་རེ་བཅལ་བ་ལོང་ཕུག་གསང་བསྲེག །བདུན་པ་ས་ཟོས་པ་ལ་གླ་སྒང་སེར་པོ་ཡུང་བ་སྐྱེར་པ་གཉིས། །པ་ཏྲ་གུ་ཡུ་ལྕ་བ་བ་སྤྲུ་བྱི་ཏང་ག །བིལ་བ་ཚ་བ་སྒ་པི་ཕོ་གསུམ་གྱི་སྨན་མར་བཏང༌། །བརྒྱད་པ་ཞོ་རས་རླུང་གྱུར་འབྲས་བུའི་སྨན་མར་བྱིན། །ཙི་ཏྲ་ཀ་དང་རུ་རྟའི་བསྡུས་ཐང་བཏང༌། །མཁྲིས་གྱུར་འབྲས་བུ་ཨ་བར་སྐྱུར་གསུམ་དང་གླ་སྒང་དང༌། །རྩ་མཁྲིས་ཁུར་ཆུང་བ་ཧོང་ལེན་བསྐོལ་བའི་ཁུ་བ་བླུད། །བད་ཀན་རྒྱམ་ཚྭ་ཤིང་མངར་པི་པི་ལིང༌། །མར་དང་སྦྱར་བྱིན་བོང་ང་དཀར་པོ་དང༌། །གླ་སྒང་ཤུ་དག་རྩ་བ་ར་ཉེ་ལྕ་གཟེ་བ་ལྔ་བསྐོལ་བླུད། །ཞོ་རས་གདོན་ངོས་བཟུང་བ་དེ་བཅོས་པའི་གཏོ་ཆོག་ཞུགས་དེ་ཡི་གསོ་བ་སྦྱར། །ཞིབ་ཚེགས་ཀྱི་དང་པོ་མིག་གི་ནད་ལ་གསལ་བྱེད་སྨན་མར་ཕྱི་རྒྱུད་ནས་བཤད་པ་ལྟར་བཏང་། །སྐྱེར་ཁཎ་ནུ་ཞོ་སྦྱར་བ་མིག་ཏུ་བླུག །གཉིས་པའི་དང་པོ་རྣ་བ་རྣག་འཛག་མ་བུ་བཅུད་ཀྱིས་གསོ། །འབྲས་བུ་ཨ་བར་སྐྱུ་འི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ཚིགས་པ་བཅུ་གསུམ་མེ་ཡིས་བསྲེག །གཉིས་པ་རྣ་བ་འགྲམས་ན་ནག་མཚུར་རུ་རྟ་དང། །གླ་རྩི་ཆུ་ལ་སྦྱངས་ལ་རྣ་བར་བླུག །རྒྱ་སྐྱེགས་རུ་རྟའི་ཁུ་བ་ཁོང་དུ་བཏང༌། །གསུམ་པའི་དང་པོ་བཙའ་ཐོར་ཤ་ཚིལ་གསུར་བདུག་གླ་རྩི་བཏང༌། །སྤྱི་བོའི་གཙུག་ཏུ་བཙོད་ཀྱི་མེ་བཙའ་གདབ། །གཉིས་པ་བསེན་ཐོར་ལ་ཡང་གླ་རྩི་ཁོང་དུ་བཏང་། །ཤུ་དག་རུ་རྟ་ཨ་རུ་སྦྲང་སྦྱར་བྱིན། །ས་མཚུར་དཀར་པོ་ཆུ་གྲངས་སྦངས་པས་ཡི་ཁ་འཕྲུ་བསེན་མོ་ལ་ཞི་དྲག་གིས་བཅོས་བསྲུང་བ་གདགས་པ་དང་བསྐྲད་ལས་བྱ། །བཞི་བ་རྨེན་བུ་ལྷེན་སྣའི་གཡས་བསྲེག་དོམ་མཁྲིས་བཏང༌། །ལྔ་བ་སྲོག་རྩའི་ཆུ་སེར་ཨན་སྟོང་ཚིགས་པ་དགུ་པ་བདུན་པ་བསྲེག །དྲུག་པ་སྲིན་ལ་གླ་རྩི་ཤིང་ཀུན་བྱི་ཏང་ག །སྒོག་སྐྱའི་ཕྱེ་མ་འོ་མར་བཏབ་ལ་བཏང་།  དུར་བྱིད་སྒ་སྐྱ་བྱི་ཏང་ག་ཡིས་སྦྱང༌། །མ་ཕན་སྲིན་རྟ་ཁྲག་ཡིན་དྲུག་བདུན་གང་འོས་བའི་རང་རྩ་གཏར་ག་བྱ། བདུན་པ་ཤ་ནད་ཤ་དང་ཁྲག་གི་ཚོད་མ་བྱིན། །བརྒྱད་པ་ཕོལ་ལ་ཙན་དན་དཀར་པོ་སྐྱེར་ཁཎ་སྦྲང་སྦྱར་བྱུག །ཙན་དན་ཀ་ར་ཆུར་སྦྱར་ཁོང་དུ་བཏང༌། །མ་ཞིག་བྱི་བྲུན་སེར་ཙམ་བརྔོས་པ་ནུ་ཞོས་བྲན་པའི་བྱུག་པས་རྣག་ཏུ་བཀུག་ལ་དབུག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པའི་ནད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།