སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.02.2011
མན་ངག་རྒྱུད། >> ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།



ལེའུ་དོན་གཉིས་པ། བྱིས་པའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བྱིས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

དང་པོ་རྒྱུ་ནི་རླུང་མཁྲིས་བད་ཀན་ལ། །རྐྱེན་ནི་མ་ཡི་རྐྱེན་དང་བུ་རྐྱེན་གཉིས། །མ་རྐྱེན་མ་ཡིས་ཟས་སྤྱོད་གང་འཕེལ་བའི། །མ་ཡི་རླུང་མཁྲིས་ཁྲག་དང་བད་ཀན་ནད། །བུ་ལ་ལྷུང་དང་མི་གཙང་གདོན་རྐྱེན་གྱིས། །འོན་ལོང་དིག་པ་ཞ་སྒུར་ཤོར་སོགས་འབྱུང༌། །འདི་རྣམས་ལྷན་སྐྱེས་ནད་ཡིན་གསོར་མི་ནུས། །བུ་རྐྱེན་གདོན་དང་སྤྱོད་ལམ་ཁ་ཟས་གསུམ། །གདོན་རྐྱེན་མང་ཡང་བྱིས་གདོན་བཅུ་གཉིས་ཡོད། །ལས་མཁན་ཕོ་ཉ་རྒྱལ་བསེན་གཉིས་ཀྱིས་བྱེད། །སྤྱོད་ལམ་མ་དང་བུ་རྫི་མ་བཟོ་བས། །ལྷུང་ངམ་བརྡབས་སམ་སྤྲུགས་དང་བསླང་སྔས་དང༌། །ལྟེ་བ་འཐེན་དང་ངུ་དྲགས་རླན་དྲགས་དང༌། །ཟས་སྐོམ་ཚ་ཆེས་བསིལ་ཆེས་བསྟེན་དྲགས་པས། །བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་སྐྱེད།།

དབྱེ་བ་ལྷན་སྐྱེས་ནད་དང་གློ་བུར་གཉིས། །མ་ནད་བུ་ལ་ལྷུང་བ་ལྷན་སྐྱེས་ཡིན། །གློ་བུར་ནད་ལ་ཕྲ་རགས་ཞིབ་ཚགས་གསུམ། །རགས་པ་བྲང་དང་གློ་མཆིན་འཁྲུ་སྐྱུག་དང༌། །རིམས་དང་ལྟེ་བ་རྡེའུའི་ནད་དང་བརྒྱད། །ཕྲ་བ་མགོ་སྐྲངས་གྲེ་བ་འགགས་པ་དང༌། །མཆེར་མཁྲིས་ཕོ་ལོང་ས་ཟོས་ཞོ་རས་བརྒྱད། །ཞིབ་ཚགས་མིག་དང་རྣ་བ་ཁ་ནད་དང༌། །རྨེན་བུ་སྲོག་རྩ་ཤ་ནད་སྲིན་ཕོལ་བརྒྱད།།

བརྟག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །འཚོ་འཆི་བཏང་གཅོད་ཁ་དམར་གདགས་དང་གསུམ། །སྤྱི་རྟགས་རྟག་ཏུ་ངུ་ལས་ནར་ཤེས་བྱ། །གང་ནར་འཇུ་དང་དེར་མནན་ན་བ་དང༌། །མིག་འབྱེད་དཀའ་ཞིང་ངོ་ནག་དང་ག་འགག །རྩེད་མོ་མི་རྩེ་དབུགས་མི་བདེ་བ་དང༌། །སྐད་གཉའ་འཁུན་ཞིང་སེན་མོ་རྣོ་བའོ། །ཁྱད་པར་བྲང་ནད་རྒོད་གཡུང་ཚ་གྲང་གཉིས། །བྲང་རྒོད་ཚ་བ་བྲང་དང་རོ་སྟོད་སྐྲངས། །ལུས་ཚ་ནུ་མ་མི་འདོད་ངུ་བ་དྲག །མགོ་དང་རོ་སྟོད་ཕྱིར་འདོན་ལྟག་པ་དགྱེ། །རྩ་དང་འཕར་སྒོ་དྲག་ལ་ཨ་འབྲས་བཟློག །ཁ་ལྕེ་སྐམ་ལ་དྲེག་པ་ཆགས་པ་དང༌། །རྟིང་པ་འཛུགས་པ་མི་ཤེས་ཧྲེང་ཧྲེང་རྨྱང༌། །བྲང་དེ་གློ་དང་བསྡོངས་ན་ལུད་པ་ལུ། །ཕོ་བར་བསྡོངས་ན་མིག་སེར་སྟོང་སྐྱུགས་བྱེད། །བྲང་གཡུང་གྲང་བ་དབུགས་བདེ་ཉད་ཉོད་མང༌། །ཁ་འཛུམ་མི་ཤེས་མཇིང་རེངས་རོ་སྟོད་གྱོང༌། །གློ་ནད་ཚ་གཟེར་ཚ་སུབས་ཐང་པོ་གསུམ། །ཚ་གཟེར་རྩ་གྲིམས་འཐིབས་ཆེ་གཏིང་ནས་འཁུན།  །དབུགས་ཐུང་གློ་ལུ་ཁ་མིག་བཙུམས་ནས་ལུ། །ལུད་པ་འགོག་ལ་སྙིང་བརྡུངས་སྐྱུག་མི་ཤེས།  །ཚ་སུབས་འགོག་ཏུ་མི་འདོད་དྲག་ཏུ་ལུ། །ལུས་པོ་ཚ་ལ་རྩ་དང་འཕར་སྒོ་དྲག །གློ་བསྟུད་འོང་ཞིང་བྲང་དང་མ་ལ་འབྲད། །རྗེས་ལ་ལུས་རྔུལ་འཁུན་ཞིང་སྐྱུག་ཚུལ་སྟོན། །ཐང་པོ་གློ་ནད་རྙིངས་པ་རླུང་ལྡན་ཏེ། །དྲག་ཏུ་ལུ་ཞིང་ལུད་པ་འགོག་རྒྱུ་མེད། །མིག་དང་མཆུ་སྐྲངས་ལྕེ་རྙིལ་དཀར་བའོ། །མཆིན་པའི་ནད་ལ་ཚ་བབས་གྲང་བབས་གཉིས། །རྒོད་བབས་ཚ་བ་མཆིན་སྣ་ཕྲ་ལ་འཕར། །རྩ་རྒྱུག་ཆུ་ཚ་དབུགས་རྒོད་ཕོ་སྟོད་གྲང༌། །ལུས་ཚ་གཡལ་བར་འདོད་ལ་གཡལ་མི་ཐོན། །མཆུ་དང་རྙིལ་ལ་དྲེག་པ་ནག་པོ་ཆགས། །མིག་དམར་སྣ་སྒོ་སྐམ་ལ་ལྕེ་གཞུང་སེར། །རེའུ་སྐད་འབྱིན་ཞིང་རྣ་རྩ་ནག་ལ་སྦོམ། །གཡུང་བབས་གྲང་བ་རྩ་དལ་ཆུ་ཡང་གྲང༌། །ལག་པ་འཇིབ་ཅིང་ལྕེ་མུར་སྟོང་ལྡད་བྱེད། །དྲོད་ཆུང་མཆིན་སྣ་མི་འཕར་མདན་ཤིག་འཕྲུག །ནུབ་མོ་ངུ་ཞིང་ངུ་སྐད་ཕྲ་ལ་འཛེར། །ཤ་མདོག་སྔོ་སེར་མཆིན་སྣ་སྲབ་ལ་རིང༌། །སྤྱི་རྟགས་ཚ་གྲང་གཉིས་པོ་གང་བབས་ཀྱང༌། །མིག་སྔོ་གྱེན་ལྡོག་བྱད་དང་མཐིལ་བཞི་སེར། །ལུས་ལྕི་རྔམ་པ་རིང་ཐུང་ལྡང་དུབ་ན། །འཁུན་ཞིང་སྔ་དྲོ་བདེ་ལ་དགོང་དུས་ན། །མཆིན་པས་ཕོ་བ་མནན་པས་འཁྲུ་སྐྱུག་བྱེད། །འཁྲུ་བའི་ནད་ལ་ཚ་འཁྲུ་གྲང་འཁྲུ་གཉིས༌།  ཚ་འཁྲུ་དབུགས་ཐུང་རྩ་དང་འཕར་སྒོ་དྲག །བཞིན་སྣུམ་ཕྱི་ཚད་ཆེ་ལ་ཤེས་པ་འཐིབ། །འཁྲུ་མདོག་དམར་སེར་ལྗང་གུ་དུད་ཁུར་འཁྲུ། །གྲང་འཁྲུ་དབང་པོ་གསལ་ལ་འཕར་སྒོ་དལ། །འཁྲུ་མདོག་ནུ་ཞོ་རྩམ་མདོག་སྐྱ་བོར་འཁྲུ། །རྒྱུ་ལོང་འཁྲོག་ཅིང་ལྦུ་བ་སྒྲ་བཅས་འཁྲུ། །སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །ཚ་བས་སྐྱུག་པའི་ནད་རྟགས་ཚ་བར་འབྱུང༌། །ཁྲག་གམ་མཁྲིས་པར་སྐྱུག་པ་ཚ་བ་ཡིན། །གྲང་བས་སྐྱུག་པ་ཞོ་འཐུངས་སྐྱུག་པ་དང༌། །རྩམ་པ་མ་ཞུ་གང་ཟོས་སྐྱུག་པ་དང༌། །ལྦུ་བ་བད་ཀན་སྐྱུག་ཅིང་ཕྱི་རྟགས་གྲང༌། །རིམས་ནད་མེ་ལྟར་ཚ་ཞིང་འཕར་རྩ་རྒྱུག །ངུ་འཚིག་རྔུལ་འཐིབས་བ་སྤུ་ལོག་པ་དང༌། །སྐོམ་འདོད་རྨྱོང་ཞིང་ཁ་སྣ་ལག་པས་སུབ། །ལྟེ་ནད་ལྟེ་མཁྲང་ལྟེ་འཁོར་ལྟེ་མཁྲེགས་དང༌། །ལྟེ་རྣག་བཞི་སྟེ་དང་པོ་ལྟེ་མཁྲང་ནི། །ལྟེ་འབུར་རྐང་པ་སྡུད་ལ་རྐྱོང་མི་ཤེས། །གྲང་ནད་རྟགས་ལྡན་ངུ་སྐད་གཅོད་སྡོམ་བྱེད། །ལྟེ་འཁོར་སྨུག་པོར་སྐྲངས་འབུར་རེག་མི་བཟོད། །ལྟེ་མཁྲེགས་སྨུག་ཅིང་སྲ་ལ་ཏྲེབ་བེ་ན། །ལྟེ་རྣག་ལྟེ་བ་ཆད་ཤུལ་རྣག་ཞུགས་ནས། །ཁུང་བུར་ཟོས་ནས་རྒྱུ་ལོང་ལུག་པར་བྱེད། །རྡེའུའི་ནད་ལ་ཕུགས་རྡེ་ལམ་རྡེ་གཉིས། །ཕུགས་རྡེ་ལ་ཡང་འཕྱོ་རྡེ་ཟུག་རྡེ་གཉིས།  །ལམ་རྡེ་ཆུ་ལམ་རྡེའུས་འགགས་པ་ཡིན། །དྲི་ཆུ་མི་ཐོན་མཚན་མ་ཆུ་རྐྱལ་འདྲ། །འཕྱོ་རྡེ་འོང་བའི་འཕྲོ་ལ་འཕྲལ་དུ་འགག །ཆུ་ཡི་གསེབ་ཏུ་ཤ་ཡི་ནལ་ནོལ་འོང༌། །ཟུག་རྡེ་ཁ་ལ་ཟུག་ན་ན་ལ་སྲི། །ཕུགས་སུ་ཟུག་ན་མི་སྲི་ན་ལ་གཟེར། །གང་ཡང་སྤྱི་རྟགས་ཆུ་སྲི་ཡང་ཡང་འཛག  །ཟུག་ཆེ་ཁུ་ཚུར་འཆང་ངམ་འབྲད་ཅིང་ངུ༌། །མགོ་འདར་སོ་སྡོམ་ལྒང་པ་རྒྱས་པར་འགྱུར།  །བུ་ཆུང་མགོ་བརྡབས་རྒྱ་ཞིག་སྐྲངས་པ་ན། །རྣག་ཡོད་བཞིན་དུ་མར་མེར་སྐྲངས་པར་བྱེད།  །གྲེ་བ་འགགས་ན་སྐད་འཛེར་ཁ་ཆུ་མང༌། །མཆེར་པའི་ནད་ནི་ཁོང་ལྕི་ལྡང་དུབ་བྱེད། །ནུ་མ་སོས་འདེབས་བག་རེ་རྔུལ་དུ་འོང༌། །མཁྲིས་ནད་རྣ་རྒྱབ་ཤ་མདངས་སེར་ལ་དྭངས། །རྩ་གསལ་ལྕེ་སྐྱ་སེན་མོ་ནག་ལ་རིང༌། །ཁ་ཟས་བྱིན་ན་མི་ཟ་འདོད་ཚུལ་བྱེད། །ཕོ་བའི་ནད་ནི་ཤ་ཆུང་དྲེག་པ་ཆགས། །ཁ་ཟས་འཇུ་དཀའ་ཕོ་བ་སྐྱེ་འབྲི་བྱེད། །ལོང་ནད་འཁྲོག་འུར་སྒངས་འཁུན་འཕེལ་འབྲི་བྱེད། །ས་ཟོས་ཕོ་བ་སྒངས་ཤིང་དྲི་མ་འགག །ཞོ་རས་ནད་ལ་རླུང་མཁྲིས་བད་ཀན་གདོན། །རླུང་གྱུར་ནུ་ཞོ་ལྦུ་བཅས་ཆུ་སྟེང་འཕྱོ། །དེ་ཡིས་ཕོ་བ་སྦོ་སྐྱུག་བཤང་གཅི་སྲི། །མཁྲིས་གྱུར་སེར་སྣང་རོ་སྐྱུར་ཚད་པ་སྐྱེ། །བད་ཀན་སྔོ་ནལ་ཆུར་འབྱིང་མ་ཞུས་སྐྱེད།  །ཚོམ་བུར་ཆད་ན་གདོན་ངོ་ཡོད་པ་ཡིན། །མིག་གི་ནད་ལ་སྒྲ་ངན་འཕྲལ་ཚག་གཉིས། །དེ་གཉིས་མིག་དམར་ཚ་ཞིང་མཆི་མ་འཛག །རྣ་བའི་ནད་ལ་མ་རླུང་འགྲམས་པ་གཉིས། །མ་རླུང་རྣག་འཛག་འགྲམས་པ་རྣ་རྩ་སྐྲངས། །ཁ་ཡི་ནད་ལ་བཙའ་ཐོར་བསེན་ཐོར་གཉིས། །བཙའ་ཐོར་ནད་ཟུག་མེད་ལ་ཐོར་པ་འོང༌། །བསེན་ཐོར་ཐོར་པ་དཀར་ལ་ཚ་བ་སྐྱེ། །རྨེན་བུ་རྐང་ལག་འཁུམས་ནས་རྐྱོང་མི་ཤེས། །སྲོག་རྩའི་ཆུ་སེར་མིག་སྐྱ་ཤ་སེར་སྐམ། །སྲིན་ནད་ལྡང་དུབ་ཆེ་ལ་སྐུམ་སྐུམ་བྱེད། །མི་སྐད་ཁྱི་སྐད་ལ་ངུ་ནད་ཟུག་ལྡང༌། །ཤ་ནད་ལྕེ་མུར་ལག་པའི་མགོ་བོ་འཇིབ། །སེར་ཤའི་ཚོད་མ་འདྲ་བ་རྒྱུན་དུ་འཁྲུ། །ཕོལ་ནད་འཕོངས་ཀྱི་རྩར་སྐྲངས་རྣག་ཏུ་འགྱུར། །འཚོ་འཆི་བཏང་གཅོད་ཁ་དམར་གདགས་པ་ནི། །རྐང་ལག་མཐིལ་བཞི་དཀར་ལ་ཧྲིད་པ་དང༌། །རྣ་བ་སྐམས་ཤིང་མགོ་ལ་འབྱར་བ་དང༌། །སྣ་བུག་སྐམས་ལ་བ་རྒྱ་ཆགས་པ་དང༌། །མིག་གི་མདངས་ཤོར་ཁུང་དུ་བྲོས་པ་དང༌། །ལྟག་མིག་བལྟ་ཞིང་འཛུམ་མི་ཤེས་པ་དང༌། །ལྕེ་ནི་སྐམ་ཞིང་ཐུང་ལ་སོ་དྲེག་ཆགས། །ཕོ་བ་རྡོ་ལྟར་སྲ་དང་ཟོས་ཚད་སྐྱུག །དབུགས་ཐུང་གྲེ་བ་གསོག་ཅིང་ངར་བ་དང༌། །འཁྲུ་བ་ཆུ་ལྟར་འབྲུབ་དང་ནུ་མ་ཤོར།  །མགོ་སྲུབས་བྱེ་དང་ལྤགས་མདོག་གསེར་ལྟར་སེར། །ཤ་ལྤགས་སྦོས་དང་ཕོ་བ་ཆུ་ཡིས་ཁེངས།  །མཆིན་པས་ལྟེ་བར་སླེབ་ན་མི་འཚོ་སྤང༌། །མིག་ལྕེ་ལ་སོགས་དབང་པོའི་བཀྲག་མ་ཤོར། །དབུགས་བདེ་རྩ་དལ་མཐིལ་བཞི་དམར་བ་དང༌། །ནུ་མ་ཟས་ལ་སྲེད་ལ་སེན་མོ་འདྲུག །སྨན་ལེན་གསོས་སྐྱེད་ཆེ་ན་བླང་བར་བྱའོ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དུས་གསུམ་ཟས་སྤྱོད་སྨན་དཔྱད་བཞི། །ཞོ་འཐུང་དུས་ན་སྨན་དཔྱད་མ་ལ་བྱ། །ཟས་འདྲེས་དུས་ན་མ་བུ་གཉིས་ཀ་ལ། །ཞོ་སྤངས་ཟས་ཟའི་དུས་ན་བུ་ལ་བྱ། །ཟས་ནི་ཡང་ཞིང་འཇུ་སླ་བྱིན་པ་དང༌། །སྤྱོད་ལམ་ངུ་རུ་མི་གཞུག་གྲང་མི་བྱ། །སྨན་གྱིས་བཅོས་པ་ཞི་དང་སྦྱང་བ་གཉིས། །ཞི་བྱེད་བཟང་ཞིང་འཇམ་ལ་འཇུ་སླ་བ། །ཀར་བུར་ཁ་བླངས་མངར་ཤས་ཆེ་བ་བྱིན། །སྔོ་ཐང་བཤལ་སྨན་ལ་སོགས་རྩུབ་མོ་རྣམས། །ལེགས་པར་བསྡུས་ཁུ་འཇམ་ཞིང་འཇུ་སླ་བསྟེན། །བཤལ་རྗེས་འབྲས་ཀྱི་ཚོད་མ་ཤིས་པ་ཡིན། །དཔྱད་ཀྱི་བཅོས་པ་གཏར་བསྲེག་ཆུ་ལྕག་འདྲེན། །གཏར་ག་གང་ཐེབས་རྩ་ཁ་ཕྱེ་ཙམ་སྟེ། །ལོ་མ་ལོན་ན་ལག་མགོ་ཁྲག་ཐོན་གཏར། །མེ་བཙའི་སྤྲ་བ་སྲན་མ་སྦོས་པ་ཙམ། །གསུམ་ལས་མི་མང་སྐྱི་ཚོས་ཙམ་གྱིས་ཆོག །ཆུ་ལྕག་སྐར་ཆུ་བུམ་པར་བླུག་པས་བསྒྲེང༌། །མས་འདྲེན་ལོ་མ་ལོན་ལ་རེང་བུ་བྱ།  །ལོ་ལོན་པ་ལ་ནི་རུ་ཆུ་སྲང་གཅིག །དེ་ནས་ལོ་རེ་ལོན་གྱིན་སྲང་རེ་བསྐྱེད། །སྨན་དཔྱད་དྲག་པོ་མི་བྱ་འཇམ་མོས་བཅོས། །བྱེ་བྲག་བཅོས་ཐབས་བྲང་ནད་ཚ་བ་ལ། །ཟས་སྨན་ཆུ་མདའ་གཏར་དང་མེ་བཙས་བཅོས། །ཟས་སུ་ཤ་མར་གསར་པ་ཞོ་དར་བཏང༌། །དྲོད་བཅུད་མི་བཏང་སྨན་དུ་ག་བུར་དང༌། །ཅུ་གང་གུར་ཀུམ་ཙན་དན་ཀར་སྦྱར་བཏང༌། །གློ་ལ་ག་དུར་ཕོ་བར་སུག་སྨེལ་བསྣན། །སྐྲངས་ན་ཆུ་མདའ་བྲན་ཞིང་དྲུག་འགོ་གཏར། །སྟོད་དུ་སྐྲངས་ན་སྤྱི་གཙུག་བྱ་རོག་མིག །ཙ་ར་ཁུང་ནས་ཐུར་ཚོན་དོ་རུ་བསྲེག །སྨད་དུ་སྐྲངས་ན་སྙིང་རྩེ་དཀར་ནག་མཚམས། །གློ་ལ་ལྔ་པ་ཕོ་བ་ལྷེན་གསང་བསྲེག །བྲང་ནད་ཤིན་ཏུ་རྙིངས་ཏེ་ཤ་མདོག་སེར། །ཁོང་སྙོམ་འགུལ་ན་ངུ་ཞིང་མ་ལ་འཆང༌། །འཁུན་ཞིང་ནུ་མ་ཙེ་གུར་བཅད་ཅིང་འཐུང༌།  །དེ་ལ་ཙན་དན་གི་ཝཾ་བསིལ་གསུམ་སྦྱར། །རྗེས་ལ་ཚིགས་པ་བདུན་དང་ལྷེན་སྣ་བསྲེག །བྲང་ནད་གྲང་བ་ཛཱ་ཏི་སུག་སྨེལ་དང༌། །ལ་ལ་ཕུད་ཀྱི་ཐང་བཏང་ཤིང་ཀུན་དང་། །དོང་གྲ་ཁ་རུ་ཚྭ་དང་བུར་དཀར་སྦྱར། །ཟས་ནི་བསིལ་དྲོད་ཁྲེའུར་བཏང་བར་བྱ། །ཆུ་མདའ་མི་བྱ་སྣུམ་ནན་ཚན་དོ་བྱ། །མེ་ནི་གོང་གི་སྟེང་དུ་བཞི་པ་བསྲེག །མཇིང་པ་རེངས་ན་ལྟག་པ་བསྲེག་པར་བྱ། །མདོར་ན་སྨན་གཏར་ཆུ་ཡིས་ཚ་བ་གདོན། །དེ་རྗེས་མེ་ཡིས་བསྲེག་པ་མཆོག་ཏུ་ཤིས།  །ཚ་གཟེར་གློ་ལ་གསོ་ཐབས་ཞི་སྦྱང་གཉིས། །ཧོང་ལེན་བོང་ང་དཀར་པོའི་བསྡུས་ཁུ་ལ། །གི་ཝཾ་གུར་ཀུམ་གླ་རྩི་ཤུ་དག་དཀར། །སྦྲུལ་ཤ་རུ་རྟའི་ཕྱེ་མ་སྦྱར་ལ་བཏང༌། །ཨ་རུ་ཧོང་ལེན་དུར་བྱིད་བསྡུས་ཁུ་ལ། །ཤ་ཆེན་གླ་རྩི་བཏབ་ལ་འཁྲུ་རུ་གཞུག །དེས་མ་ཐུབ་ན་ག་བུར་རྒྱལ་བློན་གསུམ། །ཚ་སུབས་ནད་ལ་སྨན་དང་གཏར་གྱིས་བཅོས། །གུར་ཀུམ་ཤུ་དག་ཅུ་གང་ཀར་སྦྱར་བཏང༌། །ཤིང་མངར་སྲོ་ལོའི་ཐང་བཏང་ག་བུར་དང༌། །ལི་ཤི་སུག་སྨེལ་འབྲས་གསུམ་ད་ཏྲིག་དང༌། །ཅུ་གང་གུར་ཀུམ་གི་ཝཾ་རྒུན་འབྲུམ་དང༌། །ཤིང་མངར་ཀ་ར་སྦྱར་བཏང་རྔུལ་མང་དབྱུང༌། །གཏིང་ཐོན་དཀའ་ན་ཅུ་གང་གུར་ཀུམ་དང༌། །ཙན་དན་དཀར་དམར་བསེ་རུ་ཤིང་མངར་མཚལ། །ལི་ཤི་སུག་སྨེལ་སྲ་འབྲས་ད་ཏྲིག་དང༌། །སྟར་བུ་རུ་རྟ་སྒ་སྐྱ་པི་པི་ལིང༌། །འདམ་བུ་ཀ་ར་ནས་སྔོན་འབྲུ་བདུན་རྣམས། །ཞོ་ལ་བཏབ་ཀྱིན་རྒྱུན་དུ་བསྟེན་པར་བྱ། །སྣོད་ཀ་རུ་ཐུང་ཁྲག་དང་སྦྱར་ལ་གཏར། །ཚ་སུབས་རྒས་ནས་ལུད་པ་རྣག་ཅན་ལ། །བྱ་བོ་ཙི་ཙི་སྟར་བུ་ཤིང་མངར་དང༌། །སུག་སྨེལ་ཀ་ར་སྦྱར་བས་རྣག་རྣམས་དྲང༌། །ཙན་དན་བསིལ་གསུམ་བསེ་རུས་རྣག་ཚད་སྐེམ། །རོ་སྟོད་ཆུས་བྲན་གསར་འཇམ་ཟས་ཀྱིས་བཅོས། །རླུང་གློ་ཐང་པོ་སྨན་ཟས་བཤལ་མེས་བཅོས། །སྨན་ནི་ད་ཏྲིག་ཀ་ར་པི་པི་ལིང་། །མར་གསར་སྦྱར་བའི་ལྡེ་གུ་བཏང་བ་དང༌། །ཅུ་གང་ཤིང་ཚ་སུག་སྨེལ་པི་པི་ལིང་། །མར་གསར་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། །ག་དུར་ཛཱ་ཏི་ཤིང་ཀུན་བུར་དཀར་བྱིན། །མར་དཀར་བུར་དཀར་ལུག་ཤ་གསར་འཇམ་བཏང༌། །སྐྱེད་ཆུང་ལུས་སྐྲངས་སྤོས་དཀར་བཤལ་གྱིས་སྦྱང༌། །དེ་རྗེས་གློ་གསང་ཚིགས་པ་བཞི་ལྔ་བསྲེག །མཆིན་ནད་ཚ་བ་ཟས་སྨན་གཏར་བ་དང༌། །བཤལ་དང་མེ་བཙའ་ཆུ་ཡིས་བཅོས་པར་བྱ། །ཁ་ཟས་མ་བུ་གཉིས་ཀ་དྲོད་བཅུད་སྤང༌། །ཤ་གསར་མར་གསར་ཞོ་དར་བསྟེན་པར་བྱ། །སྨན་དུ་ཏིག་ཏ་བ་ཤ་ཀ་བསྡུས་ཁུར། །བྲག་ཞུན་དུལ་མ་སྦངས་ལ་མང་དུ་བླུད། །ཨ་རུ་སྐྱུ་རུ་བསྡུས་པའི་ཁུ་བ་ལ། །གུར་ཀུམ་གསུམ་བཏབ་ཀར་སྦྱར་བུ་ལ་བླུད། །ག་བུར་ཅུ་གང་གུར་ཀུམ་རུ་རྟ་དང༌། །མ་ནུ་འཇིབ་རྩི་ཀ་ར་དཀར་སྦྱར་བཏང༌། །ཡང་ན་གུར་ཀུམ་ཅུ་གང་བྲག་ཞུན་དང་། །ཛཱ་ཏི་དོམ་མཁྲིས་ཏིག་ཏ་ཨ་རུ་ར། །ཀ་ར་དཀར་པོ་སུམ་འགྱུར་སྦྱར་ལ་བཏང༌། །ཡང་ན་གུར་ཀུམ་གི་ཝཾ་ཨ་རུ་ར།  །ཀ་ར་སྦྱར་བཏང་སྐྱེད་ཆུང་ཨ་རུ་ར། །ཧོང་ལེན་དུར་བྱིད་བསྡུས་ཁུར་ཀར་སྦྱར་བཏང་། །སྐྱུག་ན་ཕུས་གདབ་འགྱིངས་ན་རེང་བུས་བསུ། །དམར་སེར་དྲི་ཆེ་ནི་རུ་ལུགས་སུ་སྦྱང༌། །དཀར་སྔོ་རྩམ་པ་ཞོ་འཁྲུ་མྱུར་དུ་བཅད། །རུ་ཐུང་སྣོད་ཀ་ལོང་རྩ་ཁྲག་སྦྱར་གཏར། །ཆུ་མདའ་ཕོ་སྟོད་ཚིགས་པ་དགུ་ལ་བརྡེག །ཡང་ན་ལྒང་ཕུག་ཆུ་ཡིས་བཀང་ལ་བདུག །དེ་ཡིས་མཆིན་སྣ་མི་འཕར་ཚ་སྟོབས་ཞི། །མཆིན་སྣ་སྦྲུལ་མིག་དགུ་དང་བཅུ་གཉིས་བསྲེག །ཚ་བ་མ་ཆོམས་བསྲེགས་ན་མེ་དྲོད་སྐྱེད། །རྗེས་ལ་མ་བསྲེགས་མཆིན་པ་སར་མི་ཁྱོལ། །དེས་ན་བསྲེག་པའི་དུས་ཚོད་ཤེས་པ་གཅེས། །གྲང་བབས་སྨན་ཟས་ལུམས་སྦྱང་མེ་ཡིས་བཅོས། །སྨན་དུ་འབྲས་བུ་གསུམ་གྱི་བསྡུས་ཁུ་ལ། །གུར་ཀུམ་ཅུ་གང་བསིངས་ལ་བཏང་བར་བྱ། །སྒ་སྐྱ་ཛཱ་ཏི་སུག་སྨེལ་བསྡུས་ཐང་བཏང༌། །གླ་སྒང་གུར་ཀུམ་གི་ཝཾ་ཀ་ར་སྦྱར། །རྒྱམ་ཚྭ་གསུམ་དང་ལྟག་པ་སྤྲད་ལ་བཏང༌། །ཡང་ན་ཛཱ་ཏི་སུག་སྨེལ་ཤིང་ཚ་སྒ། །བུར་དཀར་སྦྱར་བཏང་མ་བུ་གཉིས་ཀའི་ཟས། །མར་གསར་ཕྱེ་ཐུག་ཤ་གསར་ཚོ་ཁུ་བསྟེན། །ཤ་མར་རྙིང་པ་ཆང་སོགས་བཅུད་མི་བཏང༌། །སློ་དྲོན་སྤོད་བྲན་རུས་ཕྱེ་སྣུམ་ལྡན་ནམ། །མེ་ཏོག་སྣ་ཚོགས་ལུམས་ཀྱིས་བདུག་པར་བྱ། །དུར་བྱིད་ལྕུམ་རྩ་ཨ་རུ་སྔོན་བུ་བསྡུས། །ཐལ་ག་སོ་མ་ར་ཛ་བཏབ་ལ་བཏང༌། །གློར་བསྡོངས་སྤོས་དཀར་ཕོ་བར་མ་ནུ་བཏང༌། །མཁྲིས་བསྡོངས་སྒ་སྐྱ་སྨན་དང་བུ་རམ་སྤེལ། །ནད་སྟོབས་བྲི་ནས་དགུ་དང་བཅུ་གཉིས་དང་། །ལྟེ་ཟུར་མཆིན་སྣ་རྩིབ་ཐུང་གཉིས་པོ་བསྲེག །ཚ་འཁྲུ་ཟས་སྨན་གཏར་དང་ཆུ་ཡིས་བཅོས། །ཟས་སུ་ཕྱེ་ཐུག་འབྲས་ཐུག་ཙེ་གུར་བཏང༌། །རྗེས་ལ་ཤ་གསར་ཚོ་ཁུ་འོ་ཟན་བསྟེན། །སྨན་དུ་རྒྱུ་མ་བསྲུང་དང་ཚད་པ་གཞོམ། །འཁྲུ་བ་བསྐུལ་དང་བཅད་པ་བཞི་ཡིས་བཅོས། །རྒྱུ་སྲུང་ས་སྨྱག་གླ་རྩི་བཏབ་པ་བཏང༌། །ནས་རྙིང་ཕྱེ་ཐུག་མར་གསར་རྒྱམ་ཚྭ་བཏབ། །རྒྱུ་མ་མི་འདྲུལ་སྲ་འཇམ་འདྲེད་པར་བྱེད། །ཚད་གཅོག་ག་བུར་རྒྱལ་བློན་གསུམ་པ་བཏང༌། །ཡང་ན་ཙན་དན་དཀར་པོ་ཆུ་ལ་བརྡར། །དེ་ལ་གུར་ཀུམ་གླ་རྩི་བཏབ་ལ་བཏང༌། །ཡང་ན་ཨིནྡྲ་བཞི་ཐང་རྒྱུན་དུ་བསྟེན། །དམར་ན་བྲག་ཞུན་སེར་ན་གི་ཝཾ་བཏང༌། །སྨུག་ན་རེ་རལ་ལྗང་གུ་སྐྱེར་ཤུན་བཏང༌། །དུད་ཁུ་གླ་རྩི་ཟུངས་ཁྲག་དོམ་མཁྲིས་བཅད། །འགྱིང་ཞིང་འཁྲུའམ་ཟུག་ཅན་ཙེ་གུར་འཁྲུ། །བུ་གསུམ་ཨ་རུ་བསྡུས་ཁུས་འཁྲུ་བ་བསྐུལ། །ཐ་མར་ཚ་བ་ཆོགས་ནས་བཅད་པ་ནི། །འཁྲུ་གཅོད་སྨན་རྣམས་འབྲས་ཐུག་བཏབ་ལ་བཏང༌། །ཡང་ན་ཞོ་བཙོས་བཏབ་བཏང་གྲོ་ཕྱེ་བྱིན། །རུ་ཐུང་སྣོད་ཀ་ལོང་རྩ་གཏར་བ་དང༌། །ཆུ་ཡི་ལྕག་གིས་ཉྭ་གཞི་བསྒྲང་བར་བྱ། །གྲང་བས་འཁྲུ་ལ་བཟང་པོ་བཞི་པོ་སྦྱར། །ཛཱ་ཏི་སུག་སྨེལ་ད་ཏྲིག་སྲ་འབྲས་བཏང༌། །ཡང་ན་རྒོད་ཁྲག་གཙོད་ཁྲག་བཙོས་ལ་བཏང༌། །སྤྱིན་ཆུ་ད་ཏྲིག་བཏབ་ནས་བཏང་བས་ཆད། །ཆད་དཀའ་བཅུ་གཉིས་པ་དང་ལྟེ་བ་བསྲེག །ཚ་བས་སྐྱུག་པ་ཁྲག་ཏུ་འབྱུང་བ་ལ། །འདམ་བུ་ཀ་ར་ཛཱ་ཏི་ཙན་དན་དམར། །པུཀྵར་གླ་སྒང་མཚལ་དང་སྦྲང་སྦྱར་བཏང༌། །མཁྲིས་པར་སྐྱུག་ན་ལྕགས་ཀྱི་ཁུ་བ་བཏང༌། །གྲང་བས་སྐྱུག་ན་ཛཱ་ཏི་སུག་སྨེལ་དང༌། །ད་ཏྲིག་སྲ་འབྲས་བུ་རམ་སྦྱར་བས་ཆད། །ཤ་གསར་ཚོ་ཁུར་ལ་ལ་ཕུད་བཏབ་བཏང་། །ཆད་པ་དཀའ་ན་ལྷེན་སྣ་སྤྱི་གཙུག་བསྲེག །ཟས་སུ་ཆང་འཇམ་ཤ་གསར་བྲིད་ལ་བཏང༌། །ཞོ་སྐྱུག་ཀཎྜ་ཀ་རི་ཚ་བ་ལྔ། །སྦྲང་དང་ཞུན་མར་སྦྱར་བ་བྱིན་པར་བྱ། །ཁ་ཟས་མི་འཇུ་མིག་སེར་གསུས་པ་ཆེ། །སེ་འབྲུ་ལྔ་དང་རྒྱམ་ཚྭ་བུར་དཀར་སྦྱར། །ཆུར་སྐྱུག་འབྲས་ཐུག་ལ་ལ་ཕུད་བཏབ་བཏང༌། །རྩམ་པར་སྐྱུག་ན་སྨྱུང་བ་བྱས་པས་འཚོ། །རིམས་ལ་འབྲས་གསུམ་སླེ་ཏྲེས་བསྡུས་འཇམ་བཏང་། །ཏིག་ཏ་ག་དུར་བསྡུས་གྲང་མ་ལ་བྱིན། །རྔུལ་དབྱུང་སྤྱི་ཞུར་ཀ་ར་ཆུར་སྦངས་བཏང༌། །གུར་ཀུམ་ཅུ་གང་གི་ཝཾ་གླ་རྩི་བཞི། །ཀ་ར་སྦྱར་བཏང་སྟོབས་ཆེ་ག་བུར་བསྣན། །གློ་མང་རྒུན་འབྲུམ་ཅུ་གང་ཆུ་བསིངས་བཏང༌། །ཚ་རྙིངས་བུ་གསུམ་ཁུ་བ་ཀ་རས་སྦྱང༌། །དེ་རྗེས་ཅུ་གང་བདེ་བྱེད་ཆེན་མོ་སྦྱར། །ཁ་ཟས་བསིལ་བསྟེན་དྲོད་བཅུད་དུག་འདྲ་སྤང༌། །རི་ཐང་མཚམས་སུ་ཁྲེའུར་སད་ཅིང་བཏང༌། །ལྟེ་མཁྲང་ནད་ལ་གླ་རྩི་བྱི་ཏང་ག །མ་རུ་རྩེ་དང་སྨྱུག་རྩི་པི་པི་ལིང༌། །ཕུར་ཐལ་སྡིག་སྲིན་དྲི་ཆུས་སྦྱངས་ལ་བཏང༌། །ཟི་ལྡི་སྦུར་ཐལ་ཕ་མའི་སྐྲ་གཞོབ་བཞི། །བྱིས་པའི་ཆུར་སྦྱངས་བཏང་བས་སེལ་བར་འགྱུར། །ལྟེ་འཁོར་མཁན་སྦང་སྤྲུ་མ་ལྕ་འབྲས་དང༌། །གོ་སྙོད་གཡེར་མ་དྲོན་མོར་བསྲོས་པས་བདུག །ཀླད་རུལ་མཁན་ཕབས་ཆང་སྦྱར་སྐྱོ་མ་བྱུག །རྣག་ཏུ་ཁུགས་ན་ཕུག་པས་འཚོ་བར་ངེས། །ལྟེ་མཁྲེགས་མ་ཡི་རྒྱབ་རྩ་དྲུག་འདུས་གཏར། །ཁྲག་ལ་ཕག་རིལ་སྤྱང་བྲུན་གླ་རྩི་དང༌། །ཤིང་ཀུན་སྒོག་སྐྱ་སྦྱར་བྱུགས་བྱ་སྤུས་མནན། །ལྟེ་རྣག་དང་པོ་ལྟེ་སྐམ་ཕྱེ་མ་གདབ།  །མ་ཐུབ་བྲག་སྤོས་ཆུ་རྩ་མཁྲིས་སྣ་དང༌། །གུར་ཀུམ་སྦྱར་བ་རྨ་ལ་གདབ་པར་བྱ། །རྡེ་ནད་གསར་དུས་རྒྱ་ཚྭ་སུག་སྨེལ་དང་། །སྡིག་སྲིན་ལྕམ་པ་ཆང་དང་སྦྱར་ཏེ་བཏང༌། །རྡེའུ་རྒྱས་ན་ཚྭ་སྦྱོར་ཆེན་མོས་བཤིག །ལམ་རྡེ་འགགས་ན་སྲུབས་མིན་དྲལ་ལ་དབྱུང༌། །མགོ་བོ་སྐྲངས་ན་རྩ་འཕྲང་མེ་ཡིས་བསྡམ། །རྒྱ་ཆིངས་བྱས་ལ་ཁོང་དུ་བསིལ་སྨན་བཏང༌། །དབུག་ཏུ་མི་རུང་འཇམ་པོས་བཅོས་པས་ཐུབ། །གྲེ་བའི་ནད་ལ་གླ་རྩི་རུ་རྟ་དང༌། །གི་ཝཾ་ཀ་ར་སྦྱར་བ་ཁོང་དུ་བཏང༌། །ཨ་རུ་དུར་བྱིད་གླ་རྩིའི་བཤལ་གྱིས་སྦྱང༌། །མཆེར་ནད་གཡོན་གྱི་རྩིབ་མའི་སྟེང་དུ་བསྲེག །ཀ་ཀོ་ལ་དང་ཨ་རུ་ར་ཡི་ཐང༌། །མཁྲིས་ནད་རྒྱམ་ཚྭ་གསུམ་པ་ཀ་ར་སྦྱར།  །ཚ་བ་ཆེ་ན་ཏིག་ཏ་ཀར་བཏབ་བཏང༌། །ཨན་སྟོང་བཅུ་གཅིག་བསྲེག་ཅིང་མཁྲིས་རྩ་གཏར།  །ཕོ་བའི་ནད་ལ་སེ་འབྲུ་བཞི་པ་སྦྱར། །གྱོང་དང་བསིལ་སྤང་མདུན་རྒྱབ་ཕོ་གསང་བསྲེག །ལོང་ནད་སེ་འབྲུ་དྲུག་སྦྱར་ལོང་གསང་བསྲེག །ས་ཟོས་པ་ལ་གླ་སྒང་སེར་པོ་གཉིས། །པ་ཏྲ་ལྕ་བ་བ་སྤྲུ་བྱི་ཏང་ག །བིལ་བ་ཚ་བ་གསུམ་གྱི་སྨན་མར་བཏང༌། །ཞོ་རས་རླུང་གྱུར་འབྲས་བུའི་སྨན་མར་བྱིན། །ཙི་ཏྲ་ཀ་དང་རུ་རྟའི་བསྡུས་ཐང་བཏང༌། །མཁྲིས་གྱུར་འབྲས་བུ་གསུམ་དང་གླ་སྒང་དང༌། །རྩ་མཁྲིས་ཧོང་ལེན་བསྐོལ་བའི་ཁུ་བ་བླུད། །བད་ཀན་རྒྱམ་ཚྭ་ཤིང་མངར་པི་པི་ལིང༌། །མར་དང་སྦྱར་བྱིན་བོང་ང་དཀར་པོ་དང༌། །གླ་སྒང་ཤུ་དག་རྩ་བ་ལྔ་བསྐོལ་བླུད། །ཞོ་རས་གདོན་ཞུགས་དེ་ཡི་གསོ་བ་སྦྱར། །མིག་གི་ནད་ལ་གསལ་བྱེད་སྨན་མར་བཏང་། །སྐྱེར་ཁཎ་ནུ་ཞོ་སྦྱར་བ་མིག་ཏུ་བླུག །རྣ་བ་རྣག་འཛག་མ་བུ་བཅུད་ཀྱིས་གསོ། །འབྲས་བུའི་སྨན་མར་བཅུ་གསུམ་མེ་ཡིས་བསྲེག །རྣ་བ་འགྲམས་ན་ནག་མཚུར་རུ་རྟ་དང། །གླ་རྩི་ཆུ་ལ་སྦྱངས་ལ་རྣ་བར་བླུག །རྒྱ་སྐྱེགས་རུ་རྟའི་ཁུ་བ་ཁོང་དུ་བཏང༌། །བཙའ་ཐོར་ཤ་ཚིལ་གསུར་བདུག་གླ་རྩི་བཏང༌། །སྤྱི་བོའི་གཙུག་ཏུ་བཙོད་ཀྱི་མེ་བཙའ་གདབ། །བསེན་ཐོར་ལ་ཡང་གླ་རྩི་ཁོང་དུ་བཏང་། །ཤུ་དག་རུ་རྟ་ཨ་རུ་སྦྲང་སྦྱར་བྱིན། །ས་མཚུར་ཆུ་ཡི་ཁ་འཕྲུ་བསེན་མོ་བཅོས། །རྨེན་བུ་ལྷེན་སྣའི་གཡས་བསྲེག་དོམ་མཁྲིས་བཏང༌། །སྲོག་རྩའི་ཆུ་སེར་ཨན་སྟོང་དགུ་བདུན་བསྲེག །སྲིན་ལ་གླ་རྩི་ཤིང་ཀུན་བྱི་ཏང་ག །སྒོག་སྐྱའི་ཕྱེ་མ་འོ་མར་བཏབ་ལ་བཏང་།  དུར་བྱིད་སྒ་སྐྱ་བྱི་ཏང་ག་ཡིས་སྦྱང༌། །མ་ཕན་སྲིན་རྟ་ཁྲག་ཡིན་གཏར་ག་བྱ། །ཤ་ནད་ཤ་དང་ཁྲག་གི་ཚོད་མ་བྱིན། །ཕོལ་ལ་ཙན་དན་སྐྱེར་ཁཎ་སྦྲང་སྦྱར་བྱུག །ཙན་དན་ཀ་ར་ཆུར་སྦྱར་ཁོང་དུ་བཏང༌། །མ་ཞིག་བྱུག་པས་རྣག་ཏུ་བཀུག་ལ་དབུག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པའི་ནད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།