ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023 |
མན་ངག་རྒྱུད། >> ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ། |
ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།
དེ་ལྟར་ལེའུ་བདུན་ནི་ལྷན་སྐྱེས་རྨ་གསོ་བ་སྟེ་སྐབས་བརྒྱད་པ་ཡིན་ཞིང༌། དེ་ལྟར་གྱི་ལེའུ་བདུན་ཅུ་སྐབས་བརྒྱད་ནི་ལུས་སྤྱི་གསོ་བ་སྟེ་ཡན་ལག་དང་པོའོ། །དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བ་སྟེ་སྔར་ཞུ་བའི་མུ་ཡོད་པའི་དོན་དང་ཡང་ཞེས་པ་འཕྲོ་བསྐྱར་བའི་ཚིག་སྟེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་བྱིས་པ་གསོ་བའི་སྐབས་ལ་ཇི་ལྟར་བྱས་ནས་བསླབ་པར་བགྱི་ཞེས་འདྲི་ཞིང་ལུས་ཅན་ཀུན་གྱི་ཚེ་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་གསལ་པོར་བཤད་དུ་གསོལ། ཞེས་ཞུས་པ་དང༌། སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། བྱིས་པ་གསོ་བ་ལ་ཉེར་སྤྱོད་དང༌། བྱིས་པ་དེའི་ནད་གསོ་བ་དང༌། གདོན་གསོ་བ་དང་གསུམ་དུ་ཤེས་པར་བྱ་དགོས་ཤིང་དེ་ནང་ནས་ནད་གསོ་བ་དང༌། གདོན་གསོ་བ་གཉིས་ལེའུ་གཤམ་མར་གསལ་ཞིང་འདིར་ཉེར་སྤྱོད་ཀྱི་དང་པོར་བྱ་བ་དང༌། བར་དུ་བྱ་བ་དང༌། ཐ་མར་བྱ་བ་གསུམ་ལས་དང་པོའི་བྱ་བ་ལ་བཙས་དུས་ཤིས་པའི་རྟགས་ལ་བརྟག་པ་དང༌། མི་ཤིས་པའི་རྟགས་ལ་བརྟག་པ་དང༌། བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང༌། རྟེན་འབྲེལ་བྱ་ཐབས་དང༌། ནུ་མ་བསྣུན་ཐབས་དང་དྲུག་ཏུ་བསྟན་པ་ལས་ཤིས་རྟགས་ལུགས་འབྱུང་ཞེས་མགོ་སྔོན་དུ་སྐྱེས་པ་དང་གན་རྐྱལ་དུ་བྱུང་བ་ལྟེ་བས་སྟོད་དཀྲིས་ཤིང་ངུ་སྐད་དྲག་པོར་སྒྲོག་པ་དང༌། སྤྱི་བོ་རིང་ལ་མགོ་སྲ་བ་མཚོག་མ་ཆུང་བ། གསུང་རབ་སྤྱི་ནས་ཀྱང༌། དཔྲལ་བའི་དབྱེས་ཆེ་སྣའི་གཟེངས་མཐོ་བ་ཞེས་པ་ལྟར་སྐྲ་མཚམས་མཐོ་ལ་ཤ་གཙང་ཞིང་རྣ་བ་གཤོག་པ། ཁ་ལྕེས་ནུ་མ་དྲག་ཏུ་འཇིབ་ལ་འདར་ཞིང་དངངས་པ་དེ་འདྲ་བྱུང་བ་གསོ་སླ་ལ་མི་ནོར་བཀྲ་ཤིས་དང་ལྡན་པར་འགྱུར། དེ་རྣམས་ལས་གོ་ལྡོག་ཅིང་སོ་བཅས་སྐྱེས་པ་དེ་ངན་པར་བཤད་ཀྱང་སྐྱེས་རྟགས་བཟང་ངན་ལ་མ་ལྟོས་པར་སྐྱེས་མ་ཐག་ཏུ་བཀྲ་ཤིས་པའི་ཚིག་འདི་སྐད་རྣ་བར་བརྗོད་དགོས་ཏེ། བདག་གི་བུ་ཁྱོད་ནི་སྙིང་ལས་སྐྱེས་པ་ལྟ་བུ་ཡིན་པས་ན། ལོ་བརྒྱའི་བར་དུ་འཚོ་ཞིང་སྟོན་བརྒྱའི་བར་དུ་མཐོང་བ་ཞིག་ཏུ་གྱུར་ཅིགགཞན་ཡང་ཚེ་རིང་ཞིང་དཔལ་དང་གྲགས་པ་ཆེན་པོ་ཐོབ་ཅིང་ངན་པ་དགུ་ཞེས་མཐའ་དག་ཐུབ་པ་དང་མི་ནོར་བཀྲ་ཤིས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཤོག་ཅིག་ཅེས་པ་དེ་སྐད་ངེས་པར་དུ་བརྗོད་དགོས་ཏེ། ཟླ་ཟེར་ལས་ཀྱང༌། ཡན་ལག་ཡན་ལག་ལས་བྱུང་ཁྱོད། །སྙིང་ལས་མངོན་པར་སྐྱེས་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོ་གྱུར་ཅིག། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་བ་ནི་ཐོབ་གྱུར་ཅིང༌། །རྒྱུ་སྐར་ཕྱོགས་དང་མཚན་མོ་དང༌། །ཉིན་མོས་ཁྱོད་ནི་སྲུང་བར་ཤོག། ཅེས་པ་ལ་སོགས་པ་གསུངས་པས་སོ། །དེ་བཞིན་གྱི་ཚིག་བརྗོད་མ་ཐག་ལྟེ་བའི་ཁྲག་བུ་ངོས་སུ་བཞུར་ལ་སོར་བཞིར་བལ་སྐུད་ཤིག་གེ་བས་ཡས་མས་གཉིས་སུ་བཅིངས་ཏེ། ཁྲག་མ་ཐིགས་པར་བཅད་ལ་དེ་ནས་རུ་རྟ་དང་ཏིལ་མར་སྦྱར་བ་བསྐུ་བར་བྱ་དགོས་ཏེ། ཡན་ལག་བརྒྱད་པར། བདེ་བར་གྱུར་ནས་ལྟེ་བ་ནི། སོར་བཞིའི་འོག་ཏུ་སྲད་བུ་བཅིངས། །དེ་ཡི་འོག་ཏུ་བཅད་ལ་ནི། །ལྟེ་བ་མ་ནི་ཏེར་རེ་བཞག། དེ་འོག་ལྟེ་བ་རུ་རྟ་ཡི། །ཏིལ་མར་གྱིས་ནི་བསྐུ་བར་བྱ། །ཞེས་གསུངས་པ་དང༌། བཀྲ་ཤིས་པའི་རིགས་ཀྱིས་པང་དུ་བླངས་ལ་མདོག་གསལ་བར་འགྱུར་ཕྱིར་སྤོས་ཆུ་དྲོ་འཇམ་གྱིས་ལུས་ཀུན་དག་པར་བཀྲུ་བ་དང༌། སྨྲ་མཁས་པའི་ཕྱིར་ལྕེའི་ཐོག་ཏུ་གུར་ཀུམ་གྱིས་ཧྲཱིཿཡིག་བྲི། ས་བདག་ཐུབ་ཕྱིར་གླ་རྩིའི་ཆུ་བླུད་ལ་ཟླ་ཟེར་གྱི་དགོངས་པ་བཞིན་མཛུབ་མོ་གཡས་པ་བཀྲུས་པས་རྐན་བཏེག་ལ་མགོ་བོ་ལ་རས་བལ་ཞེས་སྲིན་བལ་སྣུམ་ཅན་གཡོགས། བློ་ཚེ་སྟོབས་སོགས་སྐྱེད་པའི་ཕྱིར་ཤུ་དགགླ་རྩི། ཨ་རུ་ར། གསེར་གྱི་བྱེ་མ། ཡུངས་ཀར་རྣམས་སྦྲང་ངམ་མར་དང་སྦྱར་བ་བྱིན་ལ་འདིའི་སྨན་འགྱུར་ལོག་པར་བརྟེན་ཤོག་ཤིང་དུ་དོགས་པ་སོགས་མང་ཙམ་ཡོད་ཀྱང་མ་སྤྲོས་ལ། དེ་ནས་མའི་ནུ་ཞོ་བསྣུན་པར་བྱ་ལ་གལ་ཏེ་མའི་ནུ་ཞོ་སྐམས་པས་ན་མ་གཞན་གྱི་ནུ་མ་སྟེར་ཚེ་རིགས་བཟང་ལ་ནད་མེད་ཅིང་བུ་དེའི་སྲོག་སྐྱོབ་པའི་མའི་ཁམས་ཡོད་ཅིང་སྔར་སྐྱེས་པའི་བུ་མ་ཤི་བའི་མས་ནུ་མ་བླུད་ལ་སྐབས་སུ་རུ་རྟ་དང་མར་སྦྱར་བ་ལྟེ་བར་བསྐུ།
དེ་ནས་བར་གྱི་བྱ་བའི་རིམ་པ་ནི་ཞག་གསུམ་ལོན་ནས་ལྷ་གསོལ་བ་དང་གཏའ་གཟུགས་པ་དང༌། སྲུང་བའི་ཆོ་ག་བྱ་བ་དང༌། ཟླ་ཕུད་ཅེས་ཟླ་རེར་གཏོར་མ་བཤོས་བུ་སོགས་དང་ཆུང་གླུད་བཏང་བ་དང༌། མིང་གདགས་པ་དང༌། རྣ་བ་དབུག་པ་དང༌། ཟས་དང་སྤྱོད་ལམ་བཅའ་བ་དང༌། བུ་རྫིས་ལེགས་པར་བསྐྱང་བར་བྱ་བ་སོགས་ལས། དང་པོར་མི་སྐྱ་རང་བཞིན་ཡིན་ན་འགོ་ཞིང་བསྟེན་པའི་ལྷའམ། བན་བོན་ཡིན་ན་བསྒྲུབ་པའི་ལྷ་ལ་གསོལ་མཆོད་བྱ་ཞིང་། གཉིས་པ་ལྷའི་རྟེན་གཟུགས། སློབ་དཔོན་སྤྱན་དྲངས་ལ་ཕོ་སྲོག་མདའ་དང༌། མོ་སྲོག་འཕང་ལ་གནས་པའི་ཕྱིར་བཅའ་བ་དང༌། གནམ་གཏའ་པུ་ཤུ་ལ་གཟུགས། བར་གཏའ་བར་ཁང་དུ་གཟུགས། ས་གཏའ་འོག་ཁང་ངམ་རྨད་དུ་གཟུགས། སྒོ་གཏའ་སྒོ་ལ་གཟུགས་ཤིང་གཙང་མའི་གོས་ལ་ཤུ་དག་དང་གུ་གུལ་དང་ཡུངས་ཀར་སོགས་གདོན་འཇོམས་པར་བྱེད་པའི་དུ་བས་བདུགས་ལ་བུ་ལ་བསྐོན། གསུམ་པ་སྔགས་སྐུད་ཀྱིས་ལག་པ་གཉིས་དང་མགུལ་དུ་ཤུ་དག་གདགས་དགོས་ཏེ། དེ་ཡང་ཟླ་ཟེར་ལས། མཆོག་ཏུ་རྟག་པར་ཤུ་དག་ནི། །ལག་གཉིས་མགུལ་དང་སྤྱི་བོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བ་སྐྱེད་བྱེད་གདོན་ལས་བསྲུང༌། །ཞེས་སོགས་ཇི་སྙེད་བཤད་ཀྱང་མངས་ཀྱིས་དོགས་པས་འདིར་མ་བཀོད། བཞི་པ་བཙས་པའི་ཟླ་བའི་དུས་ཚིགས་ལ་གཏོར་མ་དང་བཤོས་བུ་ལྷ་ལ་འབུལ་ཞིང་གདོན་ལ་ཆུང་གླུད་བཏང༌། ལྔ་པ་བཙས་པའི་སྐར་མ་ལས་དྲས་པའི་ནབས་སོ་སྐྱེས་ལྟ་བུའམ། ལྷའམ་ཞེས་པ་ལྷ་ལས་དྲས་པའི་ཚངས་བྱིན་ལྟ་བུ། ཡང་ན་ཉེ་དུ་ལས་དྲས་པའི་མིང་ཆགས་ལ་མངོན་པར་དགའ་བའི་བུ་ལ་ཟླ་བ་ལ་མངོན་པར་དགའ་ཞེས་པ་ལྟ་བུ་དང༌། སྙན་ཤིང་ཤིས་པའི་བཀྲ་ཤིས་དོན་གྲུབ་ལྟ་བུའི་མིང་ནི་ཕ་མ་ཉེ་དུ་ཐམས་ཅད་ཁ་འཆམ་པར་གདགས། སྔར་བུ་ཚ་ཤི་བའི་སྲི་འུ་ལྟ་བུ་ཡིན་ན་སྲི་ཐར་ཚེ་རིང་ལྟ་བུ་སྲི་ལས་ཐར་ཐར་བར་ཟླ་བ་རེ་རེ་བཞིན་མིང་སྤོ། དྲུག་པ་ནི་ཟླ་བ་བརྒྱད་སོང་བ་ན་རྣ་བ་ལ་བུག་པ་དབུག་པར་བྱ་དགོས་ཏེ། ཟླ་ཟེར་ལས་ཀྱང༌། ཟླ་བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་པང་དུ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག། ཁྱེའུའི་དང་པོ་གཡས་པ་དབུག། བུ་མོའི་གཡོན་པ་དབུག་པར་བྱ། སྨན་པས་ཁབ་ནི་གཡས་པས་བཟུང༌། །གཡོན་པས་རྣ་ཤལ་བཟུང་ནས་ནི། །རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བར་དུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་གར་དྲང་སྲོང་གཅིག་པར་དབུག། ཅེས་པ་ལྟར་རྣ་ཤལ་མཐེ་བོས་ལེགས་པར་མཉེ་ཞིང་འཐེན་ལ་དཀྱིལ་སྲབ་པར་སོང་བ་དང་རྒྱ་ཁབ་ལ་ཟབ་སྐུད་དྲངས་བས་མཁུར་ཚོས་ངོས་སུ་ཕུག་ལ་སྣུམ་གྱིས་བྱུག་དགོས་ཏེ་ཁྱེའུའི་གཡས་དང་བུ་མོའི་གཡོན་པ་སྔོན་ལ་དབུགབདུན་པ་ཟས་སུ་བུར་དཀར་དང་སྦྲང་དཀར་ཞུན་མར་བཅས་རྒྱུན་དུ་བསྟེན་ཞིང༌། སྐབས་སུ་ལུག་གམ་གཡག་གི་ཤ་ཚོད་མར་སྦྱར་བ་བྱིན་པས་ཤ་ནད་སེལ། ཨ་རུ་ར་དང་ཤིང་ཀུན། ཚ་བ་སྒ་པི་ཕོ་གསུམ། ཤུ་དགམ་ནུ་པ་ཏྲ་དང༌། ལྕེ་མྱང་ཚ་རྣམས་དང་ར་དཀར་གྱི་འོ་མ་མར་བསྐོལ་ལ་དབྱངས་ཅན་མར་ཞེས་པ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ན་ཚངས་པའི་བུ་མོ་ཚེ་དང་ཚིག་སྙན་སྩོལ་ནུས་པའི་དབྱངས་ཅན་མ་ཞེས་པ་ཞིག་ཡོད་པ་དེ་དང་འདྲ་དཔེར་བྱས་པ་ནས་འདིར་ཡང་ཉི་མ་ལྷོ་ཕྱོགས་ཀྱི་བུ་མོ་ཕ་མ་འཛོམ་ཞིང་རིགས་བཟང་བ་ནས་བླངས་པ་བྱས་ན་ཤེས་རབ་དང་བློ་འཕེལ་ཞིང་དྲན་གསལ་ངག་ཚིག་སྙན་ཕྱིར་སྐབས་སུ་བསྟེན། ཡུངས་ཀར། ཤུ་དགརྒྱམ་ཚྭ། པི་པི་ལིང༌། རུ་རྟ། བ་སྤྲུ་བ་རྣམས་མར་དང་བཅས་བསྐོལ་བའི་སྨན་མར་གྱིས་ཚེ་འཕེལ་བ་དང་སྟོབས་སྐྱེད་པ་གདོན་རྣམས་འཇོམས་པའི་ཕྱིར་དུ་བསྟེན། བརྒྱད་པ་སྤྱོད་ལམ་གྱི་རིམ་པ་མིག་ལ་ཉི་མའི་ཟེར་བྱུང་ན་ཤེལ་པོར་འགྲོ་བས་མི་གཏང་ཞིང༌། རྐང་མཐིལ་དང་མཚོག་མ་མེ་ཉིས་བསྲེགས་ན་མིག་མི་གསལ་བས་དེ་གཉིས་མི་བསྲེག་ཅིང་རྣ་བ་འགགས་པས་གྲངས་སུའང་མི་གཞུག་པ་དང༌། ཡོན་པོར་མི་བཟུང་ཞིང་བསླང་བ་སྔས་ཀྱང་མཆིན་པ་ལ་བབས་ཏེ་སྒུར་པོར་འགྲོ་བས་སྔས་པ་མིན་ཞིང་མེ་དང་བྱ་གཅན་གཟན་དང་འགོ་ནད་སོགས་དང་འཇིགས་སྐྲག་གི་རིགས་གདོན་འཇུག་པས་བསྲུང་བ་དང༌། སྐབས་སུ་བསྐུ་མཉེ་བྱས་ཏེ་ཉི་མས་རན་པར་བསྲོས་ན་ལུས་ཟུངས་རྒྱས་པར་འགྱུར་བ་སོགས་བུ་རྫིས་ལེགས་པར་བསླབ་བྱ་དང་བཅས་ཏེ་བསྐྱང་ངོ༌། །
སྤྱི་དོན་གསུམ་པ་ཐ་མའི་བྱ་བ་གཉིས་ནི་སོ་སྐྱེའི་ནད་བསལ་བ་དང༌། གཏའ་བཀྲོལ་བར་བྱ་ཞིང་གཏང་རག་གཏང་བ་གཉིས་སོ། །དེ་ཡང་རྨ་བྱ་རྣམས་ཀྱི་སྤྱི་བོར་མདོངས་ཡོད་པའི་སྒྲོ་སྐྱེ་བའི་དུས་དང༌། བྱིས་པ་རྣམས་ལ་སེའུ་ཞེས་སོ་ཆུང་བ་སྐྱེ་བའི་ཚེ་ལུས་ཀུན་ལ་མི་ན་བའི་ས་ནི་གཅིག་ཀྱང་མེད་པས་དེའི་དུས་སུ་སྦྲང་རྩི། ཨ་བྱགསྐྱུ་རུ་ར་བཅས་པའི་ལྡེ་གུས་རྙིལ་དུ་བྱུགས་པས་མྱུར་དུ་སོ་སྐྱེ་བར་འགྱུར་ཞིང༌། ཡན་ལག་བརྒྱད་པ་ལས། བཙོད་དང་སེང་ཕྲོམ་ད་ད་ཀ། ཀུ་དན་ན་ཊ་བ་ལ་གཉིས། །ཧ་སེ་ཆེ་ཆུང་གཉིས་དང་ནི། །མུད་ག་བསིལ་བ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག། ཆུ་བསྐོལ་བ་དང་མར་དང་ནི། །ཐལ་སྨན་ཞོ་གང་ཆུ་བསྐོལ་བས། །སོ་སྐྱེས་ལས་བྱུང་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་ཅེས། །འོད་སྲུངས་རྒན་པོས་བཤད་པ་ཡིན། །ཞེས་པ་ལྟར་ཨ་བྱགསེང་ཕྲོམ་ཞེས་ཞུ་མཁན། བ་ལེ་ཀ་དང༌། ཨ་བ་སེ་ཞེས་པ་འགའ་ཞིག་གིས་ཨ་བ་རྩྭ་དང་སེ་འོལ་མ་སེར་ངོས་འཛིན། ལ་ལས་ཡུངས་ཀར་ལ་ངོས་འཛིན་པ་སྣང་ཡང་ཨ་བ་དངོས་དང་སེ་ཞེས་སེ་རྒོད་རྒྱ་སྲན་ཞེས་པ་མུད་ག་ཞེས་བྱ་སྟེ་སྲན་ཟླུམ་དཀར་པོ། བཙོད་ཁུ་མར་དང་ཞོའི་ཁ་ཆུ་རྣམས་བསྡུས་པའི་མར་ནང་དུ་ཡ་བཀྵ་ར་བཏབ་པས་སོ་སྐྱེ་བའི་དུས་ལས་བྱུང་བའི་ནད་ཀུན་འཇོམས་པར་བྱེད། གནའ་ལ་ཡ་སོ་སྐྱེས་སམ་དང་པོ་རང་ནས་བཀྲ་མི་ཤིས་པ་སོ་བཅས་སྐྱེས་ན་སྦྱིན་སྲེག་བྱ་ཞིང་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི་གདོན་བཅོས་པར་བྱའོ། །གཉིས་པ་བྱིས་པས་ཟླ་ངོ་བཅུ་གཉིས་ལོན་པ་དང་ལྷ་ལ་གཏང་རག་གི་ཚུལ་དུ་གསོལ་མཆོད་བཏང་ཞིང་གཏའ་རྣམས་དགྲོལ་ལོ་ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་བྱིས་པ་གསོ་བའི་ནང་ཚན་ཉེར་སྤྱོད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ།། །།
མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:28 PM
<< སྔ་མ།