སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།




༄༅།  །གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་ 

གསལ་བྱེད་བེེཌཱུར་སྔོན་པོའི་ཕྲེང་བ་ལས་དུམ་བུ་བུ་བཞི་པ་ 

ཕྱི་མ་རྒྱུད་ཀྱི་རྣམ་བཤདད་ཅེས་ 

བྱ་བ་བཞུགས་སོ།།

 

 

ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།

༄༅། །ཚངས་བུག་ནས་རྐང་མཐིལ་བར་གྱི་ནད་མཐའ་དག་ལ་ལག་ལེན་དམར་ཁྲིད་དུ་གསུངས་པ་གསུམ་པ་མན་ངག་མ་ཚང་བ་མེད་པ་ནོར་བུ་ལྟ་བུ་ཡོན་ཏན་གྱི་རྒྱུད་ལེའུ་གོ་གཉིས་སྐབས་བཅོ་ལྔ་ཡན་ལག་བརྒྱད་ཀྱི་བདག་ཉིད་ཅན་གསུངས་ཚར་བའི་རིག་པའི་ཡེ་ཤེས་སྐུའི་ལྟེ་བར་ཐིམ་པའི་དགོས་འདོད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནང་གསལ་དུ་བཞུགས་ནས་ནང་གི་ནད་དང༌། ནད་མེད་ཀྱི་ཚེ་ལ་བར་གཅོད་དང་བྱ་བ་ཕྲ་རགས་ཀྱི་རྟགས་ཕྱིའི་འབྲས་བུའི་གཏན་ཚིགས་ལ་བརྟེན་ནས་མངོན་སུམ་དུ་རྟོགས་ནུས་ཤིང༌། དེ་ལའང་བརྟག་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། རེག་པ་རྩ་ལ་བརྟེན་ནས་བརྟག་པ་འདི་ཡིན་པས་ཐོག་མར་བསྟན། དེའི་འོག་ནས་ཆུ་ལ་བརྟག་པ་འདིའང་མེ་ལོང་གི་གཟུགས་བརྙན་ལ་བལྟ་བ་བཞིན་དུ་ནད་དང་གདོན་སོགས་ངེས་ཤེས་སྐྱེད་ནུས་པར་རྟོགས་ལ། དེ་ལྟར་བརྟགས་པའི་རྗེས་ནད་ཀྱི་རིགས་གང་ཡིན་ཡང་ཕན་ཚུན་མ་འདྲེས་པའི་རྐྱང་པ་ཁོ་ན་སྲིད་པ་ཙམ་ལས་མེད་པས་ཐོག་མར་སྨིན་སྡུད་འབྱེད་པའི་ཐབས་དང་རོས་ལས་བྱེད་མྱུར་བའི་ཐང་གི་སྡེ་ཚན་བཤད། བར་དུ་ཕྱེ་མས་ནད་ཀྱི་ངོ་བོ་གཞོམ་པ་དང་ཞུ་རྗེས་ཀྱི་ལས་བྱེད་པས་མྱུར་དལ་འབྲིང་པོར་བཤད། མཇུག་ཏུ་རིལ་བུའི་ནུས་པས་ལས་བྱེད་པས་བྱེད་ལས་བུལ་ཞིང་ནད་ལྷག་གཏིང་འདོན་པར་བྱེད་པ་དང༌། མདོར་ན་ནད་གང་དང་གང་ལའང་ཐོག་མར་ཐང་གི་སྡེ་ཚན་ནས་བཤད་པ་རྣམས་གཏོང༌། དེས་མ་ཕན་ན་ཕྱེ་མ། དེས་ཀྱང་གཏིང་མ་ཐོན་ན་རིལ་བུའི་སྦྱོར་བ་རྣམས་གཏོང་དགོས་པ་ཡིན་ཏེ། འདི་གསུམ་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ནུས་པའི་གཏིང་ཚན་ཆེ་བའི་ཕྱིར་ནུས་པའི་གོ་རིམ་དང་མཐུན་པར་འབྲེལ་ལོ། །དེ་ལྟར་ཐང་ཕྱེ་རིལ་བུ་གསུམ་གྱིས་ཚ་གྲང་གི་ནད་ཕལ་ཆེར་ཞི་བར་འགྱུར་མོད་ཀྱི། འོན་ཀྱང་རྩ་ཚིགས་པགས་པ་ལ་སོགས་པར་རྙིངས་ཤིང་ཞེན་པའི་ནད་ལྷག་འདོན་པར་བྱེད་པ་ལ་ལྡེ་གུའི་སྦྱོར་བ་གསུངས་ཤིང༌། ཐམས་ཅད་ཀྱི་རྗེས་སུ་ལུས་ཀྱི་ཟུངས་སྟོབས་སྐྱེད་ཅིང་དབང་པོ་ཀུན་གསལ་བར་བྱེད་པ་ལ་སྨན་མར་གྱི་སྡེ་ཚན་སྨོས་ཏེ། དེར་མ་ཟད་བད་ཀན་རང་རྒྱུད་ཅན་གྱིས་བསྐྱེད་པའི་གྲང་བའི་ནད་གཙོ་ཆེར་སེལ་བ་ལ་ཐལ་སྨན་གྱི་སྦྱོར་བ་དང༌། ཚ་བའི་ནད་ཤས་ཆེར་སེལ་བ་ལ་ཁཎྜའི་སྡེ་ཚན་དང༌། རླུང་ལྡན་ཕལ་ཆེར་སེལ་བ་ལ་སྨན་ཆང་གི་སྦྱོར་བ། འབྱོར་ལྡན་ཅན་དང་དབུལ་ཕོངས་སོ་སོར་རྗེས་སུ་འཛིན་པ་ལ་རིན་པོ་ཆེ་དང་སྔོ་སྦྱོར་གྱི་སྡེ་ཚན་རིམ་པར་ཞི་བྱེད་རྣམས་ཀྱིས་སེལ་མ་ནུས་ན་ལས་ལྔ་པོ་གང་ཡང་བྱར་མི་རུང་བའི་ཕྱིར་དེའི་སྔོན་འགྲོ་ལྟ་བུ་སྣུམ་བཅོས་ཐོག་མར་སྨོས། དེ་ནས་ཁྲག་མཁྲིས་སོགས་ཐུར་དུ་སྦྱོང་བ་ལ་བཤལ། བད་ཀན་ལྕགས་དྲེགས་དང་དུག་སོགས་གྱེན་དུ་འདྲེན་པ་ལ་སྐྱུགས། ནམ་ཚོང་ཡན་གྱི་ནད་སྦྱོང་བ་ཞི་དྲག་གིས་སེལ་བ་ལ་སྣ་སྨན་དང་སྣ་སྦྱོང། རྒྱུ་ལོང་གི་ནད་ཐུར་དུ་འདྲེན་པའི་སྦྱོར་བ་འཇམ་རྩི་དང་དྲག་པོ་ནི་རུ་ཧ། དེ་དག་ཀུན་གྱི་ཐ་མར་ལོག་གནོན་གྱི་རྩ་སྦྱོངས་བསྟན། དེ་དག་རྣམས་ནས་རོ་ལུས་ན་དཔྱད་ཀྱིས་དབྱུང་བར་བཤད་དེ། ཚ་བའི་ནད་རོ་དབྱུང་བ་ལ་གཏར་ག་གྲང་བའི་ནད་སྟོབས་གཞོམ་པ་ལ་མེ་བཙའ། ལྡན་འདུས་བད་ཀན་ཤས་ཆེ་བ་ལ་དུགས། ལྡན་འདུས་མཁྲིས་པ་ཤས་ཆེ་བ་ལ་ལུམས། ལྡན་འདུས་རླུང་ཤས་ཆེ་བ་ལ་བྱུག་པ། དེ་དག་ཀུན་གྱི་ཐ་མར་ལོག་གནོན་ཐུར་མའི་དཔྱད་གསུངས་པའི་ཚིག་དོན་གཉིས་ཀ་རྒྱས་བསྡུས་ཐ་གཉིས་པོ་དོར་བའི་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་གསུང་བ་ལ་མངོན་ཕྱོགས་ཏེ། མན་ངག་རྒྱུད་གསུངས་ཟིན་ནས་བྱ་བ་གཞན་གྱིས་བར་མ་ཆོད་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་བདུད་བཞི་བཅོམ་པའམ་ཡང་ན་ཡོན་ཏན་དྲུག་དང་ལྡན་ཞིང་འཇིག་རྟེན་པའི་ལེགས་ལྡན་རྣམས་ལས་འདས་པ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྡུག་བསྔལ་ལས་སྐྱོབ་ཅིང་ལུས་དང་སྲོག་འཚོ་བར་མཛད་པ་ལ་སྨན་གྱི་བླ་ཞེས་མཚན་དུ་གྲགས་པའི་གཟུགས་སྐུ་ནོར་བུ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལྟར་གསལ་ཞིང་དྭངས་ལ་འོད་ཟེར་དཔག་མེད་འཕྲོ་བ་དེས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སླར་ཐོགས་པ་མེད་པ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་ཞུགས་པའི་སྐད་ཅིག་མ་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་གསང་བ་དོན་ཡོད་གྲུབ་པ་འཕྲིན་ལས་ཀྱི་གནས་དེ་ལས་འོད་ཟེར་དཀར་སྔོ་དམར་སེར་ལྗང་ནག་སྟེ་རྩ་བའི་ཁ་དོག་དྲུག་དང༌། གཉིས་ནས་དྲུག་གི་བར་དུ་ཕན་ཚུན་འདྲེས་པ་ལ་སོགས་པ་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་གནས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་དགེ་བ་ལ་ཞུམ་པ་དང་སྡིག་པ་ལ་སྐྲག་པའི་ཉེས་པ་དང་སྐྱོན་ཐམས་ཅད་རྡུལ་དང་གྱོ་མོ་བཞིན་དུ་ཕྱིར་བསལ་ནས་དགེ་བ་བཅུའི་ལམ་ལ་བཀོད། ལུས་ལ་བར་དུ་གཅོད་པའི་ནད་དང༌། ཚེ་ལ་བར་དུ་གཅོད་པའི་ནད་དང་གདོན་ཐམས་ཅད་ཞི་བར་བྱས་ཏེ། དེ་ནས་འོད་ཟེར་རྣམས་སླར་སྐུའི་གསང་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་ཕྲག་དོག་གནས་གྱུར་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་རྣམ་པ་ཅན། ཐ་སྙད་དུ་མཚན་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་འཕྲིན་ལས་ལས་སྤྲུལ་ཏེ། དེ་ཡང་སྙིང་ཐིག་ལས། འཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ལྗང༌། །མཚན་དཔེའི་རྒྱན་རྫོགས་རྒྱ་གྲམ་ལྷུང་བཟེད་བསྣམས། ཕྱི་རྒྱུད་སྟོན་བྱེད་བྱ་གྲུབ་ཡེ་ཤེས་དང༌། །ཕྲག་དོག་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཞེས་པ་ལྟར་སྟོན་པ་འཁོར་རྣམས་ཀྱི་མདུན་གྱི་བར་སྣང་ལ་བཞུགས་པ་ལས། སྔར་རྩ་རྒྱུད་ཞུ་བའི་ཐོག་མ་ཉིད་དུ་བཅོམ་ལྡན་འདས་ཀྱི་གསུང་གི་སྤྲུལ་པའི་དྲང་སྲོང་འདོད་ཆགས་གནས་གྱུར་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འོད་དཔག་མེད་ཀྱི་རྣམ་པ་ཅན། ཐ་སྙད་དུ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས། འདིར་ཡང་ཕྱི་མ་རྒྱུད་ཞུ་བའི་སླད་དུ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་བ་བཏབ་སྟེ་ཞུས་སོ། །

          ཀྱེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་པས་མཚན་ནས་བོས་ཏེ། སྔར་རྒྱུད་ཀྱི་གླེང་གཞིའི་སྐབས་སུ་རྒྱུད་སྡེ་བཞི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལས་འཕྲོས་ནས། རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དང་གསུམ་ནི་གང་ཟག་དབང་པོ་རབ་འབྲིང་ཐ་མའི་དོན་དུ་གོ་རིམ་བཞིན་དུ་གསུངས་པས། སྐྱེ་བོ་ཕལ་མོ་ཆེ་ལ་ཕན་བདེ་བླ་ན་མ་མཆིས་པར་གྱུར་ལགས་ནའང༌། གང་ཟག་དབང་པོ་ཤིན་ཏུ་དམན་པ་རྣམས་ཀྱིས་རྩ་རྒྱུད་ནི་ཧ་ཅང་བསྡུས་དྲགས་པས་གོ་མི་ནུས་ཤིང༌། བཤད་པའི་རྒྱུད་ནི་བརྗོད་བྱ་རྒྱ་ཆེ་བས་མཐའ་དག་དཔྱོད་པར་དཀའ་ལ། མན་ངག་རྒྱུད་ནི་རྗོད་བྱེད་ཀྱི་ཚིག་མངས་ཆེས་པས་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པའི་སྐྱེ་བོ་དག་སྣང་བ་དེས་ན། ད་ནི་གང་ཟག་དབང་པོ་ཤིན་ཏུ་རྟུལ་བ་རྣམས་རྗེས་སུ་གཟུང་བའི་སླད་དུ་ཚིག་དོན་གཉིས་ཀ་ཧ་ཅང་རྒྱས་པ་དང་བསྡུས་དྲགས་པ་མ་ཡིན་པར་མང་ཉུང་འཚམ་ཞིང་ལག་ལེན་གསལ་ལ་གནད་དུ་དྲིལ་བས་བདེ་བླག་ཏུ་རྟོགས་སླ་བ་ཕྱི་མའི་རྒྱུད་ཅེས་བྱ་བ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན། སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་དང༌། འཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་མདུན་གྱི་བར་སྣང་ལ་བཞུགས་པ་དེས་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །དེའང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་གོ། དེ་ལྟར་དཔལ་ལྡན་རྒྱུད་བཞིའི་དུམ་བུ་ཐ་མ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་ལ་བསླབ་པར་བྱ་བའི་ཚུལ་ནི་ཇི་ལྟར་དྲིས་པ་བཞིན་དུ་ངས་བཤད་པར་བྱའོ། །

          དེ་ཡང་གསོ་ཡུལ་གྱི་ནད་དང༌། གསོ་བྱེད་ཀྱི་གཉེན་པོ་དང༌། གསོ་བའི་ཐབས་ཀྱི་ལག་ལེན་གསུམ་ཡོད་པ་ལས། བཤད་རྒྱུད་སྐབས་བཤད་པའི་གསོ་ཡུལ་གྱི་ནད་ལ་ཉེས་པ་གཙོ་བོ་གནས་རིགས་བཞིར་བརྒྱ་རྩ་གཅིག་རེ་སྦྱར་བའི་བཞི་བརྒྱ་དང་རྩ་བཞིར་གསུངས་ལ། རྒྱས་པར་ཕྱེ་ན་དེ་རེ་རེ་ལའང་གཞན་དབང་སྔོན་དང་ལྟར་སྣང་འཕྲལ་ནད་ཡོངས་གྲུབ་ཚེ་ནད་ཀུན་བརྟགས་གདོན་ཏེ་བཞི་བརྒྱ་རྩ་བཞིར་སྦྱར་བའི་སྟོང་དང་དྲུག་བརྒྱ་བཅུ་དྲུག་འོང་ལ། དེ་ནང་ནས་གསོ་ཡུལ་མ་ཡིན་པའི་ནད་གཞན་དབང་སྔོན་ལས་ཅན་བཞི་བརྒྱ་རྩ་བཞི་པོ་ཟུར་དུ་ཕྱུངས་པའི་ལྷག་སྟོང་དང་ཉིས་བརྒྱ་བཅུ་གཉིས་ཡོད་པ་ནི་འདི་སྐབས་ཀྱི་སྟོང་ཉིས་བརྒྱ་ཡིན་ཞིང༌། བཅུ་གཉིས་ནི་ཚིགས་བཅད་ཀྱི་དབང་གིས་བརྗོད་མ་བདེ་བས་ཤུགས་ལས་ཐོན་པར་དགོངས་སོ། །དེའི་ནང་ནས་ཀྱང་ཀུན་བརྟགས་དང་ལྟར་སྣང་གིས་ཕྱེ་བའི་བརྒྱད་བརྒྱ་དང་བརྒྱད་པོ་ཟུར་དུ་བཞག་པའི་ལྷག་ཡོངས་གྲུབ་ཀྱི་བཞི་བརྒྱ་རྩ་བཞི་འབྱུང་བ་ནི་འདི་སྐབས་ཀྱི་གསོ་ཡུལ་འབྲིང་པོ་ཡིན་ལ། དེ་ལྟར་རྣམ་གྲངས་དུ་མའི་སྒོ་ནས་ཇི་ཙམ་དུ་ཕྱེ་ཡང་ཉེས་པ་གསུམ་དུ་མ་འདུས་པའི་ནད་མེད་པས་མདོ་རུ་བསྡུས་ན་ཉེས་པས་ཕྱེ་བའི་བཞི་བརྒྱ་རྩ་བཞི་པོ་ལས་ཡོངས་གྲུབ་ཀྱི་ནད་སྦྱར་བའི་བརྒྱ་དང་རྩ་གཅིག་པོ་ནི་འདི་སྐབས་ཀྱི་བཅོས་དགོས་བརྒྱ་རྩ་གཅིག་ཡིན་པར་ཤེས་པར་བྱའོ། །

          དེ་ལ་གསོ་བྱེད་ཀྱི་གཉེན་པོ་འདི་སྔ་རབས་མཁས་པ་རྣམས་ཀྱི་བཞེད་པ་ཇི་སྙེད་མཆིས་ཤིང༌། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་མཉམ་ཉིད་རྡོ་རྗེ་སོགས་བྱང་ཟུར་མཁས་པ་རྣམས་ཀྱི་ཡིག་ཆ་མ་མཐོང་ལ། ཕྱིས་ཀྱང་བྱང་པ་བཀྲ་ཤིས་དཔལ་བཟང་གིས་བཅོས་དགོས་བརྒྱ་རྩ་གཅིག་ལ་གསོ་བྱེད་ཀྱི་གཉེན་པོ་བཅུ་རེ་སྦྱར་བའི་གྲངས་འགྲིག་གཙོ་བོར་སྟོན་པ་དང༌། ཟུར་མཁར་བློ་གྲོས་རྒྱལ་པོས་གྲངས་འགྲིག་གཙོར་སྟོན་གྱི་གསོ་བྱེད་ཀྱི་གཉེན་པོའི་གྲངས་སུ་གནོད་ཟས་འབའ་ཞིག་མི་འཕྲོད་པའི་ཟས་ཀྱང་བགྲངས་པ་དང༌། སྨན་སྦྱོར་དུས་ཀྱང་ཆིག་ཐང་གྲས་ལ་ནུས་པའི་དབང་ཡིན་ཞེས་སྦྱོར་སྡེ་གཅིག་ཏུ་བགྲངས་པ། རེས་ནུས་པ་གཙོ་བ། རེས་སྦྱོར་སྡེ་རྩུབ་དཔྱད་སོགས་ཀྱི་དམིགས་གཙོ་བ་ལྟ་བུ་དང༌། སྤྱོད་ལམ་ཀྱང་ཚེ་རྐྱང་མི་ཆོས་སྤྱད་པ། དམ་པ་ལྷ་ཆོས་སྤྱད་པ། དུས་སྤྱོད་སོགས་ནད་མེད་ཀྱི་སྤྱོད་པ་ཡང་བགྲངས་པའི་གྲངས་འགྲིག་གཙོར་བཏོན་པ་ལས་ལེགས་པར་བཤད་པ་མ་མཐོང་ལ། ཁོ་བོ་ནི་གསོ་བྱེད་ཀྱི་གཉེན་པོ་ཞེས་པའི་ཚིག་གི་དབང་གིས་སྨན་ཀྱང་རིན་པོ་ཆེའི་སྐྱེ་རྒྱུན་གཅོད་པ་སོགས་དང་གནོད་པ་འབའ་ཞིག་དང༌། ཟས་ཀྱང་གདམས་ལེའི་གནོད་ཟས་འབའ་ཞིག་རན་པར་ཟ་བའི་སྤང་བླང་སོགས་དང༌། དེར་མ་ཟད་ལ་ཕུག་ནར་སོན་བྲ་བོ་སྲུས་ཐུག་ནས་ཐུག་འོ་རློན་འོ་བསྡུས་འབྲི་འོ་ཡུངས་ཀར་ལོ་མ་སོགས་གནོད་པ་འབའ་ཞིག་དོར་ཞིང་སྤྱོད་ལམ་ཀྱང་ནད་མེད་ཀྱི་མ་ཡིན་པའི་ནད་པའི་སྤྱོད་ལམ་གནས་སྐབས་ཀྱི་སྤྱོད་པ་ལས་གཞན་རྣམས་དོར་ཏེ་གསོ་བྱེད་གཉེན་པོ་ཞེས་པའི་དགོངས་པ་ལྟར་འདི་ལྟར་འཐད་དེ།

        དེ་ལ་ཚ་སེལ་གྱི་ཐང་ལ་མགོ་ནད་སེལ་བར་མི་ཐོད་གསུམ་ཐང༌། མིག་ནད་སེལ་བར་ལྕགས་ཕྱེ་ལྔ་ཐང༌། རྣ་ནད་སེལ་བར་རུ་རྟ་གཉིས་ཐང༌། སྣ་ཁྲག་གཅོད་པར་སྐྱེར་པ་གསུམ་ཐང༌། ཁ་ནད་སེལ་བར་ནག་ཚུར་དྲུག་ཐང༌། གྲེ་ནད་སེལ་བར་བོང་ང་ལྔ་ཐང༌། ལྕེ་ནད་སེལ་བར་སོ་ཕག་གསུམ་ཐང༌། སྙིང་ནད་སེལ་བར་ཛཱ་ཏི་གསུམ་ཐང༌། གློ་ནད་སེལ་བར་སྲོ་ལོ་བཞི་ཐང༌། །མཆིན་ཚད་སེལ་བར་བྲག་ཞུན་ལྔ་ཐང༌། མཆེར་ཚད་སེལ་བར་ལི་ཤི་གསུམ་ཐང༌། མཁལ་ཚད་སེལ་བར་དམར་པོ་བཞི་ཐང༌། ཕོ་ཚད་སེལ་བར་རྒྱ་སྣག་གཉིས་ཐང༌། ལོང་ཚད་སེལ་བར་སྙ་ལོ་གསུམ་ཐང༌། རྒྱུ་ཚད་སེལ་བར་ཨིནྡྲ་བཞི་ཐང༌། དེ་ལ་ཁ་ཚར་གྱི་འཁྲུ་གཅོད། ལྒང་ཚད་སེལ་བར་གཟེ་མ་གསུམ་ཐང༌། མངལ་ཚད་སེལ་བར་བ་སྤྲུ་གསུམ་ཐང་སྟེ་བཅོ་བརྒྱད། དེ་ལ་མཁས་པ་སྔོན་མ་ལ་ཨིནྡྲ་བཞི་ཐང་གི་ཐོག། དེ་ལ་ཀ་པེད་འབྲས་བཏབ་ཚད་འཁྲུ་གཅོད། །ཅེས་ཀ་པེད་དྲུག་ཐང་དུ་གྲགས་པ་བསྣན་ན་བཅོ་བརྒྱད་བགྲངས་པ་འདི་འཕྲོས་དོན་གྱི་ཐང་སྦྱོར་ཙམ་ལས་གནས་ཀྱི་ཚད་པ་སེལ་བའི་དངོས་བསྟན་གྱི་ཐང་མིན་གཤིས་གྲངས་སུ་མི་འདྲེན་པའི་རྒྱུ་མཚན་དུ་བཞེད་པ་དང༌། ཁ་ཅིག་ཀ་པེད་དྲུག་ཐང་ཟུར་དུ་བགྲངས་ནས་སྙ་ལོ་གསུམ་ཐང་དང་ཨིནྡྲ་བཞི་ཐང་གཉིས་ཕན་ཡོན་མཚུངས་པས་གཅིག་ཏུ་འདྲེན་པའི་སྲོལ་འདུག་ཀྱང་དེ་ལྟ་བུ་མི་རིགས་པས་རང་ལུགས་ནི་གོང་བཞིན་ནོ། །རིགས་ཀྱི་ཚད་སེལ་འབྲས་བུ་གསུམ་ཐང༌། མ་ནུ་བཞི་ཐང༌། རིམས་ཚད་ལྕི་འཐིབས་སེལ་བའི་ཏིག་ཏ་ལྔ་ཐང༌། ཁྲག་འཁྲུགས་ཚ་བ་རོལ་གསོད་ཀྱི་ཏིག་ཏ་བཞི་ཐང༌། ཨ་རུ་བཞི་ཐང༌། སྨུག་པོའི་འཕྲལ་ཟུག་གཅོགས་པའི་མ་ནུ་བཞི་ཐང༌། སེང་ལྡེང་བཞི་པ། ཏིག་ཏ་གསུམ་ཐང་སྟེ་བརྒྱད། འབྲས་བཀྲུས་གསུམ་ཐང༌། བིལ་བ་བཞི་ཐང༌། སོ་མ་གཉིས་ཐང༌། གུར་ཀུམ་གསུམ་ཐང༌། སྤྲུ་རྩ་བཅུ་ཐང༌། དབང་ལག་གསུམ་ཐང༌། སླེ་ཏྲེས་གསུམ་ཐང༌། ཤིང་མངར་བཞི་པ། བ་སྤྲུ་ལྔ་པ། ཏིག་ཏ་བཞི་ཐང༌། སེ་འབྲུ་གསུམ་ཐང་སྟེ་ཁ་འཐོར་བཅུ་གཅིག ཨ་རུ། སྐྱུ་རུ། བ་རུ། བ་ཤ་ཀ འུ་སུ། ལྕགས་ཁུ། གླ་སྒང༌། ག་དུར། སྲོ་ལོ་དཀར་པོ། སེང་ལྡེང༌། སླེ་ཏྲེས། བཙོད། སྤང་རྒྱན། བྲག་ཞུན། ཆུ་རུག སྟབ་སེང༌། ཏིག་ཏ་སྟེ་ཆིག་ཐང་བཅུ་བདུན་བཅས་ཁྱོན་ཀུན་དྲིལ་ཚ་སེལ་གྱི་ཐང་ལྔ་བཅུ་ང་བཞི། ༈ གྲང་སེལ་ལ། བཅའ་སྒ་གསུམ་ཐང༌། དེ་སྟེང་པི་ལིང་བསྣན་པའི་རྒྱམ་ཚྭ་བཞི་ཐང༌། ལྕགས་སྒ་གསུམ་ཐང༌། སྒྲོན་ཤིང་བཞི་ཐང༌། སེ་འབྲུ་ལྔ་ཐང༌། ད་ལིས་གསུམ་ཐང༌། ཁ་རུ་ཚྭ་དྲུག་ཐང༌། ཤིང་ཚ་ལྔ་ཐང༌། སུག་སྨེལ་གསུམ་ཐང༌། སྒོག་སྐྱའི་འདོན་ཐང༌། ཨ་རུ་གཉིས་ཐང༌། ཐལ་ཚྭ་གཉིས་ཐང་བཅས་བཅུ་གཉིས། ཆིང་ཐང་བཅུ་གཅིག་ལ། ཁ་རུ་ཚྭ། རྒྱམ་ཚྭ། རྒྱ་ཚྭ། རྡོ་ཐལ། སྒ་སྐྱ། སྲད་དཀར། བ་སྤྲུ། ནས་སྔོན་སོག་ཚིགས། སོག་ཡུ། ནས་བསྡུས། སྲེ་ལོང་བཅས་བཅུ་གཅིག་བསྡོམས་པས་གྲང་སེལ་ཉེར་གསུམ་སྟེ་ཐང་སྦྱོར་ལ་དོན་བདུན། ༈ ཞི་བྱེད་ག་བུར་ལ་སྦྱོར་སྡེ་བཅུ་གསུམ་ཡོད་པའི་དང་པོ། མི་རྒོད་ལྟ་བུར་གཅིག་པོ་རྐྱང་རྒྱུགས་སུ་སྦྱར་བ་དང་གཅིགགཉིས་པ་དཔའ་བོ་ལྟ་བུར་མཚོན་ཆ་བསྐུར་བ་ལ་ག་བུར་ཅུ་གང་གཉིས་ཀྱི་སྟེང༌། ཙན་དན་དཀར་པོ་བསྣན་པའི་འཁྲུགས་སེལ་གྱི་རྒྱལ་བློན་གསུམ་པ་དང༌། བོང་ང་དཀར་པོ་བསྣན་པའི་རིམས་སེལ་གྱི་རྒྱལ་བློན་གསུམ་པ་གཉིས། གསུམ་པ་བཙུན་མོ་ལྟ་བུར་འཇམ་བསྡེབས་བཙལ་བ་ལ། ཙན་དན་བསྣན་པའི་རྒྱལ་བློན་གསུམ་པའི་སྟེང་གུར་ཀུམ་གི་ཝཾ་བསྣན་པའི་ལྔ་པ་དང༌། གླ་རྩི་དོམ་མཁྲིས་བསྣན་པའི་བདུན་པ། བོང་དཀར་བསྣན་པའི་རྒྱལ་བློན་གསུམ་པའི་སྟེང༌། གུར་ཀུམ་གི་ཝཾ་བསྣན་པའི་ལྔ་པ་དང༌། གླ་དོམ་བསྣན་པའི་བདུན་པ་བཅས་བཞི། བཞི་པ་སྐྱེལ་མ་ལྟ་བུར་དགྲ་ཟུན་སྦྲགས་པའི་སྦྱོར་བ་གཅིགལྔ་པ་དམག་དཔོན་ལྟ་བུར་འཁོར་གྱིས་བསྐོར་བ་ལ། བདུན་སྦྱོར། དགུ་སྦྱོར། བཅུ་བཞི་སྦྱོར་ཏེ་གསུམ། དྲུག་པ་རྒྱལ་པོ་ལྟ་བུར་ཚོགས་སུ་འདོན་པའི་སྦྱོར་བ་ལ། འབྲས་བུ་གསུམ་བསྣན་པའི་ཚ་སེལ་ག་བུར་ཉེར་ལྔ་གཅིག་དང༌། ཚ་བ་གསུམ་བསྣན་པའི་གྲང་སེལ་ག་བུར་ཉེར་ལྔ་གཅིག་བཅས་གཉིས་ཏེ་ཁྱོན་བཅུ་གསུམ། བློན་པོ་གུར་ཀུམ་གྱི་སྦྱོར་བ་ལ། ཚ་བ་ཐ་མ་སེལ་བ་གུར་ཀུམ་བདུན་པའི་སྦྱོར་བ་སྙིང་ཚད་སེལ་བ། གློ་ཚད་སེལ་བ། མཆིན་ཚད་སེལ་བ། མཆེར་ཚད་སེལ་བ། མཁལ་ཚད་སེལ་བ། ཕོ་ཚད་སེལ་བ། སྣོད་ཚད་སེལ་བ། རྩ་ཚད་སེལ་བ། རུས་ཚད་སེལ་བ། རླུང་ཚད་སེལ་བ། མཁྲིས་ཚད་སེལ་བ། བད་ཚད་སེལ་བ། ཁྲག་ཚད་སེལ་བ། རིམས་ཚད་སེལ་བ་རྣམས་ཏེ་བཅུ་བཞི། འབྲིང་སེལ་བ་དེ་སྟེང་དུ་ཙན་དན་བསྣན་པའི་ཙན་དན་བརྒྱད་པའི་སྦྱོར་བ་བཅུ་བཞི། ཚ་བ་རབ་སེལ་བ་དེ་སྟེང་ག་བུར་བསྣན་པའི་ག་བུར་དགུ་པའི་སྦྱོར་བ་བཅུ་བཞི། ཁྱོན་བཞི་བཅུ་ཞེ་གཉིས།  ༈ རྗེའུའི་སྦྱོར་བ་བཅོ་བརྒྱད། ཚ་བ། གློ། གློ་འགོགས་དཀའ། ལུད་དམར། ལུད་སེར། དུད་ཁུ་སྐྱ་གསོབ། གཉན་གཟེར། རིམས་རྒྱས་རྣམས་ལ་ཁ་བསྒྱུར་ཏེ་བཅུ། དམངས་ཨར་བརྒྱད། ཙན་དན་བརྒྱད་པ། རྣག་འདྲེན། གི་ཝཾ་དགུ་པ། ཨ་རུ་བདུན་པ། བཅུ་པ། བྲག་ཞུན་དགུ་པ། མཁྲིས་ཕྱེ་བདུན་པ། ཅོང་ཞི་དྲུག་པ། བསིལ་སྦྱོར། ཅུར་ནིས། རུ་རྟ་དྲུག་པ། ཏིག་ཏ་བརྒྱད་པ། གུ་གུལ་ལམ་སྤོས་དཀར་བཅུ་པ། གུར་ཀུམ་བཅུ་གསུམ། མཆོག་བདུན། ཅུ་གང་བཅུ་གསུམ་པ། བརྒྱད་པ། བདུན་པའམ་བདེ་བྱེད་ཆུང་བ། འབྲིང་པོ། ཆེ་བ། བློན་པོ་གསུམ་སྦྱོར། ལི་ཤི་བཞི་པ། དྲུག་པ། ཆུ་སྲིན་སྡེར་མོ་དགུ། ཙན་དན་བཅུ་བདུན་པ། ཀྲི་ཀ་ཧན། ཨུཏྤལ་བརྒྱད་པ། བ་ལེ་ཀ་དྲུག་པ། རྒུན་འབྲུམ་བདུན་པ། ཀྱི་ལྕེ་གསུམ་པ་སོགས་ཁ་འཐོར་སུམ་ཅུ་སོ་གཅིག་སྟེ་ཁྱོན་ཚ་སེལ་གོ་དྲུག ༈ གྲང་སེལ་སེ་འབྲུའི་སྦྱོར་བ་ལ། སེ་འབྲུ་གསུམ་པ། བཞི་པ་སྦོ་འཁྲོག་སེལ་བ། གཞི་འཛིན་པ། དོང་གྲ་བསྣན་པའི་ལྔ་པ། གུར་ཀུམ་བསྣན་པའི་ལྔ་པ། མཆིན་རྒུད་སེལ་བའི་ལྔ་པ། རྒྱ་ཚྭ་དྲུག་པ། སེ་འབྲུ་བརྒྱད་པ། ཁ་བསྒྱུར་མ་ཞུ་བ་སེལ་བ། མེ་ཉམས་གསོ་བ། སྨུག་པོ་སེལ་བ། མ་ཞུ་མིག་སེར་སེལ་བ། ལྷེན་སྐྲན་རློག་པ། དམུ་རྫིང་སྐེམས་པ། ཕོ་ལོང་སྦོས་སེལ། གློ་ནད་གྲང་སེལ། སྙིང་གི་བད་རླུང་གྲང་སེལ། མཁལ་རྐེད་གྲང་བ་སེལ་བ། གྲང་བའི་ཆུ་འགགས་སེལ་བ། གྲང་སྲིན་སེལ་བ། རྩམ་པ་འཁྲུ་གཅོད། སེ་འབྲུ་མ་ཞུ་ལྕགས་དྲེགས་ལྷེན་སོགས་སེལ་བའི་ཅུར་ནིས། གྲང་ནད་སེལ་བའི་སེ་འབྲུ་བརྒྱད་པ། ཕོ་སྦོས་སེལ་བ། སྨུག་གབ་སེལ་བ། མཁལ་མ་གྲང་ནད་ཆུ་འགགས་སེལ་བ། བད་རླུང་གློ་ནད་སེལ་བ། སེ་འབྲུ་དགུ་པ། བཅུ་པ། བད་རླུང་མ་ཞུ་སྦོས་པ་སེལ་བའི་སེ་འབྲུ་ཅུར་ནིས་ཏེ་སུམ་ཅུ། བློན་པོ་ད་ལིས་ཀྱི་སྦྱོར་བ་ལ། ད་ལིས་དྲུག་པ། ཟི་ར་བསྡེབས་པ། ཁ་རུ་ཚྭ་བསྡེབས་པ། ཛཱ་ཏི་བསྡེབས་པ། སྟར་བུ་བསྡེབས་པ། ད་ཏྲིག་བསྡེབས་པ། ད་ལིས་བདུན་པ། བརྒྱད་པའི་གྲས། བད་ཀན་གྲང་སེལ། ཕོ་སྦོས་སེལ་བ། སྙིང་རླུང་སེལ་བ། རོ་སྟོད་རྫིང་སེལ། ཆུ་འགགས་སེལ་བ། འཁྲུ་གཅོད། ད་ལིས་ཅུར་ནིས་ཏེ་བཅུ་བཞི། རྗེའུ་རྒོད་མ་ཁ། ཀ་རཉྫ་བདུན་པ། དྭངས་མ་མ་ཞུ་མིག་སེར་སེལ་བ། དང་ག་འབྱེད་པ། ཕོ་སྦོས་འཇོམས་པ། མེ་དྲོད་སྐྱེད་པ། མ་ཞུ་འཇུ་བ། སྐྲན་རློག་སྟེ་བདུན། སྣ་ཚོགས་ཁ་འཐོར་རམ་དམངས་སུག་སྨེལ་བདུན་པ། བཅུ་པ། སྨན་སྒ་བཞི་པ། རུ་རྟ་བཞི་པ། ཤུ་དག་བཞི་པ། ཤིང་ཀུན་ལྔ་པ། བརྒྱད་པ། ཅུར་ནིས། སྲིན་དང་གཞང་འབྲུམ་སེལ་བའི་བྱི་ཏང་བདུན་པ། ད་ཏྲིག་དགུ་པ། བདུན་པ། ཚ་གྲང་རྟས་བསྒྱུར་བའི་ཚ་བ། གྲང་བ། ཡ་བཀྵ་བདུན་པ། ཤིང་མངར་དྲུག་པ་རྟས་བསྒྱུར་ཚ་བ། གྲང་བ། སྲིན་འཇོམས་བྱི་ཏང་བདུན་པ་རྟས་བསྒྱུར་ཚ་བ། གྲང་བ། རྒྱམ་ཚྭ་དྲུག་པ་སོགས་བཅོ་བརྒྱད་དེ་གྲང་སེལ་རེ་དགུ་བསྡོམས་པས་ཕྱེ་མ་ལ་བརྒྱ་དང་རེ་ལྔ།  ༈ རིལ་བུ་ལ་ཁྱུང་ལྔ། སྙིང་རླུང་སེལ་བ། མེ་ཉམས་གསོ་བ། སྐྲན་བཤིག་པ། སྐྱ་རྦབ་འཇིལ་བ། དམུ་རྫིང་སྐེམས་པ། ས་གདོན་འཇོམས་པ། གྲང་རླུང་འཇོམས་པ། སྲིན་ནད་སེལ་བ། ཆ་མཉམ་རིལ་བུ། ལྷེན་སྐྲན་འཇོམས་པ། སྐྲན་ནད་སེལ་བ། སྟོད་ཚ་སྨད་གྲང་ལ་ཕན་པ། སྐྱ་རྦབ་འཇོམས་པ། རླན་གྲང་སྦོས་འཇོམས། རྟུག་སྐམ་སེལ་བ། ཡི་འཆུས་སེལ་བ། གྲང་སེལ། སྐྲན་འཇོམས། སྐྱུག་སེལ་བ། དམུ་རྫིང་སྐེམས་པ། མཁལ་རྐེད་དཔྱི་སྨད་གསོ་བ། སོའི་བཅུད་ལེན་བཅས་ཉེར་གཉིས། ༈ ལྡེ་གུ་ལ་ཚ་སེལ་སོར་བརྒྱད་པའམ་ལྕགས་ཕྱེ་བརྒྱད་པའི་ལྡེ་གུ། ཏིག་ཏའི། མཁྲིས་པ་སྣ་ཚོགས་སམ་གུར་ཀུམ་ལྡེ་གུ། བྲག་ཞུན་ལྡེ་གུ། ཙན་དན་ལྡེ་གུ། དེ་ལ་རླུང་ལྡན་གྱི་ཁ་བསྒྱུར། བད་ཀན་གྱི་ཁ་བསྒྱུར། དམར་གསུམ་ལྡེ་གུ། གསལ་བྱེད་བདུན་པའི་ལྡེ་གུ། བསེ་རུའི་ལྡེ་གུ། ཙན་དན་དམར་པོའི་ལྡེ་གུ་ཁྲག་གཅོད་མཚལ་གྱི་ལྡེ་གུ། ཅུ་གང་རབ་རིབ་སེལ་བ། བུ་ཆུང་གློ་ནད་སེལ་བ། མཆིན་སྣ་ལྡེ་གུ་བཅས་བཅོ་ལྔ། གྲང་སེལ་གྱི་སྡེ་ཚན། ཆ་སྐྱེད་ལྡེ་གུ། རྒྱ་ཚྭ་ལྡེ་གུ། ཤིང་ཚ་བཞི་པའི་ལྡེ་གུ། མ་ནུ་བརྒྱད་པའི་ལྡེ་གུ། སེ་འབྲུ་བཅུ་པའི་ལྡེ་གུ་བཅས་ལྔ་སྟེ་ཁྱོན་ལྡེ་གུ་ཉི་ཤུ། སྨན་མར་ལ་ཚ་སེལ་ཏིག་ཏའི་སྨན་མར་ཚད་རྙིང་སེལ་བ། མཆིན་མཁྲིས་སྙིང་ཚད་སེལ་བ། མཛེ་ནད་སོགས་སེལ་བ། ཚད་རྙིང་རྙོག་སེལ་བ། གསལ་བྱེད་དགུ་པ། སེང་ལྡེང་དགུ་པ། བདུན་པ། འབྲི་རྐང༌། བའི་རྣམ་ལྔ། ཞོ་ཤ སྲོ་ལོ། ཤུག་པ། དམར་པོ་བཞི་པ། ཁྲག་འཛག་གཅོད་པ་སྟེ་བཅུ་བཞི། གྲང་སེལ་འབྲས་གསུམ། རྩ་ལྔ་འབའ་སམ། ད་བྱིད་སྐྱིན་གོར། སྒོག་སྐྱའི་མར་ད་རྒན་རྒྱུ་ལོང་སེལ་བ། རླུང་ནད་སེལ་བ། བ་སྤྲུ་བ། བཟང་པོ་ལྔ། གཟེ་མ་ལྔ་སྟེ་དགུ་བཅས་ཁྱོན་ཉི་ཤུ་རྩ་གསུམ། ཐལ་སྨན་བཅུ་གསུམ་ལ་འཇམ་པོ། བར་མ་རྩུབ་པོ། ཅོང་ཞི་འཕྲུལ་ཐལ་ཆུང་ངུ༌། འབྲིང་པོ། ཆེན་པོ། ཁ་འཐོར་ཚ་བསྲེགས། གར་ནགབིག་པན། རིན་པོ་ཆེའི་ཐལ་སྨན་ལ་གསེར་དངུལ་ཟངས་ལྕགས་སོགས་བྱང་ཁོག་རྣག་ཁྲག་སྐེམ་པ། མཚལ་ཐལ། ཤ་རུས་སོགས་རྣག་ཆུ་སྐེམ་པ། ཅོང་ཞི་རྒོད་བཏུལ་ཏེ་ཁྱོན་བཅུ་གསུམ། ཁཎྜ་ལ་གྲང་སེལ་མ་གསུངས་པས་ཚ་སེལ་ལ་འབའ་སམ་གྱི་སྦྱོར་བ། སྔོ་སྣ་ནི། རྨ་རྩི། རྨ་གསོ། བཤལ་སྨན། ཐར་ནུ། མཁྲིས་པ། བྲག་ཞུན། བ་ཆུ། སྟར་བུ། ཤུག་པ། ར་མཉེ། ལྕ་བ། སེང་ལྡེང༌། ལྡུམ་བུ་ཟངས་རྩི། སྐྱེར་པ། འབམ་པོ། སྲིན་སྨན་མང་སྦྱོར་བཅས་བཅུ་བདུན། སྨན་ཆང་ལ་ཚ་གྲང་གི་དབྱེ་བ་མེད་ཀྱང་སྦྲང་ཆང་རྐྱང་པ། ཁུག་པ། ཡོངས་རྫོགས། པུཥྤ་བུར། ནས། མར། གཟེ་མ། རུས་ཏེ་དགུ་དང༌། སྲོ་ལོ། ཏིག་ཏ་རང་བསིང༌། ཀྱི་ལྕེ་བསྲིང་བ། ཛཱ་ཏི་རུས། རྒུན་བུར། ན་ལེ་ཤམ་འབྲུ། རྒྱ་ཚྭ། སེང་ལྡེང་བགྲུང༌། གཙོ་བོ་དྲུག ཟན་ཆང་བཅས་བཅུ་བསྡོམས་པས་བཅུ་དགུ། རིན་པོ་ཆེའི་སྦྱོར་བ་ལ། གྲང་སེལ་ཚ་སྦྱོར་གཅིགགྲང་སེལ་གྲང་སྦྱོར་ཆིག་ཐུབ་ལ་རྣག་སྐེམ། རྩ་ནད་སེལ་བ། སྐྲངས་འཇོམས། དུག་འཇོམས། ཤ་དུག་སེལ་བ། འཁྲུགས་ཚད་སེལ་བ། རིམས་ཚད་སེལ་བ། འབྲུམ་ནག་སེལ་བ། ལྷོག་འཇོམས། གག་སེལ། རྒྱུ་གཟེར་སེལ་བ་བཅས་བཅུ་གཅིགཀུན་རྒྱུག་བརྒྱད་ལ་བཅུད་ལེན། རྣག་སྐེམ། དམུ་ཆུ་སྐེམ་པ། མཛེ་འཇོམས། ཆུ་སེར་སྐེམ་པ། དྲེག་སེལ། འབྲས་སེལ། ཤ་རོ་གཅོད་པ་བཅས་བརྒྱད་དེ་ཁྱོན་ཉི་ཤུ་ཐམ་པ། སྔོ་སྦྱོར་ལ་ཚ་སེལ་ཐུན་མོང་བ་གཅིག་དང༌། གཙོ་བོ་གཞི་ལ་ཁ་བསྒྱུར་གྱི་སྦྱོར་བ་རིམས་ཚད་སེལ་བ། འགྲམས་ཚད་སེལ་བ། འཁྲུགས་ཚད་སེལ་བ། དུག་ཚད་སེལ་བ། ཤ་དུག་སེལ་བ། ཚ་འཁྲུ་སེལ་བ། འབྲུམ་ནག་སེལ་བ། གག་ལྷོག་སེལ་བ། གཉན་གཟེར་འཇོམས་པ། སྨུག་པོ་སེལ་བ། མགོ་ཆག་སེལ་བ། ཆུ་འཐུང་ཚད་གཅོགརྩ་ཆད་མཐུད་པ། རྣག་ཁྲག་ཆུ་སེར་སྐེམ་པ། ཁྲག་ཚད་སེལ་བ། མཁྲིས་ཚད་སེལ་བ། ཆུ་སེར་སེལ་བ། སྙིང་ཚད་སེལ་བ། གློ་ཚད་སེལ་བ། མཆིན་ཚད་སེལ་བ། མཆེར་ཚད་སེལ་བ། མཁལ་ཚད་སེལ་བ། ཕོ་ཚད་སེལ་བ། རྒྱུ་ཚད་སེལ་བ། བཤལ་ཚད་སེལ་བ། རྩ་ཚད་སེལ་བ། རུས་ཚད་སེལ་བ་བཅས་ཉེར་བརྒྱད། གྲང་སེལ་དབྱི་མོང་བཞི་པ་ལ་ཁ་བསྒྱུར་མེ་དྲོད་སྐྱེད་པ། རྩམ་པ་འཇུ་བ། སྔོ་ངད་འཇུ་བ། སྐྲན་འགྲིལ་བཤིག་པ། རྡོ་སྐྲན་བཤིག་པ། མངལ་སྐྲན་བཤིག་པ། དམུ་རྫིང་སྐེམ་པ། སྐྱ་རྦབ་འཇོམས་པ། གློ་ནད་སེལ་བ། མཆིན་ནད་སེལ་བ། མཁལ་ནད་སེལ་བ། ཆུ་སེར་སེལ་བ། གྲང་རྣག་སྐེམ་པ་སྟེ་བཅུ་གསུམ་དང༌། ཀུན་འདུས་ཀྱི་སྦྱོར་བ་གཅིག་སྟེ་བཅུ་བཞི། ཁྱོན་ཞེ་གཉིས་རྣམས་བསྒྲིལ་བས་ཞི་བྱེད་སྨན་གྱི་སྦྱོར་བ་ལ་བཞི་བརྒྱ་དང་བཅོ་བརྒྱད།

        སྦྱོང་བྱེད་ཀྱི་སྨན་བཤལ་ལ། སྤྱི་བཤལ་དེད་དཔོན་བཞི་སྦྱོར། བཅུ་སྦྱོར། དེ་གཉིས་ལ་ཁ་བསྒྱུར་སྙིང་ཚད་སྦྱོང་བ། གློ་ནད་སྦྱོང་བ། མཆིན་ཚད་སྦྱོང་བ། མཆེར་ཚད་སྦྱོང་བ། མཁལ་ཚད་སྦྱོང་བ། ཕོ་ནད་སྦྱོང་བ། མཁྲིས་ནད་སྦྱོང་བ། སྣོད་ནད་སྦྱོང་བ། རྩ་ནད་སྦྱོང་བ། མགོ་སྐྱོན་རྩ་ནད་སྦྱོང་བ། སྟོད་ཀྱི་རྩ་ནད་སྦྱོང་བ། སྨད་ཀྱི་རྩ་ནད་སྦྱོང་བ། པགས་ནད་སྦྱོང་བ། མགོའི་ནད་སྦྱོང་བ། མིག་ནད་སྦྱོང་བ། ཚད་ནད་སྦྱོང་བ། གྲང་ནད་སྦྱོང་བ། འདྲེས་པ་སྦྱོང་བ། ཆུ་སེར་སྦྱོང་བ། དུག་སྦྱོང་བ། བད་ཀན་སྦྱོང་བ། སྐྲན་ནད་སྦྱོང་བ། དམུ་ཆུ་སྦྱོང་བ། སྐྱུག་ནད་སྦྱོང་བ། ཕོ་ལོང་སྦོས་ནད་སྦྱོང་བ། རྒྱུ་ལོང་འཁྲོལ་བ་སྦྱོང་བ། སྲིན་ནད་སྦྱོང་བ། དྲེག་ནད་སྦྱོང་བ། འབྲས་ནད་སྦྱོང་བ། བུ་སྣོད་སྦྱོང་བས་སུམ་ཅུ་པོ་དེད་དཔོན་བཞི་སྦྱོར་དང་བསྡེབས་པའི་དྲག་པོ་སུམ་ཅུ། བཅུ་སྦྱོར་དང་བསྡེབས་པས་འཇམ་པ་སུམ་ཅུ། འཇམ་པ་ལ་གནད་ཀྱི་མན་ངག་རྩམ་པ་མི་འཁྲུ་བ། བུ་མི་འཆོར་བ། སྐྱུག་མི་སྲིད་པ། མྱུར་དུ་འབིགས་པ་འབྱམས་མི་སྲིད་པ། ཆུར་མི་གནོད་པ། ཁ་མི་སྐམ་པ་སྟེ་བདུན། ཐོར་བུ་ནད་ཀྱི་སྒོས་བཤལ་ལ་འཁྲུགས་རིམས་རྒྱས་པའི་ཚད་པ་སྦྱོང་བ། གཟེར་ཐུང་སྦྱོང་བ། བད་སྨུག་ཚད་པ་སྦྱོང་བ། མཁྲིས་ནད་སྦྱོང་བ། གླང་ཐབས་སྦོས་པ་སྦྱོང་བ། སྐྲན་ནད་སྦྱོང་བ། སྐྱ་རྦབ་སྦྱོང་བ། དམུ་ཆུ་སྦྱོང་བ། དུག་ནད་སྦྱོང་བ། ཤ་དུག་སྦྱོང་བ། བྱང་ཁོག་ཁྲག་བབ་སྦྱོང་བ། ཕོ་མཆིན་གྱི་ནད་སྦྱོང་བ། རྒྱུན་སྦྱོང་སྟེ་བཅུ་གསུམ་ཁྱོན་བཤལ་སྨན་བརྒྱད་ཅུ་གྱ་གཉིས། སྐྱུགས་ལ་གཙོ་བོ་རི་ཤོ་དྲུག་པ་དང༌། དེ་ལ་ཁ་བསྒྱུར་མ་ཞུ་བ། རླུང་ལྡན། མཁྲིས་ལྡན། སྐྲན་དུགབྱང་ཁོག་སྣ་ཁྲག གློ་ནད་དང་བརྒྱད་དེ་རིལ་བུར་བྱས་པ་དྲག་པོ་དང༌། ཁུ་བར་བྱས་པ་གཙོ་བོ་བཅས་བརྒྱད་འཇམ་པ་སྟེ་ཁྱོན་བཅུ་དྲུག སྣ་སྨན་ལ་གཟེར་འཁྱུག་འཇོམས་པ། ཟ་འགྲམ་ཀླད་ནད་སེལ་བ། རྣ་བ་མགོ་ནད་སེལ་བ། སོ་སྲིན་སེལ་བ། རླུང་ནད་འཇོམས་པ་ལྔ་འཇམ་པོ་དང༌། འགྲོན་བུ་དྲུག་པ། ས་འཛིན་ལྔ་པ་གཉིས་ཏེ་ཁྱོན་བདུན། འཇམ་རྩི། སླེ་འཇམ། བཀྲུ་འཇམ། བཀྲུ་མ་སླེན་གསུམ་དང༌། ཁ་འཛིན་རླུང༌། བད་ཀན། མཁྲིས་པ། སྐྲན། སྲིན། ཕོ་ལོང་སྦོས་པ་དྲུག་སྟེ་དགུ། ནི་རུ་ཧ་ལ་བར་མ་དུར་བྱིད་དྲུག་པ། དེ་ལ་ཁ་འཛིན་མཚོན་ཕོག་པ། གླང་ཐབས། སྨད་ཚད། ལྟོ་སྦོས། སྲིན། གྲང་བ་སྟེ་དྲུག་རྣམས་སོ་སོའི་སྟེང་རེ་ལྕག་བསྣན་པས་རྣོན་པོ་དྲུག་སྟེ་བཅུ་གསུམ། འཇམ་པོ་གཅིག་སྟེ་ཁྱོན་བཅུ་བཞི། རྩ་སྦྱོང་ལ་བྱང་པ་བདུན་པ་དང༌། རྒྱ་རུ་དགུ་པ་གཉིས་ཏེ་ཁྱོན་སྦྱོང་བྱེད་ཀུན་དྲིལ་བརྒྱ་སུམ་ཅུ།

        དཔྱད་ལ་དུགས་ཀྱི་སྐབས་བསིལ་དུགས་ལ་འགྲམ་འཁྲུགས་ཚ་གཟེར་སེལ་བའི་སྐར་ཆུ་དྲོད་བླུག་གི་དུགས། རིམས་འཁྲུགས་པ་ལ་སྐར་ཆུས་བྲན་དུགས། མིག་ལ་མཚོན་ཕོག་བཙན་སྐྲངས་ལ་ཆུ་གྲང་གྲོད་གཏུམས་ཀྱི་དུགས། ཤ་དུག་གྲེ་འགགས་སེལ་བའི་བོང་དཀར་གངས་ཆུར་བཅས་པའི་གྲོད་དུགས། རྒྱུ་གཟེར་སེལ་བའི་བོང་དཀར་མཁན་ཆུའི་དུགས། ཁྲག་མཁྲིས་ཚ་གླང་སེལ་བའི་ཆུ་རྡོ་གྲང་མོའི་དུགས། ཚ་གཟེར་སེལ་བའི་བྱང་ལྕགས་ཀྱི་དུགས་དང་ཚན་ཞོའི་དུགས། རྣག་ཁྲག་མ་ཆོད་ན་སྐར་ཆུ་འདག་ནག་གི་དུགས། སོའི་ཁྲག་ཚད་རླུང་སྐྲངས་སེལ་བའི་འདག་དུགས། དྲེག་ནད་ཚ་བྲབ་ལ་སླེ་ཏྲེས་བ་ལྕི་བསྲེས་པའི་དུགས་ཏེ། བསིལ་དུགས་བཅུ་གཅིག དྲོད་དུགས་ཚྭ་བསྲེགས། ཆུ་རྡེ། གྲོག་ཞིང༌། སྦང་སྐམ། བྱི་ས། ཧ་བོ་སོགས་ཕུག་རོན་བྲུན། སོ་ཕག་རྫ་བསྲོས། སྤྲུ་མའི་རྩ་ལོ། རྟ་སྦང༌། སྣུམ་ཀོང༌། ཕྱིང་པ་སྣུམ་ཆུ་རྡོ། གཡི་སྤྱང་སྤུ། ལག་མཐིལ། ཤག་མ་ཆང་བྲན། སྦང་སྐམ་གྲོག་ཞིང༌། འབའ་ཆ་བྱ་བྲུན། རུས་རྙིང་ཆང་བྲན། ལུག་རིལ་ཆང་བྲན་བཅས་བཅུ་དགུ་སྟེ་ཁྱོན་སུམ་ཅུ། ལུམས་ལ་ཆུ་ལུམས། བདུད་རྩི་ལྔ་ལུམས། མི་རུས་བཙའ་མའི་རླངས་ལུམས། མཁན་པ་བུལ་ཏོག་སྟེ་བཞི། བཅིངས་ལུམས་ལ་འབྲུ་སྣ། ཀྱི་ལྕེ་མཛོ་ལྕི་སྦྱར་བ། མེ་ཏོག་སྣ་ཚོགས། བདུད་རྩི་ལྔ་དང་གླ་རིལ། སྤང་སྤོས་དྲི་ཆུར་སྦྱར་བ། ཚན་དང་སྲོ་ལོ། གླ་རྩི་ར་རིལ། ཁྲུ་གང་འོག་ས་སྟེ་བརྒྱད་པོ་བཅས་བཅུ་གཉིས་པོ་ཚ་སེལ། གྲང་སེལ་སྦང་སྐམ་བྱི་བྲུན། བྱི་བྲུན་དྲི་ཆུ། སྦང་གར་བཙོས་པ། རྟ་རྐྱང་བོང་བུའི་སློ་དྲོན་རིལ་མ་ཆང་བཙོས། སྤྲུ་རྩ་རེ་ལྕག སྒ་སྤོད་སྦྱར་བ། མི་རུས་བ་སྤྲུ། སྙིང་སྣ། ཁྲུ་གང་འོག་ས། རུས་སྣ་ཆང་བཙོས། འབའ་ཆ་ཆང་བཙོས་ཏེ་བཅུ་གཉིས་ཁྱོན་བསྒྲིལ་ཉེར་བཞི། བྱུག་པ་ལ་ཚ་གྲང་མེད་ཅིང༌། མི་ཞུན། འབྲུ་མར། ཞུན་མར། ལོ་མར། རྟ་རྐྱང་བོང་ཚིལ། སྲམ་མམ་ད་བྱིད་ཀྱི་ཚིལ། ཤ་ཚིལ། ཁྱི་ཚིལ། མུ་ཟི་ནག་པོ་དང་ཕག་ཚིལ། ར་ཚིལ་འབྲི་མོག ཙན་དན་མར་ཁུ། བྱ་རྒོད་ཕག་ཚིལ་འབྲི་མར་སོགས། བཅའ་སྒ་འབྲི་མར། གླ་རྩི་མར་དཀར་ཏེ་བཅུ་བཞི་སྣུམ་བྱུགས། ལྷོག་པ་འཇོམས་པ། ཤུ་བ་སེལ་བ། སྐྲངས་པ་ཟུག་གཟེར་གཅོག་པ། རྣག་འཛག་འབྲས་ཐབས་སེལ་བ། དྲེག་ནད་སེལ་བ། ཚ་སྐྲངས་སེལ་བ། པགས་ནད་སེལ་བ། འབྲུམ་ཐོར་སེལ་བ། ཡན་ལག་སྐྲངས་པ་སེལ་བ། མེ་དབལ་སེལ་བ། ཚ་བ་ཕྱི་ཤོར་སེལ་བ། ཟ་འཕྲུག་སེལ་བ། ཤ་བཀྲ་བས་ལྡགས་སེལ་བ། ཟ་འཕྲུག་སེལ་བ་བཅས་བཅུ་བཞི་སྟེ་ཁྱོན་ཉི་ཤུ་རྩ་བརྒྱད་དེ་འཇམ་དཔྱད་བརྒྱད་ཅུ་རྩ་གཉིས།

        ༈ རྩུབ་དཔྱད་གཏར་ག་ལ་དཔྲལ་རྩ་གཉིས། ལྟག་རྩ་གཉིས། མཚོག་གསང༌། རྩེ་ཆུང་གཉིས། ཐོང་རྩ་གཅིག ལྕེ་རྩ་གཉིས། དཔུང་རྩ་གཉིས། ཨ་སོ་གཉིས། དྲུག་མགོ་གཉིས། སྒང་རྩ་གཉིས། རུ་ཐུང་གཉིས། གཤའ་རིངས་བཞི། སྐྱོར་གོང་གཉིས། ཕྲན་བུ་གཉིས། རྒྱབ་རྩ་གཉིས། པྲན་རྩེའི་བར་རྩ་བརྒྱད། རྩ་བོ་ཆེ་གཉིས། སྒབ་རྩ་གཉིས། རྟ་མཐུར་གཉིས། བྱིན་གཞུག་གཉིས། ལོང་རྩ་གཉིས། གདོང་རྩ་གཉིས། ཡོབ་གོང་གཉིས། བྱིན་ཀྱོག་གཉིས། རྒྱུ་རྩ་གཉིས། སྦུབས་ཀྱི་རྭ་རྩ་བཞི། མུར་གོང་འཕར་རྩ་གཉིས། མིག་རྩ་གཉིས། སྣ་རྩེ། རྣ་རྩ་གཉིས། ལྟག་རལ་གཉིས། སོ་རྩ་གཉིས། གློ་སྙིང་འདོམ་རྩ་གཉིས། མཆིན་མཁྲིས་འདོམ་རྩ་གཉིས། སྲིན་ལག་རྒྱབ་རྩ་གཉིས་ཏེ་གཏར་རྩ་དོན་བདུན་པོ་དེར་གཏར་གྱི་གསོ་བྱེད་མ་ཚང་བ་འདི་སྐབས་མེད་ཅེས་སོ། །སྲེག་པ་ལ་རྒྱབ་ཨན་སྟོང་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ། ཉི་ཤུ་པ། མདུན་སྐེ་སྟོང་ཅ་ར་ཁུང༌། དཀར་ནག་མཚམས་ལྷེན་གསང༌། སྐྲན་གསང་ཁ་གསུམ། མེ་ཉམས་གསང་ཁ་གསུམ། ལོང་ཐེར་གཉིས། ལོང་ཕུགས་གཉིས། རྒྱུ་སྟོད་གསང་གསུམ། རྒྱུ་སྨད་ཁ་གསུམ། ལྒང་པ་ཁ་གསུམ། མཛུབ་ཚུགས་ཀྱི་གསང༌། སྡུད་སྒོ། སྤྱི་གཙུགམཚོག་མ། སྤུ་དཀྱིལ་གཉིས། མ་མཆུའི་འོགཕྱི་ལོང་སྟེང་གི་ཆུ་བར་གཉིས། མཁྲིག་མའི་སོར་བཞི་གཉིས། ངར་གདོང་ཆུ་བར་གཉིས། བརླའི་ཕྱི་སུལ་གཉིས། ཨོལ་འཛུམ་གཅིགམཐེ་བོང་སྤུ་དཀྱིལ་གཉིས། རྟིང་པའི་དྲེག་མཚམས་གཉིས། ནང་ལོང་འཕར་རྩ་གཉིས། སྲིན་ལག་གི་ཚིགས་མགོ་གཉིས། རྣ་དྲུང་གཉིས། སྲིན་ལག་གི་རྩེ་མོ་གཉིས། དཔུང་མགོ་གཉིས་ཏེ་མེ་དམིགས་བདུན་ཅུ་དོན་གཅིགཐུར་མ་ལ་སྙིང་ལ་སྙིང་སྟོད་གཉིས། མྱོས་བྱེད་གཉིས། སྙིང་ཆུ་གཙགས་པའི་གསང་གཉིས། སྙིང་ལོགས་གཉིས། གློ་སྙིང་འདོམ་གསང་གཉིས། ཚིགས་པ་བདུན་པ་ཁ་གསུམ་སྟེ་བཅུ་གཅིག སྲོག་རྩའི་གསང་ས་དྲུག་པ་ཁ་གསུམ། གོ་ཆེན་གཉིས་དང༌། གོ་ཆུང་གཉིས། སྐེ་སྟོང་ཙ་ར་ཁུང་སྟེ་དྲུག གློ་བར་གོ་བར་དང་པོ་གཉིས། བར་པ་གཉིས། ཐ་མ་གཉིས། མཆན་འོག་རྩིབ་མའི་གོ་བར་དང་པོ་གཉིས། གཉིས་པ་གཉིས། ཐ་མ་གཉིས། བྲང་གི་རྩིབ་མའི་གོ་བར་གཡས་གཡོན་བཞི་རེ། གློ་བའི་རྒྱབ་གསང་ཚིགས་པ་བཞི་པ་དང་ལྔ་པ། མཆིན་དྲི་ལ་ཚིགས་པ་བརྒྱད་པ། ནུ་མ་ནས་ཐུར་ཚོན་དོ་བཅལ་བའི་འོག་རྩིབ་མའི་གོ་བར་དང་པོ་གཉིས། བར་པ་གཉིས། ཐ་མ་གཉིས། རྒྱབ་ཚིགས་པ་དགུ་པ། བཅུ་གཅིག་པ་སྟེ་བརྒྱད་པོ་མཆིན་མཆེར་གཉིས་ཀྱི་གསང༌། མཁལ་མ་ལ་ཚིགས་པ་བཅུ་བཞི་པ། གཡས་གཡོན་རྩ་ནག་གཉིས། མཁལ་འབྲས་གཉིས། མཁལ་ཚིལ་གཉིས། དཔྱིའི་འཁོར་མིག་གཉིས་དང་རེའི་ཕྱོགས་བཞིར་རེ་རེ་སྟེ་ཁྱོན་བཅུ། བྱིན་བརླའི་ཕྱི་སུལ་གཉིས་རེ། ཕོ་གསང་ཚིགས་པ་བཅུ་གཉིས་པ། ལྷེན་གསང་གསུམ། སྐྲན་གསང་གསུམ། མེ་ཉམས་གསང་གསུམ། ཅུར་འབྱིན་གཉིས། ཚིགས་པ་བཅུ་གསུམ་པ། བཅོ་ལྔ་སྟེ་བུ་སྣོད་གསང་གཉིས། ལོང་ཐེར་གཉིས། ལོང་ཕུགས་གཉིས། ཚིགས་པ་བཅུ་དྲུག་པ་སྟེ་ལོང་གསང་ལྔ། རྒྱུ་སྟོད་གསང་གསུམ། རྒྱུ་སྨད་གསང་གསུམ། ཚིགས་པ་བཅུ་བདུན་པ་སྟེ་རྒྱུ་གསང་བདུན། སྨད་ཀྱི་དབྱེ་གསང་གཉིས། ཚིགས་པ་བཅོ་བརྒྱད་པ་སྟེ་འབྲས་བུ་སྐྲངས་པར་ཕན་པའི་གསང་གསུམ། ཡན་ལག་ཚིགས་ཆེན་བཅུ་གཉིས་ཏེ་ཁྱོན་ཐུར་མའི་འཕང་ཡུལ་བརྒྱ་དང་བཅུ་སྟེ་རྩུབ་དཔྱད་ཉིས་བརྒྱ་ང་བརྒྱད།

        ༈ ཟས་སྤྱོད་བཤད་རྒྱུད་ནས་བླངས་པར། ཟས་དེ་ལ་ཡང་འདི་སྐབས་ཕན་ཟས་གཙོ་བའི་གནོད་པ་ཤ་སྟག་གི་ཟས་རྣམས་སྤང་བ་སྟེ་འབྲུའི་རིགས་འབྲས་ཁྲེ། ཁྲ་མ། གྲོ་ནས། སོ་བ་དང་སྲེ་ད་གཉིས། སྲན་མ། མོན་སྲན། རྒྱ་སྲན། མ་ཤསྲན་ཆུང་སྐྱོ་མ། ཏིལ། ཟར་མ་བཅས་འབྲུའི་སྡེ་ཚན་བཅུ་གསུམ། ཤ་ལ་ལུགར། བ་ལང་བཤུལ་ཤ ཕག མ་ཧེ། གཡག ཁྱིམ་བྱ་བྱེའུ། རྨ་བྱ། གཡག་རྒོད། རི་དྭགས། རི་བོང༌། འཕྱི་བ། སྲམ། ཉ་ཤ་བཅས་དངོས་བསྟན་བཅོ་ལྔ། མར་གསར། མར་རྙིང༌། ཞུན་མར། ཕྲུམ་གསར། སྤྲི་ཕྱུར་བ་དང་བཅས་པ། ཟོ་མར། འབྲི་ལུག མཛོ། བ་ར། ཏིལ་མར། ཡུངས་མར། རྐང་མར། ཚིལ་བཅས་སྣུམ་པའི་རིགས་བཅུ་གཉིས། སྔོ་ངད་ལ་བཙོང་སྒོག སྒོག་སྐྱ། ལ་ཕུག་གཞོན་ནུ། ཉུང་མ། རི་སྒོག ལྕུམ་དང་ཆོ་ལོ་སྟེ་སྔོ་ངད་ཀྱི་སྡེ་ཚན་དྲུག འབྲས་ཐུག་སླ་བ། ཅུང་ཟད་བསྐ་བ། འབྲས་ཐུག་གར་པོ། འབྲས་ཆན། འབྲས་ཡོས། ཡོས་དྲལ། རྩམ་གྲང༌། བཙོས་ཟན། ཨ་སྦྱར། ཟན་ཆང༌། སྐྱུར་པོ། ཤ་ཁུ། ཟན་སྐམ་གྱི་ཚོད་མ། སྔོ་ལས་བྱས་པའི་གཡོས་ཀྱི་སྡེབས་ལ། ཟྭ་ཚོད། ལྕམ་པ་སོགས་ཀྱི་ཚོད་མ། དྭ་ཚོད། སྣེ་ཚོད། མོན་སྣེ་དམར་པོ། སྐྱབས་ཁུར་གྱི་ཚོད་མ། སྔོ་སྒའི་ཚོད་མ། སྲན་ཚོད། ལོ་སར། ལྕ་བ་ར་མཉེའི་ཚོད་མ། ལ་ཕུག་གི་ཚོད་མ། སྒོག་སྐྱ་སྒོག་སྔོན་གྱི་ཚོད་མ། སྤོད་ཀྱི་སྡེབས་ལ་ལན་ཚྭ། གཡེར་མ། སྒ། ཤིང་ཀུན་བཞི་བཅས་ཁྱོན་ཉི་ཤུ་རྩ་དགུ། བཏུང་བ་འོ་མ་ལ། བ་འོ། ར་འོ། ལུག་འོ། རྟ་བོང་འོ་མ། འོ་སྐོལ། བཞོས་ཐོག་འོ་མ། ཞོ་སྐྱ། དར་བ། ཞོ་ཁ་ཆུ། ཕྱུར་བ། ཞོ་བཙོས་ཏེ་བཅུ་གཅིག ཆུ་ལ། ཆར་ཆུ། གངས་ཆུ། ཆུ་ཀླུང༌། ཆུ་མིག ཁྲོན་པ། བ་ཚྭ། ཤིང་ཆུ། ཆུ་བསིལ། ཆུ་བསྐོལ། བསྐོལ་གྲང་བཅས་བཅུ། ཆང་ལ་གྲོ་ཆང༌། འབྲས་ཆང༌། ནས་ཆང༌། སོ་བ་སྲེ་ད་ཡོས་ཆང་གསུམ། ཚྭ་བཅས་ལྔ་སྟེ་ཕན་ཟས་ཁྱོན་བསྡོམས་བརྒྱ་དང་གཅིགནད་པ་ལ་གསོ་བྱེད་ལ་དགོས་པ། གནས་སྐབས་ཀྱི་སྤྱོད་པ་ལ། བཀྲེས་པ། སྐོམ་པ། སྐྱུག་པ། གཡལ་བ། སྦྲིད་པ། དབུགས། གཉིད། ལུད་པ། མཆིལ་མ། བཤང་བ། འཕྱེན། གཅིན། ཁུ་བ་བཅས་བཅུ་གསུམ་པོ་སྟེ་ངེས་པར་སྟོང་དང་རྩ་གཉིས་འབྱུང་བ་ཡིན་ཏེ།

          མདོ་རུ་བསྡུས་པས་ན་སྨན་དཔྱད་ཟས་སྤྱོད་བཞིར་མ་འདུས་པ་མེད་ཀྱང༌། ནང་གསེས་ཀྱིས་དབྱེ་ན་སྨན་ཞེས་པ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ཡོད་པའི་ཞི་བྱེད་ལའང་བསིལ་སྦྱོར་དང་དྲོད་སྦྱོར་གཉིས། སྦྱོང་བྱེད་ཀུན་ལའང་དྲག་པོར་སྦྱོང་བ་དང་འཇམ་པོར་སྦྱོང་བ་གཉིས་ཏེ་སྨན་ལ་བཞི། དེ་བཞིན་དུ་དཔྱད་ལའང་འཇམ་པོའི་དཔྱད་དང་རྩུབ་པའི་དཔྱད་གཉིས། ཟས་ལའང་ཕན་ཟས་དང་གནོད་ཟས་གཉིས། སྤྱོད་ལམ་ལའང་དྲག་དང་དལ་བ་གཉིས་ཏེ། དེའི་ནང་ནས་ཟས་དང་སྨན་གཉིས་ནི་ནད་པ་དང་ནད་མེད་གཉིས་ཀ་ལ་སྤྱིར་འགྲོའོ། །དེ་ལྟ་བས་ན་གཉེན་པོ་བཅུ་པོ་རྒྱས་པར་ཕྱེ་བའི་སྟོང་རྩ་གཉིས་པོ་འདི་ཡིས་ནི་ཕྱི་རྒྱུད་འདི་ནས་བཤད་པའི་ནད་ཀུན་འཇོམས་པར་གདོན་མི་ཟའོ། །

          དེ་ནས་བརྟག་ཐབས་ལ་རྩ་ཆུ་གལ་འགགས་གསུམ་གྱི་རྩ་ལ་སྤྱི་དོན་བཅུ་གསུམ་ཡོད་པའི་སྔོན་འགྲོ་ལྔ་ལ་ལག་ལེན་རེ་རེ། དངོས་གཞི་བརྒྱད་ཀྱི་དང་པོ་ཐ་མལ་པ་ལ་བརྟག་པའི་རྩ་རྒྱུད་གསུམ། གཉིས་པ་ལ་དུས་སྟོན་ཁམས་རྣམས་སྦྱོར་བ་དང༌། སྐོར་འགོ་དགྲ་གྲོགས་བརྩི་བ་གཉིས། གསུམ་པ་ལ་ངོ་མཚར་གྱི་རྩ་བདུན། བཞི་པ་ལ་ནད་མེད་ཀྱི་རྩ་གཅིག ལྔ་པ་ལ་སྤྱི་བྱེ་བྲག་གསུམ། དྲུག་པ་ལ་འཆི་རྩ་གསུམ། བདུན་པ་ལ་གདོན་རྩ་བརྟག་པ་དང༌། རིམ་གྲོ་འབོགས་པ་གཉིས། བརྒྱད་པ་ལ་ཚེ་རྩ་བརྟག་པ་གཅིག་སྟེ། ཉེར་བདུན་ཆུ་ལ་སྤྱི་དོན་བརྒྱད་ཡོད་པའི་དང་པོ་ལྔ་ལ་རེ་རེ། དྲུག་པ་ལ་བརྟག་པའི་དུས་གསུམ་དང་བརྟག་ཚུལ་དགུ། སྤྱི་བྱེ་བྲག་གཉིས་ཏེ་བཅུ་བཞི། བདུན་པ་བརྒྱད་པ་གཉིས་ལ་རེ་རེ་སྟེ་ཉེར་གཅིག འཁྲུལ་སོ་རྩ་བའི་བཞི་ལ་ནད་བཞིའི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་གསལ་བ་སོགས་དྲུག་སྦྱར་བས་ཉེར་བཞི། རྒྱུ་རྐྱེན་ཡུལ་དུས་སོགས་བརྟག་པའི་ཐབས་བཞི་ལ་བཅུ་སྟེ་སོ་བཞི། གཉིས་པ་གསོ་ཚུལ་གྱིས་ཇི་ལྟར་གསོ་བ་ལ་གསུམ། གང་གིས་གསོ་བ་ལ་བཞི། གསོས་པའི་ཚད་ལ་གསུམ་སྟེ། སྤྱིའི་གསོ་ཚུལ་བཅུ། མ་ཞུ་བ་ལ་གཉིས། རང་རྒྱུད་པའི་གསུམ། གཞན་རྒྱུད་ཀྱི་གཅིག་སྟེ། བྱེ་བྲག་གི་གསོ་ཚུལ་དྲུག ཁྱད་པར་གྱི་གསོ་ཚུལ་དགུའི་དང་པོ་ལ། སད་མདའ་གཉེན་པོ་ཁ་དམར་གསུམ། གཉིས་པ་ལ་བཞི། གསུམ་པ་ལ་དྲུག བཞི་པ་ལ་གསུམ། ལྔ་པ་ལ་གཉིས། དྲུག་པ་ལ་བཞི། བདུན་པ་ལ་གཉིས། བརྒྱད་པ་ལ་ལྔ། དགུ་པ་ལ་གཉིས་ཏེ། གསོ་ཚུལ་ཀུན་བསྡོམས་པས་ལག་ལེན་ཞེ་བདུན། གསུམ་པ་གསོ་ཐབས་ལག་ལེན་བཅོ་བརྒྱད་ཡོད་པའི་དང་པོ་སྡེ་ཚན་ལྔ་ལས། ཐང་ལ་གདུས་ཐང་གྲུངས་ཐང་གཉིས། ཚ་གྲང་དྲོ་འཇམ་གྱི་ལག་ལེན་གསུམ་སྟེ་ལྔ། ཕྱེ་མ་ལ་ཐུན་ཚད་ཡོད་མེད་གཉིས། བརྡུང་ཚུལ་བཞི། སྨན་རྟ་གཉིས། འཕུལ་བྱེད་གཉིས། གཏོང་དུས་བཅས་པས་བཅུ་གཅིགརིལ་བུ་ལ་འཐག་ལུགས་གཉིས་དང་བསྒྲིལ་ལུགས་གཉིས། གཏོང་དུས་དང་ལྔ། ལྡེ་གུ་ལ་སྦྱོར་ལུགས་གཏོང་ལུགས་གཉིས། སྨན་མར་ལ་སྦྱོར་ལུགས་གཏོང་ལུགས་གཉིས། ཐལ་སྨན་ལ་སྤྱིའི་ལག་ལེན་གཅིག་དང་བྱེ་བྲག་ཅོང་ཞི། ཚྭ། ག་བུར་ནག་སྦྱོར། བིག་པན། རིན་པོ་ཆེ་མཚལ། ཤ་རུ་སོགས་བསྲེག་ལུགས་མི་འདྲ་བ་བརྒྱད། ཁཎྜ་ལ་འཚོད་ལུགས་གཅིག སྨན་ཆང་ལ་སྦྲང༌། པུཥྤ་བུ་རམ་སོགས་ཚྭ་ཆང་ཟན་ཆང་སྟེ་འཆོས་ལུགས་མི་འདྲ་བ་ལྔ། རིན་པོ་ཆེ་ལ་སྦྱོར་ལུགས་གཅིག བསྟེན་ཐབས་དགུ་དང་ལོག་གནོན་གཅིག་སྟེ་བཅུ་གཅིག སྔོ་སྦྱོར་ལ་ཡན་ལག་བདུན་ཏེ་ཞི་བྱེད་ཀུན་བསྡོམས་པས་ལག་ལེན་ལ་ལྔ་བཅུ་རྩ་བདུན་ཡོད། དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད། ཅེས་པའི་བསྡུ་ལུགས་ནི། ཐལ་སྨན་ནི་ཕྱེ་མ། ཁཎྜ་ནི་ལྡེ་གུ། སྨན་ཆང་ནི་ཐང༌། རིན་པོ་ཆེ་ནི་རིལ་བུ། སྔོ་སྦྱོར་དུ་ཐང་ཕྱེ་སོགས་གང་བཤད་ཀྱང་དེ་དང་དེར་བསྡུ་དགོས་ཏེ་སྡེ་ཚན་ཇི་ཙམ་ཕྱེ་ཡང༌། ལག་ལེན་དུ་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔར་མ་འདུས་པའི་སྦྱོར་བ་མེད་པའི་ཕྱིར་རོ། །གཉིས་པ་སྦྱོང་བྱེད་ལ་བདུན་གྱི་སྣུམ་འཆོས་ལ་རུང་མི་རུང་གཉིས། བསྟེན་ཐབས་གཉིས། ལེགས་ཉེས་ལོག་གནོན་གསུམ་སྟེ་བདུན། བཤལ་ལ་རུང་མི་རུང་རན་མི་རན་ཐུབ་མི་ཐུབ་གཉིས་དང་དྲུག སྔོན་འགྲོ་ཉེ་རིང་སོགས་གསུམ་སྣ་སེལ། དེད་དཔོན། ཁཎྜ། ཁ་འཛིན། གནད་ཀྱི་མན་ངག གཏོང་ཚུལ། གཏོང་དུས། ལྕག རླུང་གནོན་རྣམས་ལ་རེ་རེ་སྟེ་དགུ། འདོན་ཚད་གསུམ། ལོག་གནོན་བཞི། བྱ་ར་བ་ལྔ། རྗེས་གཅོད་སྤྱི་བྱེ་བྲག་གསུམ། སྐྱོན་གཉིས། ཡོན་ཏན་གཅིག་སྟེ་སོ་དྲུག སྐྱུགས་ལ་རུང་མི་རུང་གཉིས། སྦྱོར་བའི་སྔོན་འགྲོ་ཉེ་རིང་གསུམ། སྔོན་འགྲོ་མི་དགོས་པ་གཅིག སྦྱར་ཐབས་ལ་དངོས་གཞི་ཁ་འཛིན་གཉིས། བཏང་ཚུལ། ལྕག འདོན་ཚད་རྣམས་རེ་རེ། ལོག་གནོན་ལ་ལྔ། རྗེས་གཅོད་གསུམ། ཕན་ཡོན་གཅིག་སྟེ་ཉི་ཤུ། སྣ་སྨན་ལ་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་བཏང་ཐབས་རེ་རེ་སྟེ་ལྔ། སྣ་སྦྱོང་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་བཏང་ཐབས་ལོག་གནོན་གཉིས་གཉིས་ཏེ་དྲུག འཇམ་རྩི་རུང་མི་རུང་གཉིས། སྦྱོར་བ་གསུམ་བཏང་ཐབས་དང་གཏོང་དུས་ཕན་ཡོན་ཉེས་དམིགས་རྣམས་ལ་རེ་རེ་སྟེ་དགུ། ནི་རུ་ཧ་ལ་རུང་མི་རུང་གཉིས། སྦྱོར་བ་གསུམ། ཕན་ཡོན་གཉིས། བཏང་ཐབས་གཅིག ཐེབས་མ་ཐེབས་གཉིས། ལྕག་གཅིག་སྟེ་བཅུ་གཅིག རྩ་སྦྱོང་ལ་སྔོན་འགྲོ་ཉེ་རིང་གཉིས། སྣ་སེལ། མདུང་སྨན། བྱང་པ། སྦྱར་ཚད། སྣ་ཁྲིད། བཏང་ཐབས། ཐེབས་རྟགས། ལྕག་རྣམས་ལ་རེ་རེ། ལོག་གནོན་དྲུག རྗེས་གཅོད་ཕན་ཡོན་རེ་རེ་དང་བཅས་བཅོ་བརྒྱད་དེ། དེ་ལྟར་སྦྱོང་བྱེད་དྲུག སྤྱིའི་སྔོན་འགྲོ་སྣུམ་འཆོས་དང་བདུན་ག་བསྒྲིལ་བའི་ལག་ལེན་ལ་བརྒྱ་དང་བཅུ་གཉིས་ཡོད་དོ། །གསུམ་པ་དཔྱད་ལ་དྲུག་ཡོད་པའི་གཏར་བ་ལ་ཆ་བྱད་བརྟག་པ་གཅིག་རུང་མི་རུང་རན་མི་རན། སྔོན་འགྲོ་རྣམས་གཉིས་གཉིས། དུས་ཚོད་ལ་གསུམ། དངོས་གཞི་བསྙལ་ཐབས་དང་གདབ་ཐབས་ལ་རེ་རེ། གདབ་དམིགས་ལ་རྒྱས་པ་དང་མདོར་བསྡུས་པ་གཉིས། དམིགས་བསལ། ཁྲག་པྲ། དབྱུང་ཚད་རྣམས་ལ་རེ་རེ། ལོག་གནོན་དྲུགསྐྱོན་བཞི། ཡོན་ཏན་གཅིག་སྟེ་ཉེར་བརྒྱད། བསྲེགས་པ་ལ་སྤྲ་བའི་ཆོ་ག་གཉིས། རུང་མི་རུང་གཉིས། གདབ་ཐབས་བཞི། རྗེས་དང་ཕན་ཡོན་གཉིས་ཏེ་བཅུ། དུགས་ལ་རུང་མི་རུང་གཉིས། བྱ་ཐབས་ལ་བསིལ་དྲོད་གཉིས། ཕན་ཡོན་གཅིག་སྟེ་ལྔ། བྱུག་པ་ལ་རུང་མི་རུང་གཉིས། བྱ་ཐབས་དང་ཕན་ཡོན་གཉིས་ཏེ་བཞི། ཐུར་མ་ལ་རུང་མི་རུང་གཉིས། ཆ་བྱད་གཅིག གསང་ལ་སྤྱི་བྱེ་བྲག་གཉིས། དབྱེ་བ་གཉིས། ཆོ་ག་གཅིག བརྡེག་ཐབས་གཉིས། ལག་ཚོད་གཉིས། འཆི་ལྟས་གཅིག ལོག་པ་གཉིས། ཕན་ཡོན་གཅིག་སྟེ་བཅུ་དྲུག དཔྱད་ཀུན་བསྡོམས་པ་ལ་དྲུག་ཅུ་རེ་བརྒྱད་དེ་གསོ་ཐབས་ཀྱི་ལག་ལེན་སུམ་བརྒྱ་དང་དྲུག་ཅུ་རེ་དྲུག་ཡོད་དེ་ཉག་མ་དྲུག་པོ་ཚིགས་བཅད་དབང་གིས་ཤུགས་སུ་བསྟན་ནོ། །

          མདོར་བསྡུས་ན་བརྟག་པའི་ཐབས་དང་གསོ་བའི་ཚུལ་བཅོས་པའི་ཐབས་རྣམ་པ་གསུམ། བརྟག་པའི་ཐབས་དེ་ལ་ཡང་རེག་པ་རྩ་དང་མཐོང་བ་ཆུ་གཉིས་ཀྱིས་ནད་ངོས་བཟུང༌། རྟགས་དང་ངོ་བོ་གཉིས་ཀ་ཚ་བ། གཉིས་ཀ་གྲང་བ། ཕྱི་རྟགས་ཚ་ལ་ནང་རྟགས་གྲང་བ་ཕྱི་རྟགས་གྲང་ལ་ནང་རྟགས་ཚ་བ་དེ་འཁྲུལ་གཞིའི་གལ་འགག་བཞིས་དཔྱད་འཕྲང་བསལ། གསོ་ཚུལ་ལ་དོགས་བཅས་གདེངས་མ་ཐོབ་པ་བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས་པ་དང་གཅིག ངོས་ཟིན་ངེས་པ་རྙེད་ན་སྤོ་ལ་དར་ཕྱར་ལྟར་བཅོས་པ་དང་གཉིས། གཉེན་པོ་ཐོག་ཏུ་མི་འབབ་ན་རྟ་རྒོད་དཀྱུས་འཛུད་ལྟར་བཅོས་པ་དང་གསུམ། དམན་ལྷག་ལོག་པའི་ནད་ལ་སྐྱར་མོ་ཉ་ལེན་ལྟར་བཅོས་པ་དང་བཞི། སྟོབས་ཆེན་ནད་ལ་མི་ཤ་འཕྲང་ཕྲད་ལྟར་བཅོས་པ་དང་ལྔ། སྟོབས་ཆུང་ནད་ལ་སྐས་གདང་མས་འཛེགས་ལྟར་བཅོས་པ་དང་དྲུག རྐྱང་བའི་ནད་ལ་དཔའ་བོ་དགྲ་འདུལ་ལྟར་བཅོས་པ་དང་བདུན། ལྡན་འདུས་ནད་ལ་གཙོ་བོས་དམེ་ཤོར་བའི་འཁྲུག་འདུམས་ལྟར་བཅོས་པ་དང་བརྒྱད། ཀུན་ལ་མཛོ་ཁལ་ལུག་ཁལ་ལྟར་འཚམ་པར་བཅོས་པ་དང་དགུ་ཡིས་ནད་གང་ཡིན་པ་དེ་དང་གཉེན་པོ་སྤྲད་ལ་གསོ་བའི་ཐབས་ལག་ལེན་གྱི་རིམ་པ་ལ། ཞི་བྱེད་ཐང༌། ཕྱེ། རིལ་བུ། ལྡེ་གུ། སྨན་མར་ལྔ། སྦྱོང་བྱེད་སྣུམ་འཆོས། བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོང་བདུན། དཔྱད་ལ་གཏར། སྲེག དུགས། ལུམས། བྱུག་པ། ཐུར་མ་བཅས་དྲུག་བསྡོམས་པའི་བཅོ་བརྒྱད་པོས་ནད་ཀྱི་དཔུང་གཞོམ་ལ་དེ་ལྟར་རེག་མཐོང་དེ་གཉིས་གལ་འགག་བཞི་གསོ་ཚུལ་དགུ་ལག་ལེན་བཅོ་བརྒྱད་པོ་བསྒྲིལ་བའི་སུམ་ཅུ་རྩ་གསུམ་པོ་དེ་ནི་དོན་དམ་པར་ལག་ཏུ་ལེན་པའི་སྙིང་པོར་དྲིལ་བ་ཡིན་ལ། དེ་དག་རྣམས་རྒྱུད་བཞི་པ་ཕྱི་མའི་རྒྱུད་འདི་ཉིད་ཀྱི་བསྡོམས་པའི་ཚིག་ཡིན་ནོ་ཞེས་པ་རྣམས་དྲང་སྲོང་ཡིད་ལས་སྐྱེས་སོགས་འཁོར་ཚོགས་རྣམས་ཀྱི་སེམས་ལ་དེ་ལྟར་དུ་ཆོངས་ཞེས་གསུངས་སོ། །

          དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཞེས་བོས་ཏེ། གོང་དུ་མདོར་བསྡུས་བརྟག་ཐབས་ཞེས་པའི་ཚིག་ལན་འཕྲོས་པའི་རེག་མཐོང་གཉིས་ཀྱིས་ནད་ཀྱི་ངོས་འཛིན་པའི་རེག་པ་རྩ་ལ་ཇི་ལྟར་བརྟག་པར་བགྱི་ཞིང༌། མཐོང་བ་ཆུ་ལ་ཇི་ལྟར་བརྟག་པར་བགྱི། དེ་གཉིས་ཀྱི་གལ་འགག་ཆེ་བ་བཞིའི་འཁྲུལ་སོ་ཇི་ལྟར་བསལ་བ་དང་བཅས་ཏེ། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ནད་བརྟག་པའི་ཐབས་རྣམས་ཀྱི་ནང་ནས་དང་པོ་སོར་མོས་རེག་པ་རྩ་དེ་ལ་ཡང་ཆགས་པ་དང་སྲིད་པའི་རྩ་བོ་ཆེ་ལུས་ལ་དྲ་བར་འབྲེལ་བ་ཚེའི་རྩ་དང་བཅས་པར་གྲངས་ནི་མཐའ་ཀླས་པ་སོགས་བཤད་རྒྱུད་ཀྱི་དུས་རྒྱས་པར་བཤད་པ་ལྟར་ཡིན་པ་དེ་ནང་ནས་རླུང་ཁྲག་འདྲེས་པའི་འཕར་རྩའི་སྒོ་ནས་ནད་ལ་བརྟག་པ་ཇི་ལྟར་ནི། ནད་རླུང་མཁྲིས་བད་ཀན་སོགས་དང་དེའི་གནས་ཚུལ་བརྟག་མཁན་སྨན་པ་གཉིས་ཀྱི་བར་དུ་འདི་ནི་རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་པའོ། །འདི་ནི་རྣམ་པར་གྱུར་པའོ། །འདི་ནི་འཕེལ་བའོ། །འདི་ནི་ཟད་པའོ། །འདི་ནི་འཁྲུགས་པའོ། །འདི་ནི་རླུང་ངོ༌། །འདི་ནི་མཁྲིས་པའོ། །འདི་ནི་བད་ཀན་ནོ་ཞེས་བྱ་བ་ལ་སོགས་པ་ནད་འདིའོ་ཞེས་དོན་མ་ནོར་བ་བརྡ་སྦྱོར་བའམ་ངག་གིས་འཕྲིན་པ་སྨྲ་བའི་ཕོ་ཉ་བ་དང་འདྲ་བ་ནི་འཕར་པའི་རང་བཞིན་དུ་གནས་པའི་རྩ་འདི་རྣམས་ཡིན་ནོ་ཞེས་བརྟག་པའི་གཞི་ངོས་བཟུང་བའོ། །

          རྩ་དེ་ལ་ཇི་ལྟར་བརྟག་པར་བྱ་བའི་ཚུལ་ལ་ས་བཅད་དམ་སྤྱི་དོན་བཅུ་གསུམ་ཡོད་པའི་དང་པོ་སྔོན་འགྲོ་ཟས་སྤྱོད་ལ་བསླབ་པ་དང་གཅིགམཁའ་ལ་ཉི་མ་ཤར་བ་སོགས་བལྟ་བའི་དུས་བསྟན་པ་དང་གཉིས། མཁྲིག་མའི་གཉེར་མ་དང་པོ་སོགས་བལྟ་གནས་བསྟན་པ་དང་གསུམ། ཚོན་གྱིས་པགས་པ་ནོན་ཙམ་སོགས་མནན་ཚད་བསྟན་པ་དང་བཞི། སྨན་པའི་ལག་པའི་སོར་མོ་མ་གྲང་པ་སོགས་ལྟ་ཚུལ་ཤེས་པའི་སྨན་པས་བརྟག་པ་བསྟན་པ་ལྔ། དེ་ཡང་ཐ་མལ་པའི་རྩ་ལ་ཕོ་རྩ་མོ་རྩ་བྱང་ཆུབ་སེམས་རྩ་སྟེ་རྒྱུད་གསུམ་དུ་བརྟག་དགོས་པ་དང་དྲུག ཕྱི་དུས་བཞིའི་རྩ་ལ་ཁམས་ལྔ་དང་འབྱུང་བ་ལྔ་སྦྱར་ནས་བརྩི་བ་དང་བདུན། ངོ་མཚར་བ་ཁྱིམ་ཕྱྭ་སོགས་རྩ་ལ་བརྟག་པ་བདུན་པོ་འོག་ཏུ་འཆད་པ་ལྟར་ནད་མེད་ཀྱི་མི་ལ་བལྟ་བ་དང་བརྒྱད། ནད་ཅན་དང་ནད་མེད་རྩ་འཕར་བའི་གྲངས་ཆེ་ཆུང༌། སྟོད་སྨད། དྲག་དལ། བྱིང་གུད་སྟོངས་རྒྱས། འཐེང་ལྷོད་སོགས་ལས་དཔགས་ནས་བརྟག་པ་དང་དགུ། སྤྱི་རྩ་དྲུག་དང་བྱེ་བྲག་ནད་སོ་སོའི་རྩ་ཡིས་ནད་ངོས་བཟུང་བ་དང་བཅུ། འཆི་རྩ་རྒྱུད་འགྱུར་བ། མ་ཚང་བ། སྡོད་པ་གསུམ་གྱིས་འཚོ་འཆིའི་ཁ་དམར་གདགས་པ་དང་བཅུ་གཅིགགདོན་རྩ་གློ་བུར་བདུན་བརྒྱ་ཉི་ཤུ། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་སོགས་བརྟགས་པས་གནོད་པ་ངོས་བཟུང་ནས་རིམ་གྲོ་འབོགས་པའི་ཐབས་དང་བཅུ་གཉིས། སེམས་ལ་རང་དབང་མ་ཐོབ་པའི་ལུས་ཅན་འཁོར་བ་པ་ཚེ་གནས་མི་གནས་ཀྱི་རྟགས་ཚེ་སྲོག་གི་རྟེན་བླའི་རྩ་འཁྱམ་པོ་ལ་བརྟག་པ་སྟེ། སྤྱི་དོན་བཅུ་གསུམ་པོ་རེག་པ་རྩའི་དོན་མདོར་བསྟན་པ་ཡིན་ནོ། །


        དེ་ཡང་སྤྱི་དོན་དང་པོ་སྔོན་འགྲོའི་ཆོ་ག་ཟས་སྤྱོད་ཀྱི་སྤང་བླང་བསླབ་པ་ནི། ངོ་མཚར་རྩ་བདུན་སོགས་ལ་ཞག་བདུན་ནམ་གསུམ་དང་གཞན་ཡང་སང་ཞོགས་རྩ་བལྟ་བའི་དོ་ནུབ་ནས་ནད་པ་ནད་མེད་གང་ཡིན་ཀྱང་ཤ་ཆང་ལ་སོགས་དྲོད་བཅུད་ཆེ་བའི་བཟའ་བཏུང་དང༌། མེ་ཉི་ལ་བྱུག་པ་དང༌། ལུས་ཀྱི་བྱ་བ་དྲག་པོ་བྱེད་པ་དང༌། སྔོ་ངད་དང་རུལ་སུངས་སོགས་འཇུ་དཀའ་བའི་རིགས་དང༌། ཇ་དང་ར་ཕག་གི་ཤ་ལ་སོགས་པ་བསིལ་ཆེ་བའི་བཟའ་བཏུང་རྣམས་ཀྱིས་ནད་གཞི་གསར་དུ་འཁྲུག་པར་འགྱུར་བས་སྤང་བར་བྱ་ཞིང༌། བསིལ་དྲོད་སྙོམས་པའི་བཟའ་བཏུང་ཡིན་ཀྱང་ཧ་ཅང་འགྲངས་ཆེས་པ་དང༌། ལྟོགས་ཆེས་པ་དང༌། བུད་མེད་དང་ལྷན་དུ་ཉལ་པོ་བྱས་པ་དང༌། བྱ་ལས་ཀྱིས་གཉིད་ཆག་པ་དང༌། ཁ་ཏོན་ལ་སོགས་པ་སྨྲ་བརྗོད་མངས་པ་དང༌། མྱ་ངན་དང་ཡིད་མི་བདེ་བ་སོགས་སེམས་ལས་དང༌། འགྲོ་འདུག་ལ་སོགས་ཏེ་མཐའ་གཉིས་དང་ལྡན་པའི་ཟས་སྤྱོད་རྣམས་སྤངས་ཏེ་ལེགས་པར་བརྟག་པ་དེས་ནི། ནང་གི་འདུ་བ་རྣམ་པ་གསུམ་མི་འཁྲུགས་ཤིང་གསལ་པོར་སྟོན་ལ། དེ་ལྟར་བལྟ་བའི་སྨན་པ་དེ་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། སྨན་པ་གཉིད་ལོག་ཆང་མ་འཐུངས། །དྲག་ལས་སྨྲ་བ་མང་མི་བྱ། །མྱ་ངན་མ་བཏབ་སེམས་བདེ་བ། །ནད་ཀྱིས་མ་བཏབ་ལུས་བདེ་བ། །བུད་མེད་ལྷན་ཅིག་གནས་པ་སྤང༌། ཁམས་གསལ་བར་ནི་བལྟ་བར་བྱ། ཞེས་པ་ལྟར་སྨན་པ་ལ་ཞག་གཅིག་སྔོན་འགྲོ་དེ་དག་དང་ལྡན་པས་བརྟག་དགོས་སོ་ཞེས་སྤྱིར་བཏང་ནས་དམིགས་བསལ་དུ་དེ་ལྟ་བུའི་ལོང་མེད་པའི་ནད་པ་གློ་བུར་དུ་བྱུང་བ་རྣམས་ལ་བརྟག་དགོས་པ་བྱུང་ན་ཡང༌། ནད་པ་དང་སྨན་པ་གཉིས་ཀའི་དབུགས་ཆད་དང་རྩོལ་བས་མ་དུབ་པའི་རྩ་མལ་དུ་ཆུད་པ་དང༌། ནད་པའི་རྩ་དཔངས་རྐྱེན་སྣ་ཚོགས་ཀྱིས་མ་བཏེགས་པ་ཞིག་ཅི་ནས་ཀྱང་གཅེས་པར་བཟུང་ལ་བརྟག་དགོས་པ་ཡིན་ནོ། །དེ་ལྟར་ངོ་མཚར་གྱི་རྩ་བདུན་བརྟག་པ་དང་ལོང་སྐབས་ཡོད་ན་ནད་པ་ལའང་རུང་སྟེ།

          སྤྱིར་བཏང་གི་དབང་དུ་བྱས་ནས་སྤྱི་དོན་གཉིས་པ་རྩ་བལྟ་བའི་དུས་ནི་གློ་བུར་གྱི་རྐྱེན་གྱིས་མ་བསྐྱོད་པ་ཐ་མལ་དུ་གནས་པ་ཞིག་ངེས་པར་དགོས་ལ། དེ་དུས་ནམ་ཞིག་འབྱུང་ཞེ་ན། ནམ་མཁའ་ལ་ཉི་མ་ཤར་བ་ཀླུངས་སུ་ཉི་ཟེར་མ་ཕེབས་པར་བཞེད་པར་སྐྱ་རེངས་སོགས་ངོས་འཛིན་མང་ཡང་ངོ་བོ་ནི་ནམ་ལངས་ལག་རིས་མཐོང་ཙམ་དེ་ཤིན་ཏུ་གསལ་བའི་སྐབས་ཡིན། དེ་ལས་འཕྱི་ན་ཕྱི་ནང་ཆོས་མཚུངས་ཀྱི་དབང་གིས་ཕྱིར་ཉི་མ་ཤར་བ་དང་ནང་རོ་མའི་ཁམས་རྒྱུ་བའི་ཁྲག་མཁྲིས་ཀྱི་རྩར་འཁྲུལ། དེ་ལས་སྔས་པའི་ནུབ་མོ་བལྟས་ན་ཕྱི་རོལ་བཅོ་ལྔའི་ཟླ་བ་ཤར་བའི་དུས་ཚོད་ལ་ནང་དུ་རྐྱང་མའི་སྟོབས་ཀྱིས་གྲང་རླུང་གི་རྩར་འཁྲུལ། དུས་ངེས་ཅན་དེའི་སྐབས་ཚ་གྲང་ཕྱོགས་ལྷུང་མེད་པའི་དབུ་མ་སྟོབས་སུ་གྱུར་པའི་དུས་ཡིན་ཏེ་མི་འཁྲུལ་ལོ། །རྩ་བལྟ་ཡུལ་གྱི་མི་དེའི་ནང་གི་དབུགས་དྲོན་མོ་སྨྲ་བཟླས་སོགས་བྱས་ནས་ཕྱིར་རིང་དུ་མ་རྒྱུས་པ་དང༌། ཕྱི་ནས་རྒྱུ་བའི་དབུགས་བསེར་བུ་དང་འགྲོགས་པའི་གྲང་མོ་དེ་ནང་དུ་མ་ཤོར་བ། མལ་ས་ནས་མ་འགུལ་བར་ཟོས་བདེར་གནས་པ། ཁ་ཟས་མ་ཟོས་པ་དང་བཏུང་བ་མ་འཐུངས་པའི་ཁྱད་ཆོས་དྲུག་ལྡན་དེའི་སྐབས་སུ་འབྱུང་ཞིང༌། དུས་དེར་བལྟས་ན་ངེས་པར་གསལ་བའི་རྒྱུ་མཚན་དངོས་ནི། ཉིན་མོ་དང་ཚ་བ་ལ་གདགས་མཚན་དང་གྲང་བ་ལ་སྲིབས་ཞེས་པའི་དོན་ནི་འོག་ཏུ། ཡར་ཟུར་དོན་ལྔ་ཕྱིར་རྒྱུ་གདགས་ཀྱི་རྩ། མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱི་རྩ། །ཞེས་གསུངས་པའི་དོན་གྱིས་དོན་ལྔའི་རླུང་ལ་གདགས་ཏེ་ཚ་བ་དང༌། སྣོད་དྲུག་གི་རླུང་ལ་སྲིབས་ཞེས་གྲང་བའི་ཐ་སྙད་བཏགས་པ་དོན་བློ་ལ་འཆར་བ་བདེ་བ་ལ་དགོངས་པ་ལྟར་ཁྱད་ཆོས་དྲུག་ལྡན་གྱི་དུས་དེར་ནང་དོན་སྣོད་དེའི་རླུང་རྣམས་ཀྱང་རྐྱེན་གྱིས་མ་བསླང་བར་རང་སོར་གནས་པས་ཕྱིར་རྒྱུ་བའི་སྣ་སྒོའི་དབུགས་ཀྱང་སྙོམས་ལ་ལག་པའི་རྩ་ཡང་ཐ་མལ་དུ་གནས་པར་འགྱུར་བ་ཡིན་པས་ན་དུས་དེར་རྩ་བལྟ་བར་བྱེད་དགོས་པ་ཡིན་ནོ། །

        སྤྱི་དོན་གསུམ་པ་རྩ་བལྟ་བའི་གནས་ངེས་པ་ཅན་ནི་ལག་པའི་མཁྲིག་མའི་གཉེར་མ་དང་པོ་སྟེ། གོང་མ་དེ་ནས་རྩ་བལྟ་ཡུལ་རང་གི་ཚོན་གང་མར་ལ་བཅལ་བའི་རུས་པ་འབུར་པོའི་ཟད་མཚམས་ཀྱི་ལྡེབས་དེར་སྨན་པའི་མཛུབ་མོ་ལ་ཚོན། གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་རྒྱ་ནག་གི་བརྡར་གྲགས་པ་གསུམ་མ་འདྲུས་ཏེ་བར་ཡངས་དྲགས་པ་དང་དོགས་དྲགས་པ་མ་ཡིན་པའི་མ་འབྲེལ་ཙམ་སྙོམས་པར་བཞག་སྟེ་བལྟ་བའོ། །དེ་ཁོ་ནར་བརྟག་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཕར་རྩ་ཙམ་ནི་མགོ་རྐེ་རྐང་པ་སོགས་ལུས་ཀྱི་སྟོད་སྨད་ཀུན་ལ་ཡོད་མོད་ཀྱང༌། དོན་སྙིང་འཕར་བ་དང་ཉེ་བར་བལྟས་ན་རི་གཟར་གྱི་ཕུ་ཆུ་དྲག་ཏུ་འབྲུབ་པ་སྟེ་འཁྲུག་པའི་རྩར་མི་འགའ་ཞིག་ཕར་ཚུར་དུ་ལབ་ཀྱང་ཆུ་སྒྲ་དེའི་དབང་དུ་སོང་ནས་ལབ་ཀྱི་བརྡ་མི་འབྱོར་པ་དང་མཚུངས་ཏེ་དོན་སྙིང་ལས་གཞན་པའི་ནད་མི་རྟོགས། དེ་བཞིན་དུ་དོན་སྙིང་དང་རིང་བ་མགོ་དང་རྐང་པའི་འཕར་རྩ་ལ་བལྟས་པའི་ཚེ་བོད་དུ་མཚོན་ན་རྒྱ་དཀར་ནག་སོགས་ཐག་རིང་པོ་ནས་འོངས་པའི་མགྲོན་པོའི་གཏམ་ལ་བདེན་རྫུན་སྣ་ཚོགས་འབྱུང་བ་དང་འདྲ་སྟེ་ནད་ཇི་ལྟ་བ་རྟོགས་པར་མི་ནུས་སོ། །དེ་ལྟ་ན་གོང་དུ་བཤད་པའི་བལྟ་གནས་འདི་ཉིད་ལུས་ཀྱི་སྟོད་སྨད་དོན་སྣོད་ཐམས་ཅད་དུ་ཉེ་རིང་འཚམ་པ་ཡིན་ཏེ། དཔེར་ན་ཕུ་ཆུ་འཁྲུག་པའི་ས་ཇི་ལྟར་རིགས་པ་ནས་མི་མང་ཉུང་གང་ཡང་རུང་བས་སྐད་གསང་མཐོན་པོ་སྨྲ་བའི་གནས་དེ་ལས་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་སུ་བྱས་པའི་ཚུར་རོལ་ནས། དབང་པོ་སྐྱོན་མེད་པས་དབྱར་ཁའི་དུས་སུ་ཉན་པའི་ཚེ་ན་ཆུ་སྒྲ་དང་མི་སོ་སོའི་སྐད་མ་འདྲེས་པར་ཐོས་པ་བཞིན་དུ་ནད་རྟགས་རྣམས་ཀྱང་གསལ་བར་སྟོན་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། བལྟ་རྩ་འདིར་ལུས་ཀྱི་སྟོད་སྨད་དོན་སྣོད་ཕྱི་ནང་སོགས་ཀྱི་ནད་རྟགས་ཐམས་ཅད་རྒྱུ་བས་ན་ཚོང་འདུས་ཆེན་པོའི་རྒྱ་སྲང་བཞིན་གནས་པ་ཡིན་ནོ། །གལ་ཏེ་གཞན་དག་ན་རེ། སྙིང་རྩ་གཅིག་པོ་དེའི་ནང་དུ་དོན་སྣོད་སོགས་སྟོད་སྨད་ཕྱི་ནང་ཐམས་ཅད་ཀྱི་རླུང་ཁྲག་རྣམས་དེར་མི་རྒྱུ་བས་ནད་རྟགས་རྣམས་རྟོགས་པ་འགལ་ལོ་ཞེ་ན་མི་འགལ་ཏེ། ནད་རྟགས་རྣམས་རླུང་ཁྲག་དང་བསྡོམས་ཏེ་རྒྱུ་བ་མ་ཡིན་པའི་ཕྱིར་རོ། །ཚོང་ཟོང་དང་འདྲ་བའི་རླུང་དང་བད་ཀན་དང་ཁྲག་དང་མཁྲིས་པ་ལ་སོགས་ནད་རྟགས་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་དུ་རྒྱུ་བས་ན་དྲག་པར་འཕར་བའི་ཚུལ་འདི་ཉིད་ཚོང་དཔོན་བཞིན་དུ་གང་ན་ཟོང་ཅི་ཡོད་ཀྱི་གཏམ་སྨྲ་བར་བྱེད་དོ། །དེའང་ཇི་ལྟར་སྨྲ་ན། ཟོང་སོ་སོའི་མིང་ནས་སྨྲས་པ་ལྟར་འདི་ནི་སྙིང་གི་ནད་ཚ་བའོ། །འདི་ནི་རྒྱུ་མའི་ནད་གྲང་བའོ་ཞེས་སོགས་དང༌། འདི་ནི་མགོ་བོའི་ནད་དོ། །འདི་ནི་རྐང་པའི་ནད་དོ། །འདི་ནི་བར་གྱི་ནད་དོ་ཞེས་དང༌། འདི་ནི་རླུང་གི་ནད་དོ། །འདི་ནི་མཁྲིས་པའི་ནད་དོ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཡར་ཟུར་གདགས་ཀྱི་རྩ་དྲུག་དང་མར་ཟུར་སྲིབས་ཀྱི་རྩ་དྲུག་སྟེ་བཅུ་གཉིས་པོ་མ་འདྲེས་ཏེ་ཐགས་ཀྱི་སྣལ་མའི་རྒྱུ་གཤིབས་པ་ཐགས་མ་བཏགས་གོང་མིན་པར་ཐགས་ཀྱི་བཀད་ལམ་པ་བླངས་པའི་བརྡ་རྙིང་དུ་ཕ་ཙེའི་རེ་སོ་ཞེས་དཀར་ནག་སྤེལ་བ་ཞིག་བྱུང་བ་འདྲ་བའི་ཚུལ་གྱིས་སོ། །

          བླ་རྩ་ནི་རུས་པ་འབུར་པོའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་ཅིང༌། འཆི་མི་འཆི་ཐེ་ཚོམ་དུ་གྱུར་པའི་ཚེ་ན་འབྱུང་བ་རྣམས་མཐའ་ནས་རིམ་གྱིས་སྡུད་པའི་ཕྱིར་འཆི་རྩ་བོལ་གོང་ལ་བརྟགས་པས་འཕྲལ་དུ་ཤེས་སོ། །གཞན་ཡང་རྒྱུད་འདིར་དམིགས་སུ་མི་བསལ་བའི་རྩའི་ལྟ་གནས་ཟུར་པ་ནི་ལྦ་ལོགས་སམ་ནམ་ཚོང་ཡན་ཆད་རྩ་བལྟས་པས། ཕྱི་ཡི་སྟོད་ནད་རྟོགས་པར་འགྱུར། །ཞེས་པ་གཉིད་ལོག་ལ་བལྟ་བ། མིག་དམར་མན་ཆད་རྩ་བལྟས་པས། །ཕྱི་ཡི་སྨད་ཀྱི་ནད་འགའ་ཤེས། །ཞེས་པ་སྣེ་ཁུད་ཀྱི་འཕར་རྩ་བལྟ་བ། རྔུལ་འདུ་ལས་ནི་བར་གྱི་དེ། །ཞེས་པ་མཆན་ཁུང་གི་འཕར་རྩ་ལ་བལྟ་བའོ། །བལྟ་ལུགས་འོག་ནས་བཤད་པ་བཞིན་བལྟས་པས་སྟོད་སྨད་བར་གསུམ་ཡང་རྟོགས་ལ། ཚེ་ཡི་ཚད་ནི་སྙིང་གར་བལྟ། །ཞེས་པ་མོ་ལ་གཡས་དང་ཕོ་ལ་གཡོན་གྱི་ནུ་མའི་འཕར་རྩ་དེར་བརྒྱའི་བར་དུ་བླ་རྩ་ལྟར་བལྟ་བར་ཡང་བཤད་པ་དོན་དང་ཉེ་ཚེ་ཕུ་ཆུ་འཁྲུག་པའི་སར་ཉེ་དྲགས་སྒྲ་ཆེས་པས་མི་ཚོར་བས་ཆེ་ཆུང་འཚམ་པར་གསལ་བར་བཤད་ཀྱང༌། བལྟ་རྩ་ཚད་ལྡན་དུ་གསལ་བ་མ་བྱུང་ན་སྒྲ་གང་ཡང་མ་ཐོས་པ་ལས་ཐོས་པ་གསལ་བས་ཚུལ་འདི་ལུགས་ཀྱང་བལྟ་བར་རིགས་སོ། །

        སྤྱི་དོན་བཞི་པ་མཁྲིག་མའི་རུས་པ་འབུར་པོའི་ལྡེབས་བལྟ་བའི་རྩ་དེའི་མནན་པའི་ཚད་ནི་ཚོན་གྱིས་པགས་པ་དང༌། ཀན་གྱིས་ཤ་དང༌། ཆག་གིས་རུས་པ་ལ་ཐུག་པར་ནོན་པ་ཙམ་དུ་རྩ་སོ་སོར་གསལ་བར་མནན་པར་བྱའོ། །དེ་ལྟར་ཚོན་ཀན་ཆག་གསུམ་པོ་ལ་གནོན་པའི་ཤེད་ཆེ་ཆུང་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉྭ་སུལ་གྱི་སྲུབས་ནས་ཐོན་པའི་རྩ་དབྱིབས་དེ་ས་འོག་ནས་རིམ་གྱིས་ཐོན་པའི་ལ་ཕུག་དང་འདྲ་བ་དེ་ཤའི་རྔམས་གྲུ་མོ་ལ་ཉེ་བ་དེ་ཟབ་ཅིང༌། མཁྲིག་མ་ལ་ཉེ་བ་དེ་ཤ་རྔམས་མི་ཟབ་པའི་ཁྱད་པར་ལས་བྱུང་བ་ཡིན་པས་ན་ཤ་འབྱོར་བར་ནན་པ་བལྟ་བར་བྱའོ། །རྩ་བལྟ་བའི་གནས་དང་མནན་ཚད་དངོས་བཟུང་ནས།

        སྤྱི་དོན་ལྔ་པ་ཇི་ལྟར་བལྟ་བའི་ཚུལ་ནི་སྨན་པའི་ལག་པའི་སོར་མོ་རྣམས་མ་གྲང་པའི་ངོས། སོར་མོར་སག་རི་དང་སེར་ཀ་ལ་སོགས་པ་མེད་པའི་འཇམ་ཞིང་མཉེན་ལ་རང་དྲོད་དང་མཐུན་པ་ཤུགས་ཀྱིས་ནད་པའང་དེ་དང་མཚུངས་པས། དེ་ཡང་ཕོ་ལ་གཡོན་དང་མོ་ལ་གཡས་སྙིང་རྩེའི་དབང་གིས་ཕོ་ལ་རྩ་བལྟ་བའི་ཚེ་ཐོག་མར་ལག་པ་གཡོན་དང༌། མོ་ལ་རྩ་བལྟ་བའི་ཚེ་ལག་གཡས་སུ་བྱས། དེ་ལ་རྐྱང་པ་རེ་རེ་ལ་ལན་བརྒྱ་དང༌། དེ་ནས་གཡས་གཡོན་ལ་ཁྱད་པར་དང་སྐྱོན་ཅན་སོགས་བལྟ་ཕྱིར་སྨན་པའི་ལག་གཉིས་ཀྱིས་ནད་པའི་ལག་གཉིས་ལ་ལན་བརྒྱའི་བར་བརྟགདེ་ནས་བླ་རྩ་སོ་སོ་ལ་དེ་བཞིན་བརྒྱར་ལག་བསྣོལ་ནས་ཉུང་མཐའ་གཉིས་ཀར་མཉམ་དུ་དེ་བཞིན་དུ་བརྟག་པར་བྱའོ། །དེའང་དང་པོ་ནད་པ་སྐྱེས་པའི་དབང་དུ་བྱས་ནས་ལག་པ་གཡོན་པ་ལ་སྨན་པའི་ལག་པ་གཡས་པས་བརྟག་སྟེ། ཇི་ལྟར་ཞེ་ན་ཚོན་གྱི་ཡར་ཟུར་གྱི་འོག་ཏུ་སྙིང་དང༌། མར་ཟུར་གྱི་འོག་ཏུ་རྒྱུ་མའི་རྩ་མེ་ཁམས་ཀྱི་ཡུལ་དང༌། དེ་བཞིན་དུ་ཀན་གྱི་ཡར་ཟུར་གྱི་འོག་ཏུ་མཆེར་པ་དང་མར་ཟུར་དུ་ཕོ་བའི་རྩ་སའི་ཁམས་ཀྱི་ཡུལ། ཆག་གི་ཡར་ཟུར་གྱི་འོག་ཏུ་མཁལ་མ་གཡོན་དང༌། མར་ཟུར་གྱི་འོག་ཏུ་བསམ་སེའུ་ཆུ་ཁམས་རྣམས་རིམ་བཞིན་བརྟག་པར་བྱའོ། །བལྟ་བྱ་ནད་པའི་ལག་པ་གཡས་པ་ལ་སྨན་པའི་གཡོན་པས་བལྟ་སྟེ། ཚོན་འོག་གི་ཡར་ཟུར་དུ་གློ་བ་དང༌། མར་ཟུར་དུ་ལོང་ལྕགས་ཁམས། ཀན་འོག་གི་ཡར་ཟུར་དུ་མཆིན་པ་དང་མར་ཟུར་དུ་མཁྲིས་རྩ་ཤིང་ཁམས། ཆག་གི་འོག་ཡར་ཟུར་དུ་མཁལ་མ་གཡས་དང༌། མར་ཟུར་དུ་ལྒང་པའི་རྩ་ཆུ་ཁམས་རྣམས་ཡིན་པ་ལྟར་བློ་ཡུལ་དུ་བྱས་ཏེ་སོ་སོའི་གནས་མ་འདྲེས་པར་བརྟག་པར་བྱ་དགོས་པ་ཡིན་ནོ། །མོ་སྟེ་བུད་མེད་ལ་ཚོན་འོག་གི་རྩའི་ཡར་ཟུར་མར་ཟུར་གཉིས་པོ་སྐྱེས་པ་ལས་གཡས་གཡོན་གོ་ལྡོག་སྟེ་བརྟག་དགོས་སོ། །ཅིའི་ཕྱིར་ཞེ་ན་གློ་བ་དང་སྙིང་སྐྱེས་པ་བུད་མེད་ལ་གཡས་གཡོན་ཕྱོགས་ཉེ་རིང་གི་ཁྱད་པར་མེད་ཀྱང་སྐྱེས་པ་ལ་སྙིང་གི་རྩེ་མོ་གཡོན་ལ་ཉེ་བའམ་བུད་མེད་ལ་སྙིང་རྩེ་གཡས་སུ་གནས་པས་བརྟག་ལུགས་དེ་ལྟར་དུ་བསྟན་པའི་ཕྱིར་དང༌། དོན་སྣོད་སོ་སོ་ཁམས་དང་རྟེན་འབྲེལ་གྱི་དབང་གིས་འབྲེལ་ལ། དེ་ཡང་ཚུལ་ཇི་ལྟར་ན་སྙིང་ནི་སེམས་དང་ནམ་མཁའི་དྭངས་མ་མེའི་ཁམས་ཡིན་ལ། དེ་དང་རྒྱུ་མ་ཟས་སྐོམ་གྱི་སྙིགས་མ་གསོག་པའི་སྣོད་ཡིན་ཕྱིར་འབྲེལ། མཆེར་པ་ས་ཁམས་དྭངས་མའི་རྟེན་དེ་དང་ཕོ་བ་སྙིགས་མ་བེ་སྣབས་གསོག་པའི་སྣོད་ཡིན་ཕྱིར་འབྲེལ། མཁལ་མ་ཆུ་ཁམས་དྭངས་མའི་རྟེན་ཡིན་པས་གཙོ་བོ་གཡས་དང་ལྒང་པ་དྲི་ཆུའི་སྣོད་ཡིན་ཕྱིར་འབྲེལ། གློ་བ་ལྕགས་ཁམས་དབུགས་ཏེ་རླུང་གི་རྟེན་ཡིན་ལ་ལོང་རླུང་གིས་བསྡུས་པའི་ཟས་རོ་གསོག་པའི་སྣོད་ཡིན་པས་འབྲེལ། མཆིན་པ་ཤིང་ཁམས་ཀྱི་རྟེན་མཁྲིས་པ་ཚ་བ་ཐམས་ཅད་ཀྱི་མ་མེ་འབྱུང་གཞི་ཤིང་ལྟ་བུ་དང་མེ་ལྟར་ཚ་བའི་དྭངས་མའི་སྣོད་ཡིན་པས་འབྲེལ། བསམ་སེ་འདུས་པའི་ཁམས་ཐམས་ཅད་དང་འབྲེལ་བའི་དྭངས་སྙིགས་གཉིས་ཀའི་སྣོད་ཡིན་ཀྱང་མཁལ་མ་གཡོན་དང་ཉེ་བའི་ཕྱིར་འབྲེལ་ལ། གོང་གི་སྙིང་གི་རྩེ་མོ་དེ་ལྟར་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། རོ་རྐྱང་གི་གནས་ཚུལ་ནི་སྐྱེས་པ་བུད་མེད་ལ་ཁྱད་པར་མེད་ཀྱང་སྙིང་གི་རྩེ་མོར་ཡིད་འཇུག་གི་བུ་ག་ཡོད་པ་དེ་སྐྱེས་པ་ཐབས་ཀྱི་རང་བཞིན་ཡིན་པས་རྐྱང་མ་ལ་གཏོད། བུད་མེད་ཤེས་རབ་ཀྱི་རང་བཞིན་ཡིན་པས་རོ་མ་ལ་བལྟ་བར་གསང་སྔགས་ལས་གསུངས་སོ། །དེས་ན་ཚོན་རྩ་གཉིས་པོ་མ་གཏོགས་གཞན་མ་ཀན་གཉིས་དང་ཆག་གཉིས་རྣམས་གནས་ཀྱི་ངེས་པ་ནི་གོང་དུ་སྐྱེས་པའི་སྐབས་སུ་བཤད་པའི་རང་རང་གི་སྐལ་བ་སོ་སོ་ལས་མི་འགྱུར་བའི་ཕྱིར་གོང་ལྟར་ཡིད་ལ་ངེས་དགོས། གཞན་ཡང་མཐེ་བོང་ལས་སྙིང༌། མཛུབ་མོ་ལས་གློ་བ། གུང་མོ་ལས་མཆིན་པ། སྲིན་ལག་ལས་མཆེར་པ། མཐེའུ་ཆུང་ལས་མཁལ་མ། ཁྱད་པར་སྲིན་ལག་ལས་གཉན་སྲིན་གྱི་ནད་རྣམས་གོང་རྩའི་ཚུལ་དུ་བལྟ་བར་བཤད་ཅིང་སྣོད་ཀྱི་རྩ་ཡང་དོན་དང་རྗེས་མཐུན་ནོ། །

        སྤྱི་དོན་དྲུག་པ་རྩ་བལྟ་བའི་ཡུལ་དུ་གྱུར་པའི་མི་དེ་ཉིད་རླུང་ལ་སོགས་པའི་ནད་གང་གིས་ཀྱང་མ་བསླད་མ་བཅོས་པར་ཐ་མལ་ནད་མེད་དུ་གནས་པ་དེ་དག་གི་བལྟ་རྩའི་དབྱེ་བ་རྟེན་གྱི་སྒོ་ནས་རྩ་རྒྱུད་རྣམ་གསུམ་དུ་བསྡུས་ཏེ་བསྟན་པ་ནི། ཕོ་རྩ་དང་མོ་རྩ་དང་བྱང་ཆུབ་སེམས་རྩ་ཞེས་བྱ་བ་གསུམ་དུ་མ་འདུས་པ་མེད་དེ། ལུས་ཅན་ཐམས་ཅད་ཐབས་དང་ཤེས་རབ་དང་གཉིས་སུ་མེད་པ་གསུམ་དུ་མ་འདུས་པ་མེད་པའི་དོན་གྱིས་སོ། །དེ་གསུམ་སོ་སོར་འབྱེད་པའི་མཚན་ཉིད་ནི། ཕོ་ཡི་རྩ་ཞེས་པ་ནི་རླུང་གི་ཆ་མཐུན་སྦོམ་ལ་རགས་པར་འཕར་བ་ཡིན་ཅིང༌། མོ་ཡི་རྩ་ནི་མཁྲིས་པའི་ཆ་མཐུན་ཕྲ་ལ་མྱུར་བར་འཕར་ལ། བྱང་ཆུབ་སེམས་རྩ་ཞེས་པ་ནི་བད་ཀན་གྱི་ཆ་མཐུན་རྒྱུད་རིང་ཞིང་འཇམ་ལ་མཉེན་པར་འཕར་བ་ཞིག་ལ་ཟེར་རོ། །དེའི་རྒྱུ་མཚན་ཡང་འདུ་བ་རླུང་མཁྲིས་བད་ཀན་གྱི་དབང་དུ་བཏང་ནས་རང་བཞིན་ཏེ་རིགས་གསུམ་དེ་ལས་དབྱེ་ན་ལྡན་པ་འདུས་པ་བཅས་བདུན། དེ་ལས་ཀྱང་འཕེལ་ཟད་ཀྱི་དབང་གིས་དུ་མར་འགྱུར་ལ་ཤས་ཆེ་ཆུང་ཡང་དེ་བཞིན་དུ་བརྟག་པར་བྱའོ། །ནང་དོན་དང་སྦྱར་ན་ཐབས་གཙོ་ཆེ་བ་ཕོ་རྩ་དང་ཤེས་རབ་གཙོ་ཆེ་བ་མོ་རྩ། དེ་གཉིས་མཉམ་པའམ་གཉིས་སུ་མེད་ན་བྱང་ཆུབ་སེམས་རྩ་ཞེས་པའི་བརྡར་བཏགས་པ་ཡིན་ཏེ། དཔེར་ན་རྐྱང་མ་ལ་ཐབས་དང༌། རོ་མ་ལ་ཤེས་རབ། དབུ་མ་ལ་མ་ནིང་ངམ་ཀུན་སྤངས་ཞེས་གསུངས་པ་ལྟར་རོ། །དེས་ན་ཕོ་རླུང་ཤས་ཅན་ལ་ཕོ་རྩ་དང་མོ་མཁྲིས་ཤས་ཅན་ལ་མོ་རྩ་མ་ནིང་བད་ཀན་གྱི་རང་བཞིན་ཅན་ལ་མ་ནིང་གི་རྩ་བྱུང་ན་ལུགས་འབྱུང་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ལ། ཕོ་ལ་རྩ་རླུང་ངམ་ཤིང་ཁམས་དང་མཐུན་པར་མོ་རྩ་ཆགས་ན་མེ་བུ་ཁམས་ཀྱི་རྩ་དེ་ཚེ་རིང་ཞིང་སྲིད་བུ་མོ་འབྱུང་བ་ཤས་ཆེ་ལ། མོ་རྩ་མེའི་ཁམས་ལ་ཕོ་རྩ་དེ་རླུང་ངམ་ཤིང་གི་རྩ་ཆགས་ན་མ་ཕྲད་སྲིད་བུ་ཤས་ཆེ་བ་དང་དཔལ་འབྱོར་ཆེ། བཟའ་མིའི་དབང་དུ་བྱས་པའི་གཉིས་ཀར་རམ་གང་དུའང་བྱང་ཆུབ་སེམས་དཔའི་རྩ་བྱུང་ན་ཚེ་རིང་བ་དང་ནད་དཀོན་པ་དང༌། རང་ལས་མཐོ་བ་རྣམས་ཀྱིས་ཡས་ནས་བྱམས་པ་དང༌། དམའ་བ་རྣམས་ཀྱིས་མས་ནས་སྡང་བ་འབྱུང་སྟེ། ཉེ་བ་དྲུང་གསུམ་སྟེ་ཚ་ཁུ་མག་པ་གསུམ་མམ་ཞང་ཚ་སྐུད་པོ་གསུམ་ཁུ་ནེ་ཞང་གསུམ་སོགས་ཉེ་བ་དགྲར་ལྡང་བ་དང༌། མ་ནིང་གི་རྩའི་རྟེན་འབྲེལ་བུ་མི་འབྱུང་བས་མཐའ་ཕུགས་རབས་ཀྱང་ཆད་པར་འགྱུར་བ་དང༌། བཟའ་མི་གཉིས་ཀ་ལ་ཕོ་རྩ་ཤ་སྟག་ནང་ཕྲད་པར་གྱུར་ན་ཕལ་ཆེར་བུ་མང་བ་སྐྱེ་སྟེ། མོ་རྩ་ཤ་སྟག་ནང་ཕྲད་པར་གྱུར་ན་བུ་མོ་ཕལ་ཆེར་མང་བར་སྐྱེ་ལ། བཟའ་མི་གཅིག་བྱང་ཆུབ་སེམས་རྩ་ཡིན་ལ་གཅིག་ཕོ་རྩ་མོ་རྩ་གང་རུང་ཡིན་པ་ཕྲད་པ་ན། དེའི་དབང་གིས་ཕོ་རྩ་དང་ཕྲད་ན་བུ་ཕོ་མོ་རྩ་དང་ཕྲད་ན་བུ་མོ་གཅིག་འབྱུང་ལ། དེ་ནས་བྱང་ཆུབ་སེམས་རྩའི་དབང་གིས་འབྱུང་བ་མིན། རྩ་ཤ་སྟག་མིན་པས་འདྲེས་ཚེ་སྣ་ཚོགས་སུ་འབྱུང་བ་རིག་པས་བརྟགས་ཏེ་སྨྲ་དགོས་པ་ཚུལ་འདི་ལུགས་དང་གཞན་ཡང་བཻཌཱུརྱ་དཀར་པོ་མ་བུ་ལས་རྒྱས་པར་བཤད་པ་ལྟར་སྲིད་གྲངས་ཕོ་མོ་དང་མི་འབྱུང་བ་ལ་འབེབས་པའི་ཐབས་སོགས་རྒྱ་ཆེར་ཤེས་པར་བྱའོ། །

        སྤྱི་དོན་བདུན་པ་ནམ་ཟླ་དུས་བཞི་ལ་ཁམས་རྣམ་པ་ལྔའི་འབྱུང་བ་བརྩི་བར་བཤད་པ་ནི། དེ་ལ་དང་པོ་དུས་བཞི་པོ་དོན་མཆིན་པ་ཁམས་ཤིང་སོགས་དང་རྩ་རུ་སྦྱར་བའི་ཕྲ་གྲིམ་སོགས་བརྟགདེར་མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་མ་ནོར་བར་བརྩི། དེའི་དུས་རགས་པ་བཞི་པོ་ཡང་དཔྱིད་དང་དབྱར་སྟོན་དགུན་བཞི་དུས་བཞི་པོའི་མཚམས་བཞི་པོ་གཅིག་ཏུ་བསྡུས་པའི་ལྔ་སྟེ། དེ་ཡང་དཔྱིད་ཟླ་གསོ་བ་རིག་པ་རང་ལུགས་ལ་ཧོར་གྱི་ཟླ་བ་དང་པོ་ནས་འགོ་བཟུང་བའི་ར་འབྲིང་གཉིས་ཐ་ཆུང་སྟེ་གསུམ། དེའི་ར་འབྲིང་གཉིས་ཟླ་བའི་བདག་པོ་སྟག་ཡོས་ཀྱི་སྲོག་གཙོ་བའི་ཁམས་ཤིང་ཡིན་པའི་དབང་གིས་དེའི་དུས་སུ་ཕྱི་རོལ་དུ་ཤིང་ཁམས་འཕེལ་བ་ལ་བརྟེན་ནས་ཤིང་རྩི་ཁ་འབུས་པ་དཔྱིད་ཀྱི་དུས་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་ར་བ་ལ་རྟ་པའམ་མཆུ། འབྲིང་ལ་ཁྲའམ་དབོ། ཐ་མ་ལ་བྱའུ་འམ་ནག་པས་བཅོ་ལྔའི་ཟླ་བ་དང་འགྲོགས་ཏེ་ནམ་གྱི་ཚོད་འཛིན་ཞེས་ནམ་ལྡང༌། བར་སྣང་དུ་བྱེའུ་ཅོ་ག་རང་སྐད་འབྱིན་པའི་དུས་ཞེས་བྱ། དེའི་ཐ་ཆུང་ལས་ཟླ་བ་ར་འབྲིང་གཙོ་ཆེ་བའི་དབང་གིས་རྒྱུ། ནང་དུ་ཞག་བདུན་ཅུ་རྩ་གཉིས་ཤིང་ཁམས་ཀྱི་མཆིན་པ་དང་མཁྲིས་པའི་རྩ་དར་བས་རྒྱུ་ལ། དེའི་ཚུལ་ཅོ་གའི་སྐད་དམ་པི་ཝང་གི་རྒྱུད་ལྟར་ཕྲ་ལ་གྲིམས་པར་འཕར་ཐ་ཆུང་འབྲུག་ཟླ་དེ་ཕྱི་རོལ་དུ་འབྲུག་གི་སྒྲ་འབྱིན་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་ལྷག་མ་བཅོ་བརྒྱད་པོ་ནི་ས་ཁམས་མཆེར་པའི་རྩ་རྒྱུ། འདི་ཉིད་རགས་པའི་རྣམ་གཞག་དཔྱིད་ཉིན་མཚན་མཉམ་པ་འབྲིང་པོའི་བཅོ་ལྔར་བཟུང༌། དེ་བཞིན་དུ་དབྱར་ཟླ་གསུམ་གྱི་ར་འབྲིང་གཉིས་ནི་སྦྲུལ་དང་རྟའི་སྲོག་གཙོ་བའི་ཁམས་མེ་ཡིན་པའི་དབང་གིས་དུས་དེར་ཕྱི་རོལ་དུ་མེ་ཁམས་འཕེལ་བ་ལ་བརྟེན་ནས་རི་ཀླུངས་ཀུན་དྲོ་ཞིང་ལྗོན་ཤིང་ནགས་ཚལ་ལ་སོགས་པ་འདབ་མ་རྒྱས་ལ་ཆར་འབབ་པ་དབྱར་གྱི་དུས་མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་ར་བར་ས་ག འབྲིང་པོ་སྣྲོན་དང་ཐ་ཆུང་ཆུ་སྟོད་ཀྱིས་ནམ་ཚོད་འཛིན་ཞེས་ནམ་ལྡང༌། བར་སྣང་དུ་བྱའི་རྒྱལ་པོ་ཁུ་བྱུག་གི་རང་སྐད་འབྱིན་པ་ཚ་བའི་དུས་ཞེས་བྱ། ཐ་ཆུང་ལས་ངོ་བོ་གཉིས་གཙོ་ཆེ་བའི་དབང་གིས་རྒྱུ། ནང་དུ་ཞག་བདུན་ཅུ་རྩ་གཉིས་མེ་ཁམས་སྙིང་དང་རྒྱུ་མའི་རྩ་དར་བས་རྒྱུ་ལ། དེའི་ཚུལ་ཁུ་བྱུག་གི་སྐད་དམ་བལ་སྐུད་ལྟར་སྦོམ་ལ་རིང་བར་འཕར། ཐ་ཆུང་ལུག་ཟླ་སྟེ་ཕྱི་རོལ་དུ་ལུག་འབྲེག་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་པའི་རྩ་རྒྱུ། རགས་པ་དབྱར་ཉི་ལྡོག་པ་འབྲིང་པོའི་བཅོ་ལྔར་བཟུང༌། སྟོན་ཟླ་གསུམ་གྱི་ར་འབྲིང་གཉིས་སྤྲེའུ་དང་བྱའི་སྲོག་གཙོ་བས་ཁམས་ལྕགས་ཡིན་པའི་དབང་གིས་དུས་དེར་ཕྱི་རོལ་དུ་ལྕགས་ཁམས་འཕེལ་བ་ལ་བརྟེན་ནས་རྩི་ཐོག་དང་འབྲུ་རྣམས་སྨིན་པའི་དུས་ཡིན་ལ། མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་ར་བར་གྲོ་བཞིན་འབྲིང་པོ་ཁྲུམས་སྟོད་དང་ཐ་ཆུང་དབྱུག་པས་ནམ་ཚོད་འཛིན་ཞེས་ནམ་ལྡང༌། བར་སྣང་དུ་བྱེའུ་འུར་པ་ཞེས་བྱ་བ་གཤོག་སྒྲ་འབྱིན་པའི་དུས་ཞེས་བྱ། དེའི་ཐ་ཆུང་ལས་ར་འབྲིང་གཙོ་ཆེ་བའི་དབང་གིས་རྒྱུ། ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་ལྕགས་ཁམས་གློ་ལོང་གི་རྩ་དར་བས་རྒྱུ་ལ། དེའི་ཚུལ་བྱིད་པོ་སྟེ་རྒྱ་མཆིལ་མགོ་དམར་གྱི་སྐད་ལྟར་ཐུང་ལ་རྩུབ་པར་འཕར། ཐ་ཆུང་ཁྱི་ཟླ་སྟེ་ཕྱི་རོལ་ཁྱི་འཇུག་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ་ལ། རགས་པ་སྟོན་ཉིན་མཚན་མཉམ་པ་འབྲིང་པོའི་བཅོ་ལྔར་བཟུང༌། དགུན་ཟླ་གསུམ་གྱི་ནི་ར་འབྲིང་གཉིས་ཕག་དང་བྱི་བའི་སྲོག་གཙོ་བའི་ཁམས་ཆུ་ཡིན་པའི་དབང་གིས་དུས་དེར་ཕྱི་རོལ་དུ་ཆུ་ཁམས་འཕེལ་བ་ལ་བརྟེན་ནས་ས་ཆུ་ཐམས་ཅད་འཁྱགས་པའི་སྒང་ངམ་བསིལ་བའི་དུས། མི་འགྱུར་བའི་རྟགས་སུ་གནམ་ལ་སྐར་མ་ར་བར་སྨིན་དྲུག་འབྲིང་པོ་རི་དྭགས་མགོ་ཅན་དང་ཐ་ཆུང་རྒྱལ་གསུམ་གྱིས་ནམ་ཚོད་འཛིན་ཞེས་ནམ་ལྡང༌། རྣམ་པ་ཕུའམ་བར་དུ་ཤ་བ་ནག་པོ་ངུ་སྐད་འདོན་པའི་དུས་ཞེས་བྱ། ར་འབྲིང་གཉིས་གཙོ་ཆེ་བའི་དབང་གིས་ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་ཆུ་ཁམས་མཁལ་མ་གཉིས་དང་ལྒང་པ་བསམ་སེའུ་རྣམས་ཀྱི་རྩ་དར་བས་རྒྱུ་ལ། དེའི་ཚུལ་ཆུ་བྱ་དཀར་ཆུང་ཕུག་རོན་ཙམ་མཆུ་དང་རྐང་པ་དམར་པོ་ཡོད་པ་མཐིང་རིལ་ཞེས་གྲགས་པའི་སྐད་ལྟར་འཇམ་ལ་དལ་བར་འཕར་བའི་དུས་ཡིན། ཐ་ཆུང་གྲང་ཟླ་སྟེ་ཕྱི་རོལ་ས་གླང་བརྟག སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ་ལ། རགས་པ་དབྱར་གྱི་ཉི་མ་གང་ལྡོག་པ་དེ་དབྱར་ཟླ་འབྲིང་པོའི་བཅོ་ལྔ་དང༌། དགུན་ཉི་གར་ལྡོག་པ་དེ་དགུན་ཟླ་འབྲིང་པོའི་བཅོ་ལྔར་བརྩི་ཞིང༌། དཔྱིད་ཉིན་མཚན་མཉམ་པ་དེ་དཔྱིད་འབྲིང་གི་བཅོ་ལྔ། སྟོན་ཉིན་མཚན་མཉམ་པ་དེ་སྟོན་འབྲིང་གི་བཅོ་ལྔར་བཟུང་བའི་ཞག་རེ་བགྲངས་པས་ཞག་རེ་གཉིས་ཀྱི་སྟེང་ཤོད་ཙམ་ལས་ཆེ་བ་མི་འབྱུང་ཞིང༌། ཞིབ་ཏུ་ན་བཅོ་ལྔ་དེ་ཡང་ཚེས་དང་མ་ཟློས་པར་ཁྱིམ་ཞག་གིས་བརྩིས་པའི་རྗེས་ཟླ་བཤོལ་གྱི་ཟླ་བ་ཚང་བའི་ཚུལ་སོགས་ཀྱང་གསོ་དཔྱད་རང་ལུགས་ནས་ཐོན་ལ། ཐ་ཆུང་བཞི་པོའི་སྐལ་པའི་དུས་བཞིའི་མཚམས་ཀྱི་བཅོ་བརྒྱད་ཕྲག་བཞི་སྟེ་ཞག་བདུན་ཅུ་རྩ་གཉིས་ལ་ནད་དུ་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བའི་དུས་དེར་རྩའི་ཚུལ་བྱེའུ་ནས་ཟན་ཏེ་བོད་མཆིལ་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕར། འདིའི་ཞག་བདུན་ཅུ་རྩ་གཉིས་ཏེ་འབྱུང་བ་ལྔས་དབང་བ་ནི་རགས་པ་ཉིན་ཞག་ཅེས་དེ་རིང་ནམ་ལངས་ནས་སང་ནམ་ལངས་པར་བགྲངས་པའི་ལོ་གཅིག་ལ་སུམ་བརྒྱ་དྲུག་ཅུའི་དབང་དང༌། དུས་བཞིའི་ཟླ་བའི་སྲོག་ཁམས་དང་དཔྱིད་ར་སྟག་གི་ངོས་འཛིན་ཐ་ཆུང་ས་ཁམས་ཀྱི་དུས་མཚམས་བཅོ་བརྒྱད་ཕྲག་བཞི་མཚོན་པ་ཕྱི་རོལ་བདུན་པར་ཁྱི་འཇུག་པ་སོགས་གཙུག་ལག་དང་ཕྱོགས་མཐུན་ལས་གསོ་དཔྱད་རང་ལུགས་ལ་རྣམ་པར་དག་པ་མིན་ལ། གཞན་དང་བསྟུན་ན་དེ་དག་ལ་ཉེས་པའི་སྐྱོན་ཇི་སྙེད་ཅིག་ཡོད་པ་སྐབས་འདིར་མ་སྨྲས་ལ། ཞག་དེ་ཡང་དོན་ཁྱིམ་ཞག་དང་མཚུངས་ལ། ཞག་གསུམ་པོའི་རྣམ་པར་དབྱེ་བ་དང་ཉི་ལྡོག་ལོ་འགོའི་སྐོར་སོགས་ཞིབ་རྒྱས་ནི་བཻ་ཌཱུརྱ་དཀར་པོ་ལས་ཤེས་པར་བྱའོ། །

          དེ་ལྟར་དབྱར་དགུན་སྟོན་དཔྱིད་དེ་དུས་བཞི་དང་ཤིང་མེ་ས་ལྕགས་ཆུ་ལྔ་སྟེ་ཁམས་ལྔར་ཕྱེ་ནས་ནི། ད་ནི་མ་བུ་དང་དགྲ་གྲོགས་ཀྱི་སྐོར་འགོ་ཇི་ལྟར་བརྩི་བའི་ཚུལ་བཤད་པར་བྱ་སྟེ། དེ་ནི་ཤིང་མེ་ས་ལྕགས་ཆུ་ལྔ་པོ་རིམ་པས་ཡར་དེད་མ་ཡིན་ལ། མར་དེད་བུའི་སྐོར་འགོ་ཡིན། ཕྱི་མའི་འབྱུང་བ་སྔ་མ་སྔ་མ་ལས་སྐྱེ་བས་ཆུ་མ་ལྕགས། དེ་བཞིན་ལྕགས་མ་ས། ས་མ་མེ། མེ་མ་ཤིང༌། ཤིང་གི་མ་ནི་ཆུ་ཞེས་མ་སྐོར་དང༌། སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པ་བུ་སྟེ་ཤིང་བུ་མེ། དེ་བཞིན་མེ་བུ་ས། ས་བུ་ལྕགས། ལྕགས་བུ་ཆུ། ཆུའི་བུ་ནི་ཤིང་ཞེས་པ་གོང་མ་ལས་འོག་མ་འབྱུང་བས་དང༌། མེ་ཆུ་ས་ཤིང་ལྕགས་ལྔ་པོ་རིམ་པ་ལྟར་གཡས་ནས་དེད་པས་དགྲ་དང་གཡོན་ནས་དེད་པས་གྲོགས་ཀྱི་བསྐོར་འགོ་བརྩི་བར་བྱ་སྟེ། མེ་དགྲ་ཆུ། དེ་བཞིན་ཆུ་དགྲ་ས། ས་དགྲ་ཤིང༌། ཤིང་དགྲ་ལྕགས། ལྕགས་དགྲ་མེ་ཞེས་འོག་མའི་དགྲར་གོང་མ་འགྲོ་བས་སོ། །ལྕགས་གྲོགས་ཤིང༌། དེ་བཞིན་ཤིང་གྲོགས་ས། ས་གྲོགས་ཆུ། ཆུ་གྲོགས་མེ། མེ་གྲོགས་ལྕགས་ཡིན་ལ། མ་བུ་དགྲ་གྲོགས་ཀྱི་དགོས་པ་ནི། ནང་དོན་སྣོད་ཀྱི་འབྱུང་བ་སྙིང་དང་རྒྱུ་མ་མེ། གློ་ལོང་ལྕགས་ཞེས་སོགས་གོང་དུ་བཤད་པ་ལྟར་སོ་སོར་མ་ནོར་བར་བརྟགས་པ་བརྩིས་ཞེས་དུས་མཚམས་གང་ལ་ཡང་བརྟག་རུང་སྟེ། དཔེར་ན་དཔྱིད་རྩ་རྒྱུད་མཐའ་དག་ཤིང་ཁམས་མཆིན་རྩ་རྒྱུ་དུས་དེའི་མ་ཆུ་སྟེ་མཁལ་མའི་རྩ་ལ་མཁལ་རྩ་རང་གི་མཚན་ཉིད་མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར་བ་དང༌། རང་རྩ་ཤིང་ཁམས་མཆིན་རྩའི་མཚན་ཉིད་དེ་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་བ་ལ་དར་བ་ཞེས་བྱ་སྟེ་དེས་ན་རབ་ཏུ་བཟང་ཞིང༌། གྲོགས་རྩ་ས་ཁམས་མཆེར་རྩའི་མཚན་ཉིད་དེ། ནས་ཟན་སྐད་ལྟར་ཐུང་ལ་འཇམ་པར་འཕར་ན་གྲོགས་འབྱུང་ལ། ཤིང་བུ་མེ་ཁམས་སྙིང་རྩའི་མཚན་ཉིད་དེ་ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་དབང་ཐང་ཆེ། ཤིང་དགྲ་ལྕགས་ཁམས་གློ་རྩའི་མཚན་ཉིད་དེ། བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་ན་དགྲ་གློ་བུར་དུ་འོང་བའམ། ཡང་ན་གསོ་དཀའི་ནད་ཀྱིས་འཆི་བར་འགྱུར་རོ་ཞེས་པ་ལྟར་མ་བུ་དགྲ་གྲོགས་གཞན་དུའང་དེ་ལྟར་ཤེས་པར་བྱའོ། །ཇུ་ཞགས་ལུགས་ཀྱི་མདུད་པ་དང་ནག་རྩིས་ལུགས་གབ་རྩེ་རྡེའུ། གཞན་ཡང་མོ་ཕྱྭ་པྲ་སོགས་ལ་མ་ལྟོས་པར་ནད་མེད་ལ་རྩ་བལྟས་པས་རང་དང་རང་གི་ཉེ་རིང་གི་བྱ་བ་འདས་པ་དང་མ་འོངས་པའི་ལེགས་ཉེས་སོགས་ངེས་ཤེས་འདྲོངས་པའི་ལུང་སྟོན་ནུས་པས་ན།

        སྤྱི་དོན་བརྒྱད་པ་ངོ་མཚར་གྱི་རྩ་བདུན་ཞེས་བྱ་སྟེ། བདུན་གང་ཞེ་ན། ཁྱིམ་ཕྱྭ་མགྲོན་ཕྱྭ་དགྲ་ཕྱྭ་གྲོགས་ཕྱྭ་གདོན་ཕྱྭ་རྣམས་རིམ་པར་བསྟན་པ་དང༌། མེ་ཆུ་གོ་ལྡོག་ཅེས་ཚ་བསིལ་མི་མཐུན་པ་ལྟར་ཕ་བུ་རྩ་མི་མཐུན་པ་གོ་ལྡོག་ཏུ་ཕ་ན་བའི་ཚེ་བུ་ལ་བལྟ་བ། སྦྲུམ་མ་ལ་བུ་རྩ་བརྟག་པ་སྟེ་བདུན་ནོ། །དང་པོ་ཁྱིམ་ཕྱྭ་ནི་ཐོག་མར་བྱིང་འཐིབས་སོགས་ཀྱི་ངོས་འཛིན་ལུགས་ལ་དཔྱད་རྒྱུ་མང་པོ་ཞིག་འདུག་ཀྱང་བཞག འདིར་བསྡུས་ཏེ་སྟོན་པར་འདོད་པས་དོན་ཡིད་ལ་གཅགས་རྒྱུ་ནི། དུས་དབྱར་དགུན་སྟོན་དཔྱིད་སོགས་གང་ཡིན་ཡང་རུང༌། རྩའི་རྒྱུན་གཅིག་པུ་དེ་ཤའི་འོག་ལ་སོང་བ་ལྟ་བུར་བྱིང་ཞིང་འཐིབས་པ་ཞེས་བྱ། དེ་ཡང་དཔྱད་འཇུག་མི་ཐུབ་པར་མི་གསལ་བ་བྱུང་ན་ཆེ་བ་དམེ་གྲིབ་ཡུགས་འཁོན་དམེ་གཙོར་གྱུར་གཞར་བྱུང་ཕྲ་མོ་བཅས་མི་གཙང་བ་ཕོག་པའི་རྩ་ཡིན་ཞིང༌། རྨུགས་ཤིང་ཞེས་ཤིན་ཏུ་མི་གསལ་བ་དང༌། འཐིབས་པ་ཞེས་དཔྱད་འཇུག་མི་ཐུབ་ན་དགྲ་དང་ཕྲད་དམ་གཉེན་དང་བྲལ་བ་སོགས་མདོར་ན་དུཿཁ་མི་འདོད་པའི་མྱ་ངན་འོང་བའི་རྩ། འབྲུབ་པ་ནི་དྲག་ཅིང་མྱུར་བ་ཕུ་ཆུ་ལྟར་འཕར་བ་ལ་བརྒྱལ་བ་ནི་འཕར་དྲག་པོར་འཕར་དྲགས་པས་བསྡད་པ་ལྟ་བུ་དེ་བྱུང་ན་ཐ་ཉེས་པ་ལ་མ་སོང་བ་ཙམ་གྱི་བྲེད་དངངས་འོང་བའི་རྩ། སྐྱེར་ཚེར་འདྲ་བ་ཞེས་རྩ་འཕར་བའི་རྩེ་རྣོན་པོ་སོར་མོ་འབིགས་པ་ལྟར་འཕར་ན་མི་བབས་དང་བསྟུན་པའི་མི་འདོད་པའི་སྡུག་བསྔལ་ཐར་མེད་ཀྱི་རྩ། ཆུ་ཚན་ཁོལ་འདྲ་ཞེས་ཧ་ཅང་ཤེད་མི་ཆེ་བ་ཁྲི་ལི་ལི་སྟོད་སྨད་ཀུན་ནས་འཕར་ན་མི་ཁ་འོང་བའི་རྩ། མེ་ལྕེ་ཆད་འདྲ་ཞེས་འཕར་གྲངས་ཤེད་མི་སྙོམས་པ་རེས་ཆེ་རེས་ཆུང་བྱེད་པའམ་རྩ་འཕར་རྦད་རྦད་བྱུང་ན་ནོར་ལ་གོད་ཁ་མི་བབས་དང་བསྟུན་ནས་འོང་བའི་རྩ་ཡིན་པས་གང་ལ་འཚམ་པའི་རིམ་གྲོ་འབོགས་དགོས་ཤིང༌། སྐྱོན་ཅན་མིན་པ་ཤུགས་ཀྱིས་དགེ་བར་བསྟན་པ་དུས་རྩ་སོ་སོའི་མཚན་ཉིད་དང་མཐུན་པའི་རྩ་འདུག་ན་ཁྱིམ་ཕྱྭ་བཟང་བའི་ལུང་བསྟན་པར་བྱའོ། །བྱིང་ཞིང་འཐིབས་པ་སོགས་སྐྱོན་ཅན་གྱི་རྩ་དྲུག་པོ་དེ་དག་གི་ནང་ནས་གང་ཡང་རུང་བ་ཞིག་དུས་མཚམས་ལྔ་པོ་གོང་གིས་དཔེར་མཚོན་པའི་རང་ནི་དཔྱིད་ལྟ་བུར་ཤིང་ཁམས་མཆིན་རྩ་དར་དུས་སུ་རང་གི་མཆིན་རྩ་ལ་བྱིང་འཐིབས་སོགས་གང་བྱུང་ཡང་མི་གཙང་བ་སོགས་རྩ་བལྟ་ཡུལ་རང་ཉིད་ལ་འོང་བའི་ངོ་ཞེས་དང༌། དེ་བཞིན་དུས་དེའི་མ་མཁལ་རྩ་ལ་བྱིང་འཐིབས་སོགས་བྱུང་ན་མ་དང་ཞང་པོ་དཔོན་བླ་མ་སློབ་དཔོན་སོགས་རང་སྐྱོབ་མཁན་སར་མི་གཙང་བ་སོགས་སྐྱོན་ཅན་གྱི་འབྲས་བུ་འབྱུང༌། བུ་སྙིང་རྩ་ལ་བྱིང་འཐིབས་སོགས་བྱུང་ན་བུ་དང་ཚ་བོ་སློབ་འཁོར་སོགས་རང་གིས་སྐྱོང་བའི་ས་ལ་མི་གཙང་བ་སོགས་འབྱུང་བའི་ངོ་ཡིན་ཅིང༌། གྲོགས་མཆེར་རྩར་བྱིང་འཐིབས་སོགས་གང་བྱུང་ཡང་ནོར་ལ་མི་གཙང་བ་སོགས་འབྱུང༌། དགྲ་རྩ་ལ་བྱིང་འཐིབས་སོགས་གང་བྱུང་ཡང་རྩར་བྱུང་བའི་མི་དེའི་དགྲ་ལ་མི་གཙང་བ་སོགས་འོང༌། དུས་རྩ་རང་གི་མཚན་ཉིད་མཐུན་པ་འདུག་ན་སྐྱོན་དེ་རྣམས་གང་ཡང་མེད་པས་བཟང་ཞེས་ལུང་བསྟན་པར་བྱའོ། །དེ་ལས་ཕྲ་བ་རྩ་སྐྱོན་ཅན་བྱིང་འཐིབས་སོགས་དྲུག་པོ་མ་བུ་དགྲ་གྲོགས་སུ་རིམ་པ་ལྟར་སྦྱར་བའི་བརྟག་པ་རྣམ་གྲངས་བདུན་བརྒྱ་ལྔ་བཅུ་ཙམ་ཡོད་ཀྱང་ཚུལ་འདི་ཡང་ལྷ་རྗེ་རྣམས་ཀྱིས་མི་རྟོགས་གཤིས་ཡི་གེར་ངལ་བས་འདིར་མ་བཀོད་དོ། །གཉིས་པ་མགྲོན་པོ་འོང་མི་འོང་བརྟག་པའི་ཕྱྭ་དེའི་ཁྱད་གཞི་པ་གཙོ་ཆེ་ཤོས་སམ་མགྲོན་པོའི་གང་བརྩེ་བ་ཞིག་ལ་བརྟག་པ་དེ་ལ་འདིར་དུས་ནམ་ཡིན་ཀྱང་མཆིན་རྩ་དང༌། དེ་བཞིན་གློ་སྙིང་མཆེར་མཁལ་རྣམས་གང་དྲག་པ་བྱུང་ན་འབྲས་བུ་རིམ་པར་སྦྱར་ལ་བརྗོད་དེ། མཆིན་རྩ་དྲག་པ་བྱུང་ན་མགྲོན་པོ་དེ་གཞི་ལ་ཡོད་པ་དང༌། གློ་རྩ་དྲག་ན་ལམ་དུ་ཞུགས་པ་དང༌། སྙིང་རྩ་དྲག་ན་ཉེ་བ་ཙམ་གྱི་སར་སླེབ་པ་དང༌། མཆེར་རྩ་དྲག་ན་ཕྱིན་ལ་ཞེས་འདེགས་ལ་ཁད་པ་དང༌། མཁལ་རྩ་དྲག་ན་མགྲོན་པོ་ལ་ལམ་དུ་དགྲ་འོང་ཞེས་བྱ་བ་སྟེ་རིམ་པས་དེ་ལྟར་བརྟག་པར་བྱའོ། །འདི་ལ་ཡང་མཆིན་རྩ་གློ་སྙིང་གང་དར་ཡང་གཞི་ལ་ཡོད། དེ་ཡང་གསུམ་ག་དར་ན་གཞི་དེར་ཡུན་འགོར་གཉིས་དར་ན་འབྲིང་པོ། གཅིག་དར་ན་ཆེར་མི་ཐོགས་པ། མཆེར་རྩ་ལམ་ཞུགས་མཁལ་རྩ་ད་ལྟ་སླེབས། དེ་མིན་དགྲས་ཁྱེར་ཞེས་སོ། །སྔ་མ་ལ་ཉེའི་བརྟག་ལུགས་དེར་མ་ཟད་རྣམ་གྲངས་སུ་ཡང་ན་དུས་རྩ་དཔྱིད་ལ་སོགས་པ་གང་ཡིན་པ་དེའི་མ་རྩའི་མཚན་ཉིད་དང༌། དེའི་རང་རྩའི་མཚན་ཉིད་གང་དར་ཡང་འགྲོན་པོ་གཞི་རང་ལ་གནས་ཤིང༌། དུས་རྩ་དེའི་བུ་རྩ་དར་ན་ལམ་ལ་ཞུགས་དུས་རྩ་དེའི་དགྲ་རྩ་དར་ན་ད་ལྟ་སླེབ་ཅེས་བྱ་སྟེ། གྲོགས་རྩ་ལ་གཞི་ནས་འདེགས་ལ་ཁད་ཡོད་ཅེས་སྨྲ། འདི་རྣམས་ཀྱི་རྩ་དར་ཞེས་པ་ཁམས་རང་རང་མཐུན་པ་རྩའི་མཚན་ཉིད་ཅན། དཔེར་ན་དཔྱིད་དུས་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པ་ལ་བྱ་ཞིང༌། གུད་ཅེས་བྱ་བ་མཚན་ཉིད་དེ་ལས་གཞན་པ་ལ་ངོས་གཟུང་བར་བྱའོ། །ཞར་བྱུང་དུ་རང་ཉིད་གཞན་དུ་དོན་གཉེར་བར་འགྲོ་བའི་ཚེ་དོན་དེ་འགྲུབ་བམ་མི་འགྲུབ་བརྟག་པ་ལའང་ལ་ཉེ་ནི། དུས་དང་མཚམས་ནམ་ཡིན་ཡང་རུང་སྙིང་དང་མཆིན་པ་མཁལ་མའི་རྩ་ལྷག་པར་དུ་དྲག་པར་འཕར་བ་གསུམ་ལ་བརྟགདེ་ཡང་སྙིང་རྩ་དྲག་ན་དགྲའི་བར་ཆད་འོང་ཞིང༌། དེ་བཞིན་མཆིན་རྩ་དྲག་ན་དོན་འགྲུབ། མཁལ་རྩ་དྲག་ན་སྟོང་ལོག་བྱེད་པ་ཡིན་ཞེས་དང༌། གཞན་ཡང་གློ་མཆེར་རྩ་དྲག་ན་དོན་འབྲིང༌། དགྲ་གྲོགས་ནི་དུས་དང་མཚམས་གང་ཡིན་གྱི་རྩའི་དགྲ་རྩ་དེ་དར་ན་དོན་མི་འགྲུབ་ཅིང་དགྲ་འོང༌། དུས་རྩའི་གྲོགས་རྩ་དང་མ་རྩ་དར་བ་བྱུང་ན། དོན་འགྲུབ་ཅེས་དང་བུ་རྩ་ལ་འབྲིང་སྨད་རང་རྩ་འབྲིང་ཞེས་བྱ། གསུམ་པ་དགྲ་ཕྱྭ་ནི་རང་དགྲ་ལ་ཕར་རྒོལ་རྒྱུ་ཡིན་པའི་ཚེ་དུས་ནམ་ཡིན་ལ་རྩ་གཞན་ལས་གློ་རྩ་དང་མཁལ་རྩ་དར་དྲག་ན་ཐུབ་སྟེ་རང་ཉིད་རྒྱལ། ཡང་མཆེར་རྩ་ལྷག་པར་དུ་དྲག་ན་མི་ཐུབ་སྟེ་དགྲའི་གཡུལ་ངོ་མཐོ་བར་འགྱུར་ཞེས་དང༌། སྙིང་རྩ་དྲག་ན་ས་ཞིང་ནོར་སོགས་ནོམ་པ་ཐོབ། མཆིན་པ་དང་མཁལ་མའི་རྩ་དྲག་ན་འབྲིང༌། དགྲ་གྲོགས་དཔེར་ན་དགུན་ཆུ་ཁམས་མཁལ་རྩའི་མཚན་ཉིད་ཅན་དུ་རྒྱུ་བའི་དུས་སུ་ཆུ་དགྲ་ས་ཁམས་མཆེར་པའི་རྩ་དེ་སྨན་པའི་གཡས་ཀྱི་ཀན་འོག་ལ་ས་དགྲ་ཤིང་ཁམས་མཆིན་རྩའི་མཚན་ཉིད་ཕྲ་ལ་མྱུར་བར་བྱུང་ན་ཕར་རྒོལ་བས་དགྲ་བོ་ཐུབ་པར་འགྱུར། རང་ཞེས་དགུན་ཆུ་ཁམས་མཁལ་རྩའི་ཐོག་ལ་ཆུ་དགྲ་ས་ཁམས་མཆེར་རྩའི་མཚན་ཉིད་ཐུང་ལ་འཇམ་པར་འཕར་བ་བྱུང་ན་དགྲ་བོ་ཐུབ་པར་མི་འགྱུར་རོ། །ཡང་ཕ་རོལ་པོས་སྔོན་ལ་ཚུར་རྒོལ་དུ་བྱུང་བའི་དུས་སུ་བཤད་མ་ཐག་པ་དེ་དང་འདྲ་བ་སྟེ། སྨན་པའི་ཆག་གི་འོག་མཁལ་རྩ་དེ་མཆེར་རྩའི་མཚན་ཉིད་ཐུང་ལ་འཇམ་པར་འཕར་ན་དགྲ་ཡིས་ཚུགས་ཏེ་ཁོ་རང་རྒྱལ་ལ། ཡང་ཚུར་རྒོལ་དུ་བྱུང་དུས་དགུན་ཟླ་ར་འབྲིང་ལྟ་བུ་རང་མཁལ་རྩ་དང་དེའི་མ་གློ་རྩའི་མཚན་ཉིད་ཐུང་ལ་རྩུབ་པར་འཕར་ཞིང་དར་ན་དགྲས་ཚུགས་པར་མི་འགྱུར་ཏེ་རང་རྒྱལ་བའོ། །བཞི་པ་གྲོགས་འོང་མི་འོང་གི་ཕྱྭ་ནོར་བདག་ཁོ་རང་གི་རྩ་ལ་བལྟས་པས། དུས་ནམ་དུ་ཡང་མཆིན་རྩ་ལྷག་པར་དྲག་ཏུ་འཕར་ན་ནོར་ཇེ་ཆེར་འཕེལ་ལ་ཕྱིས་གོད་ཁ་མི་འོང་ཞིང༌། སྙིང་རྩ་དང་མཆེར་རྩ་ཞན་པས་ཞན་པ་དང་མཁལ་རྩ་དྲག་ན་ནོར་མི་འཕེལ་བར་མ་ཟད་གོད་ཁ་འོང་ཞེས་བྱའོ། །གློ་རྩ་དྲག་པར་འཕར་ན་འཕེལ་ཁ་ཅུང་ཟད་འོང༌། གཞི་བྱེས་གང་ཡང་རུང་བར་མ་བུ་དགྲ་གྲོགས་ཀྱི་སྒོ་ནས་རང་ལ་གྲོགས་འབྱུང་མི་འབྱུང་བརྟག་པ་ནི། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩའི་དུས། དེའི་གྲོགས་སྨན་པའི་ཆག་འོག་མཁལ་རྩ་ལ་དེའི་གྲོགས་སྙིང་རྩའི་མཚན་ཉིད་དུ་བྱུང་ན་གྲོགས་རབ། མཁལ་རྩ་དར་ཆུ་མ་ལྕགས་ཁམས་གློ་རྩ་ལྟར་འཕར་ན་གྲོགས་འབྲིང་ཡིན། རང་མཁལ་རྩའི་མཚན་ཉིད་དུ་འཕར་ན་གྲོགས་ཐ་མ་ཡིན། མཁལ་རྩ་དེར་བུ་མཆིན་རྩ་ལྟར་འཕར་ན་གྲོགས་མེད་ལ། མཁལ་རྩ་དེར་དགྲ་མཆེར་རྩ་ལྟར་འཕར་ན་གྲོགས་དགྲས་ཁྱེར་ཏེ་མེད་ཅེས་བྱའོ། །ལྔ་པ་ནད་མེད་ལ་གདོན་གྱི་གནོད་པ་ཇི་ལྟར་འདུག་བརྟག་པའི་ཕྱྭ་ནི་དུས་ལ་མ་ལྟོས་པར་ཤིང་ཁམས་མཆིན་རྩ་ལ་སྡོད་འཐེན་ཐང་ལྷོད་དྲག་དལ་སོགས་རྒྱུན་དང་མི་མཚུངས་པའི་རྩ་རྒྱུད་མི་སྙོམས་པ་ཅི་བྱུང་ཡང་གཉན་དང་རྒྱལ་པོ་གནོད་པར་བཟུང་དགོས་ཤིང༌། མེ་ཁམས་སྙིང་རྩར་བྱུང་ན་བཙན་དང་བདུད་གཉིས་ཀའམ་གང་རུང༌། ལྕགས་ཁམས་གློ་རྩར་བྱུང་ན་རྒྱལ་པོ་དང་དཀོར་བདག་གཉིས་ཀའམ་གང་རུང༌། སའི་ཁམས་མཆེར་པའི་རྩ་ལ་བྱུང་ན་ས་བདག་དང་མ་མོ་གཉིས་ཀའམ་གང་རུང་གནོད་པར་བཟུང༌། ཆུ་ཁམས་མཁལ་རྩར་བྱུང་ན་ཀླུ་དང་ཀླུ་སྲིན་དང་དམ་སྲིར་གཟུང་བར་བྱ་ཞིང༌། གདོན་རྩའི་མཚན་ཉིད་དེ་རྣམས་རྒྱུ་གང་ནས་བྱུང་བརྟག་པ་ནི་དུས་གང་གི་ཚེ་ནའང་དུས་རྩའི་མའི་རྩ་ལ་བྱུང་ན་ཕ་དང་མའི་ཞེས་ཀྱང་དོན་མེས་པོ་སོགས་རིགས་བརྒྱུད་སྔ་མ་གང་ཡང་རུང་བ་བུ་དང་ཚ་བོ་མཁར་གཞིས་ནོར་ལོངས་སྤྱོད་ལ་ཆགས་པའི་འདྲེར་ངོས་བཟུང་དགོས། དུས་དེའི་བུའི་རྩ་ལ་བྱུང་ན་བུ་དང་ཚ་བོའི་ཞང་པོའི་ཕྱོགས་ནས་བྱུང་བའི་འདྲེར་ངོས་བཟུང་དགོས། དུས་དེའི་དགྲའི་རྩ་ལ་སྤྱིའི་མཚན་ཉིད་དེ་ལྟར་བྱུང་ན་རང་ལ་ཕ་རོལ་གྱི་དགྲ་བོས་རྦད་ཅིང་སྐུལ་བའི་འདྲེར་བཟུང༌། དུས་རྩའི་གྲོགས་ཀྱི་རྩ་ལ་བྱུང་ན་སྲོག་ཡོད་མེད་ལ་མ་ལྟོས་པའི་ཆས་ནོར་གྱི་ཕྱིར་འབྲངས་པའི་འདྲེར་ངོས་བཟུང༌། དུས་རྩ་དེའི་རང་གི་རྩ་ལ་བྱུང་ན་གྲོགས་ཞེས་རང་དང་སྙིང་ཉེ་བའི་ཟླ་བོ་བུད་མེད་སོགས་ཀྱི་ཕྱིར་འགོས་པའི་འདྲེར་བཟུང༌། དེ་ལ་ཅུང་ཟད་ཞིབ་ན་དཔེར་མཚོན་དུས་དཔྱིད་ཀྱི་དུས་ཤིང་ཁམས་མཆིན་རྩར་གདོན་རྩ་སྤྱིའི་མཚན་ཉིད་བྱུང་ན་དུས་ཀྱི་མ་བུ་དགྲ་གྲོགས་ཀྱི་རང་འདྲེ་སྙིང་ཉེ་བའི་གྲོགས་སྐྱེས་ཕོ་མོ་གང་རུང་གི་ས་ནས་འགོས་འདྲེ། དོན་མཆིན་པའི་འདྲེ་ས་བདག་དམ་སྲིའམ་གྲེ་བོ་གྲེ་མོ། ཕྱོགས་འདྲེ་ལྟོགས་འགོང་ལྕེབས་བདུད་བཙན་བྱིས་པའི་གདོན་ཆེན་བཅོ་ལྔ། འབྱུང་བ་ཤིང་གི་གདོན་གཉན་དང་རྒྱལ་པོ། དེ་ཡང་ད་ལམ་རྐྱེན་ནམ་ཕྱོགས་ཇི་ལྟར་ནས་འབྲངས་པ་གནོད་ཅེ་ན། ཕྱོགས་ཤར་ཡུལ་དང་ས་ཆ་ཁང་པ་སོགས་འཇོང་ནར་རམ། དཔག་བསམ་ཤིང་གི་རྣམ་པའམ་ཟླ་གམ། ཤིང་རྩི་བན་བུན་ས་དང་བྲག་གད་སོགས་མདོག་ལྗང་ཤས་ཆེ་བ་ནས་མི་ནོར་བྱུང་ངམ་རང་གིས་ཕྱིན་པ། སྟག་བོང་བུ་རི་བོང་གི་ཤ་ལྤགས། སྒམ་ཁོམ་ཁུག་མ་སོགས་སྣོད་མདོག་ལྗང༌། གཡུ་དབྱིག་སོགས་རིན་པོ་ཆེ་དང་གོས་དར་སྣམ་རས་འབྲུ་ཤིང་ཏོག་སོགས་མདོག་ལྗང་གུ་དང་ཤིང་བཟོའི་ལག་ཆ་བྱུང་ངམ་མཐོང་བ། བཟའ་བཏུང་རོ་ཁ་བ། སྔོ་ངད་དང་རི་བོང་གི་ཤ་དང་གཞན་ཡང་རྩིབ་གཡས། མི་གྱོན་པ་ལྗང་གུའམ་མདོག་ལྗང་བ་སྟག་ཡོས་ལོ་པ་རྟ་སྔོན་པོ་དང་ཁྱི་སྔོ་ཏྲེ་ཁྲིད་པ་ཤིང་བཟོ་ནལ་མ་དྭ་ཕྲུག་གང་རུང་ཕྲད་དམ་མཐོང༌། ལས་ཤིང་གཉན་བཅད་པ་ཤིང་བཟོ་སོགས་ཤིང་ལས་ཐགས་སོགས་ཡང་གཡོའི་ལས་རྣམས་གང་རིགས་ཀྱིས་རྐྱེན། དུས་དེར་མེ་ཁམས་སྙིང་རྩར་བྱུང་ན་དུས་ཀྱི་མ་བུ་དགྲ་གྲོགས་ཀྱི་བུ་ཚའི་ཞང་པོ་ཕྱོགས་ཀྱི་འདྲེ། དོན་སྙིང་གི་འདྲེ་རྒྱལ་པོ་དང་སྟེང་གདོན་ཕྱོགས་འདྲེ་བདུད་ཀླུ་བཙན་མ་མོ་རྒྱལ་པོ་རྟ་གྲིར་ཤི་བའི་གྲེ་བོ། འབྱུང་བ་མེའི་གདོན་བཙན་བདུད། དེ་ཡང་ད་ལམ་རྐྱེན་ནམ་ཕྱོགས་ཇི་ལྟར་ནས་འབྲངས་པ་གནོད་ཅན་ཕྱོགས་ལྷོ། ཡུལ་དང་ས་ཆ་ཁང་པ་སོགས་དབྱིབས་གྲུ་གསུམ་མམ་མེ་ཧོམ་འབར་བ། ཡང་ན་རྟ་རོ་བཤས་པ་ལྟ་བུ་ཁྲག་དང་ས་གད་པ་བྲག་སོགས་དམར་ཤས་ཆེ་བ་ནས་མི་ནོར་འགྲུལ་བྱུང་ངམ་རང་གིས་ཕྱིན་པ། སྒམ་ཁོམ་ཁུག་མ་སོགས་སྣོད་དམར་པོ་རིན་པོ་ཆེ་བྱུ་རུ་པད་རཱག་གོས་དར་སྣམ་རས་འབྲུ་ཤིང་ཏོག་སོགས་དམར་པོ་དང༌། བཟའ་བཏུང་རོ་ཚ་བ། རྟ་རྐྱང་གི་ཤ་དང༌། གཞན་ཡང་མགོ་དང་ཤ་དམར་ཁྲག་ཚོད་ཁྲེ་འབྲས་ཀྱི་ཐུག་པ། མི་གྱོན་པ་དམར་པོའམ་བཞིན་དམར་བ་རྟ་སྦྲུལ་ལོ་པ་རྟ་དམར་ཁྱི་དམར་སོགས་སྲོག་ཆགས་དམར་པོ་ཞོན་དེད་ཁྲིད་པའམ། ཡང་ན་བུ་སྲིང་ཡུགས་ས་ལོང་བ་རྫ་མཁན་བོན་པོ་རྣམས་དང་ཐུག་གམ་མཐོང༌། ལས་ཧོམ་དང་བག་མ་རྫ་བསྲེག་པ། གཞན་ཡང་མེ་ཉིར་ཉལ་བ་བསྲོ་བ་སོགས་ཚ་བའི་ལས་རྣམས་གང་རིགས་ཀྱིས་རྐྱེན། དུས་དེར་ས་ཁམས་མཆེར་རྩར་གདོན་རྩ་བྱུང་ན་དུས་ཀྱི་མ་བུ་དགྲ་གྲོགས་ཀྱི་འདྲེ། ནོར་རྫས་ཀྱི་ཕྱིར་འབྲངས་པའི་འདྲེ། དོན་མཆེར་པའི་འདྲེ་གྲེ་བོ་དང་གཉན་ས་བདགཕྱོགས་འདྲེ་ས་བདག་སྲིན་མོ་མ་མོ་བདུད། ཡུལ་འདྲེ་དམ་སྲི་ཕུང་འདྲེ་གཉན་ཀླུ་སྲིན་གཤིན་འདྲེ་གནམ་ཐེ་རྦད་འདྲེ་དཀོར་འདྲེ། འབྱུང་བ་སའི་འདྲེ་ས་བདག་མ་མོ། དེ་ཡང་ད་ལམ་རྐྱེན་ནམ་ཕྱོགས་ཇི་ལྟར་ནས་འབྲངས་པ་གནོད་ཅེ་ན། ལྷོ་ནུབ་གཙོར་གྱུར་ནུབ་བྱང༌། བྱང་ཤར། ཤར་ལྷོ་གང་རིགས་ནས་ཡུལ་དང་ས་ཁང་སོགས་དབྱིབས་གྲུ་བཞི་གད་པ་མང་བ་མཆོད་རྟེན་འདྲ་བ་བྲག་དང་གད་པ་ས་སོགས་མདོག་སེར་ཤས་ཅན་ནས་མི་ནོར་གྱི་འགྲུལ་ལམ་རང་གིས་ཕྱིན་པ་ལུག་ཁྱི་གླང་རྟོལ་གྱི་ཤ་ལྤགས་ར་ལུག་སོགས་སྤྱང་ཁྱེར། འཕྱི་བ་གྲུམ་པའི་ཤ་དང་གཞན་ཡང་དཔུང་དཔྱིའི་ཤ་ཆུ་མིག་གི་ཆུ། འཁུར་བ་སྲན་མ་ཡུགས་ཟས། སྒམ་ཁོམ་ཁུག་མ་སོགས་སྣོད་མདོག་སེར་པོ། གསེར་ཀེ་ཀེ་རུ་སོགས་རིན་པོ་ཆེ་དང་གོས་དར་སྣམ་རས་འབྲུ་ཤིང་ཏོག་སོགས་མདོག་སེར་པོ་བྱུང་ངམ་མཐོང༌། བཟའ་བཏུང་རོ་མངར་བ། རས་ཆ་སྤྱང་སློག་མི་གྱོན་པ་དང་བཞིན་སེར་པོ་ལུག་ཁྱི་གླང་འབྲུག་ལོ་པ་རྟ་སེར་པོ་དང་ཁྱི་སེར་སོགས་སྲོག་ཆགས་སེར་པོ་ཁྲིད་པ། ཁྱད་པར་བ་རྒན་ལུག་རྒན་མགོ་སེ་གྱང་མཁན་བྱེ་བྲལ་ཡུགས་ས་རྒན་མོ་དྭ་ཕྲུག་ཐོང་མཁན་བོན་རྒན་འཐེང་པོ་བུ་སྲིང་བནྡེ་སྒོམ་ཆེན་སྔགས་པ་སྟོད་ནག ལྷམ་བཟོ་ཐགས་མཁན་གང་རིགས་ཐུག་གམ་མཐོང༌། ལས་མཁར་ལས་འཇིག་བརྒྱག་ས་ཁ་དབྱེ་བ་སྒོ་འཛུགས་པ་ལྕི་བརྟན་གྱི་ལས་གང་རིགས་ཀྱིས་རྐྱེན། དུས་དེར་ལྕགས་ཁམས་གློ་རྩར་བྱུང་ན་དུས་ཀྱི་མ་བུ་དགྲ་གྲོགས་ཀྱི་འདྲེ་དགྲ་བོས་བཏང་བའམ་རྦད་པའི་འདྲེ། དོན་གློ་བའི་འདྲེ་ཀླུ་བདུད་དང་ཀླུ་བཙན། ཕྱོགས་འདྲེ་བཙན་གྲེ་བོ་མདས་ཤི་བ། དམེ་གྲིས་ཤི་བ། འབྱུང་བ་ལྕགས་ཀྱི་འདྲེ་རྒྱལ་པོ་དང་དཀོར་བདགདེ་ཡང་ད་ལམ་རྐྱེན་ནམ་ཕྱོགས་ཇི་ལྟར་ནས་འབྲངས་པ་གནོད་ཅེ་ན། ནུབ་ནས་ཡུལ་དང་ས་ཁང་ཟླ་གམ་སྟ་རེ་དང་མདུང་གྲི་སོགས་མཚོན་ཆའི་དབྱིབས། ས་དང་བྲག་གད་པ་དཀར་པོ་དང་ལྕགས་ཁ་ནས་མི་ནོར་གྱི་འགྲུལ་བྱུང་ངམ་རང་གིས་ཕྱིན་པ། ལྕགས་སྤྱད་བྱ་དང་སྤྲེའུའི་ཤ་ལྤགས། སྒམ་ཁོམ་སྒྱེ་ཕད་ཁུག་མ་སོགས་སྣོད་དཀར་པོ། རིན་པོ་ཆེ་ཤེལ་རྡོ་རྗེ་ཕ་ལམ་སོགས་དང་གོས་དར་སྣམ་རས། འབྲུ་ཤིང་ཏོག་སོགས་མདོག་དཀར་པོ། མགར་བའི་ལག་ཆ་བྱུང་ངམ་མཐོང༌། བཟའ་བཏུང་རོ་བསྐ་བ། གཞན་ཡང་ཞོ་དར་མར་ཐུད་ཇ་འཁུར་བ་རི་དྭགས་ཀྱི་ཤ་ར་ཤ་སྤྱང་ཁྱེར་དང་ཁྱད་པར་རྩིབ་གཡོན་གྱི་ཤམི་གྱོན་པ་དང་བཞིན་དཀར་པོ་བྱ་སྤྲེལ་ལོ་པ་རྟ་ཁྱི་སོགས་སྲོག་ཆགས་དཀར་པོ་ཞོན་ནམ་ཁྲིད་པ། མགར་བ་དམེ་ཅན་དྭ་ཕྲུག་དང་ཐུག་གམ་མཐོང༌། ལས་སྦྱིན་སྲེག་བྱེད་པ་མགར་ཚང་ལ་འགྲོའམ་ལྕགས་བཟོ་བྱེད་པ་རོ་བསྲེག་ས་རྣམས་གང་རིགས་ཀྱིས་རྐྱེན་བསླང་དུས་དེར་གདོན་རྩའི་མཚན་ཉིད་དེ་དག་ཆུ་ཁམས་མཁལ་རྩར་བྱུང་ན་དུས་ཀྱི་བུ་བུ་དགྲ་གྲོགས་ཀྱི་མ་འདྲེ་ཕ་མེས་སྔོན་མ་བུ་ཚ་མཁར་གཞིས་སོགས་ལ་ཆགས་པའི་འདྲེ། དེ་ཡང་མཁལ་མ་གཡས་སུ་འདྲེ་ཀླུའམ་གཉན། གཡོན་དུ་བྱུང་ན་ཀླུ་དང་བསེན་མོ་མཚོ་སྨན། ཕྱོགས་འདྲེ་མཚོ་སྨན། ཅོང་འདྲེ། བྱང་སྨན། ཀླུ་བསེན། འབྱུང་བ་ཆུའི་གདོན་ཀླུ་དང་ཀླུ་སྲིན་དམ་སྲི། དེ་ཡང་ད་ལམ་རྐྱེན་ནམ་ཕྱོགས་སོགས་ཇི་ལྟར་ནས་འབྲངས་པ་གནོད་ཅེ་ན། ཕྱོགས་བྱང་ཡུལ་དང་ས་ཆ་ཁང་པ་སོགས་དབྱིབས་ཟླུམ་པོའམ་ཆུ་འབབ་ཀྱི་དབྱིབས། བྲག་དང་གད་པ་སའི་མདོག་སྔོ་ནག་གང་རིགས། ཆུ་བོ་ཆེན་པོའི་ངོགས་བྲག་དང་ཆུ་འཐབ་ཀྱི་ས་ནས་འོངས་པའི་མི་དང་ཡི་གེ་ལྟ་བུ་འགྲུལ་ལམ་རང་གིས་ཕྱིན་པ་ཉ་ཕག་གམ་བྱི་བའི་ཤ་ལྤགས་པ་སོགས། སྦྲ་ཕྱར་རྐྱལ་པ་སྒམ་ཁོམ་ཁུག་མ་སོགས་མདོར་ན་སྣོད་ངམ་ནགརིན་པོ་ཆེ་མུ་མེན་དང་དངུལ་གོས་དར་སྣམ་རས་འབྲུ་ཤིང་ཏོག་སོགས་མདོག་སྔོན་པོ་ནག་པོ་གང་རིགས་བྱུང་ངམ་མཐོང་བ། ཟས་དང་བཏུང་བ་རོ་སྐྱུར་བའི་རིགས་དང་བྲ་བོ་ཉུང་མ་སྲན་མ། ཉ་ཕག་གི་ཤ་སྤྱི་དང་ཁྱད་པར་སྨད་དང་ནང་ཁྲོལ་ཟོས་སམ། གཞན་ཡང་མཇུག་མའི་ཤམི་གྱོན་པ་སྔོན་པོ་དང་ནག་པོའམ་བཞིན་ནག་པ་བྱི་ཕག་ལོ་པ། རྟ་དང་ཁྱི་ནག་ཁྲིད་པ། གྲུ་པ་གཉན་པ་བོན་པོ་གང་རིགས་དང་ཕྲད་དམ་མཐོང༌། ལས་ཆུ་བོ་བརྒལ་བ། མཚོ་བསུབས་པ་སྤྲ་ནག་ཉལ་བ། རླན་གཤེར་སོགས་གང་རིགས་ཀྱིས་རྐྱེན། དུས་རེར་དེ་བཞིན་མ་བུ་དགྲ་གྲོགས་ཀྱི་འདྲེ་དུས་རྩ་ནས་འགྱུར་ལ་གཙོ་ཡང་ཆེ་བ་ལས་གཞན་མ་འབྱུང་བའི་ཁམས་གདོན་ཕྱོགས་རྐྱེན་སོགས་གོང་ལྟར་དུ་བརྩི་བས་རྟོགས་ལ། སྣོད་ཀྱི་རྩ་ལ་དོན་རྩ་བྱུང་ཡང༌། དཔེར་ན་རྒྱུ་མར་སྙིང་རྩ་དང་མཐུན་པར་གོང་ལྟར་བརྩི་ཚུལ་འདི་ལས་ཞིབ་པ་མི་ཁམས་དང་དུས་ཚེས་གྲངས་ནས་བརྟག་པ་གདོན་རྩ་དེ་ལ་བརྟེན་ནས་ནད་ངོས་བཟུང་བ་གདོན་དེ་ཞི་བའི་ཡས་གླུད་ལ་ཡང་ཞི་བའི་ཁ་དོག་སོགས་བྱ་ཚུལ། དེ་མཚུངས་དྲག་པོའི་ཚུལ་སོགས་སྤྲོས་པ་མང་ཙམ་ཡོད་རུང་འདིར་བརྗོད་ཀྱང་རྟོགས་པར་དཀའ་བས་དེ་ཙམ་མོ། །དྲུག་པ་མེ་དང་ཆུ་གོ་ལྡོག་པ་ལྟར། ཕ་ན་བའི་ཚེ་བུ་ནད་མེད་དེ་ལ་རྩ་བལྟ་སྟེ། དེ་ལྟར་དུས་ལ་མ་ལྟོས་པར་ནམ་ཡང་མཆིན་རྩ་དེ་ཚང་བར་འདུག་ན་ཕ་མི་འཆི་ཞིང་མ་ཚང་ན་ངེས་པར་འཆི། མ་བུ་དགྲ་གྲོགས་ནི་མཆིན་རྩ་ཤིང་ཁམས་ཡིན་པས་དེའི་མ་ཆུ་ཁམས་མཁལ་རྩ་ཚང་ཞིང་མཚན་ཉིད་ལྡན་པར་དར་ན་མི་འཆི་ཞིང་ནད་ཐེབས་ཀྱང་གསོ་སླ། བུའི་སྤོ་རྨོ་ལ་བཟང༌། མ་རྩ་ཚང་ཞིང་མ་དར་ན་མི་འཆི་བ་ཙམ། གུད་ན་ནད་ཐུ་བས་ཐེབས། མ་རྩ་དེ་མ་ཚང་ན་ཕ་འཆི་ལ་ཡང་ན་བུའི་དགྲ་གཅིག་འཆི། མཆིན་པའི་དགྲ་ལྕགས་ཁམས་གློ་རྩ་དར་ན་གདོན་ཆེན་གནོད་འཆི་བའི་ཉེན། གུད་ན་གདོན་མེད་དམ་ཆུང་མ་ཚང་ན་ཕ་མི་འཆི་བུ་ལ་ནོར་གོད་འོང༌། མཆིན་གྲོགས་མཆེར་རྩ་དར་ན་ཕན་པའི་ཟས་སྨན་རྙེད། གུད་ན་ཟས་སྨན་བཅོས་ལོག་པ་འོང་མ་ཚང་ན་འཆི། མཆིན་པའི་བུ་སྙིང་རྩ་དར་ན་ནད་ཡུན་ཐུང༌། གུད་ན་ནད་ཡུན་རིང་བ་འོང༌། མ་ཚང་ན་བུ་རང་འཆི་ལ་ཕ་འཚོ། ཡང་ན་བུ་སྤུན་ལ་ངན། དེ་ཉིད་དཔྱིད་དུས་ལ་ཆ་བཞག་པ་ཡིན་གྱི། དུས་རྩ་དེའི་བུ་རང་རྩ་དེའི་མ་ཕའི་རྩར་བཟུང་ནས་རང་རྩ་དར་ན་མི་འཆི་བ་ཞེས་རང་རྩའི་མཚན་ཉིད་བྱུང་ན་མི་འཆི་ལ། རང་རྩ་ལས་ལོགས་སུ་གྱུར་པའི་མཚན་ཉིད་བྱུང་ན་གུད་པ་དེ་བཞིན་དུ་དུས་གང་གི་ཚེ་ཡང་མ་བུ་དགྲ་གྲོགས་སོ་སོའི་མཚན་ཉིད་ལ་འབྲས་བུ་གོང་བཞིན་སྟོན་པའང་འཐད། ཡང་ན་བུ་ན་བ་ལ་ཕའི་ཞེས་ཕ་ནད་མེད་ཀྱི་རྩ་ལ་བལྟས་པས། དུས་ལ་མ་ལྟོས་པར་སྙིང་རྩ་ཚང་བར་འདུག་ན་བུ་མི་འཆི་ཞིང་མ་ཚང་ན་ངེས་པར་འཆི། སྙིང་མེ་ཁམས་ཡིན་པས་དེའི་བུ་ས་ཁམས་མཆེར་རྩ་ཚང་ཞིང་མཚན་ཉིད་ལྡན་པར་དར་ན་མི་འཆི་ཞིང་ནད་ཐེབས་ཀྱང་གསོ་སླ། ཚང་བ་ལ་མ་དར་ན་མི་འཆི་བ་ཙམ། དགྲ་རྩའི་མཚན་ཉིད་གུད་ན་ནད་ཐུ་བས་ཐེབས། བུ་རྩ་མ་ཚང་ན་བུ་འཆི། སྙིང་དགྲ་མཁལ་རྩ་དར་ན་གདོན་ཆེན་གནོད་འཆི་བའི་ཉེན། གུད་ན་གདོན་མེད་དམ་ཆང༌། མ་ཚང་ན་བུ་མི་འཆི་ཕ་ལ་ནོར་གོད་འོང༌། སྙིང་གྲོགས་གློ་རྩ་དར་ན་ཟས་སྨན་རྙེད། གུད་ན་ཟས་སྨན་བཅོས་ལོག་འོང༌། མ་ཚང་ན་བུ་འཆི། སྙིང་བུ་མཆེར་རྩ་དར་ན་ནད་ཡུན་ཐུང༌། གུད་ན་ནད་ཡུན་རིང་ལ་མ་ཚང་ན་ཕ་རང་འཆིའམ་ཕ་ཚན་ལ་ངན་པ་འོང༌། དེ་ཉིད་དཔྱིད་དུས་ལ་ཆ་བཞག་པ་ཡིན་གྱི། དུས་རྩ་དེའི་མ་རང་རྩ་དེའི་བུ་རྩ་དེ་རང་རང་དུས་རྩའི་མཚན་ཉིད་བྱུང་ན་མི་འཆི་ལ། དེ་དགྲ་ལྟ་བུ་གཞན་གྱི་མཚན་ཉིད་གུད་པས་འཆི་བར་བྱེད་པ་སོགས་འབྲས་བུ་གོང་བཞིན་སྦྱོར། མ་དང་བུ་མོའི་རྩ་ལ་ཡང་ཕ་བུའི་བལྟ་ལུགས་ཇི་ལྟ་བ་དེ་ལྟར་བལྟ་བར་བྱའོ། །ཡང་ཁྱིམ་ཐབ་གཉིས་ཀྱི་དབང་དུ་བྱས་ནས་ཁྱོ་ན་བའི་ཚེ་ཆུང་མ་ནད་མེད་དེའི་རྩ་ལ་བལྟས་པས་ལ་ཉེ་ནི། རགས་རྩིས་སུ་དུས་ལ་མ་ལྟོས་པར་མཆིན་རྩ་མ་ཚང་ན་ཁྱོ་དེ་ངེས་པར་འཆི་ལ། གུད་ཀྱང་ནད་ཐུ་བ་འབྱུང༌། ཚང་ཞིང་དར་ན་མི་འཆི་སྟེ་འཚོ། ནད་ཐེབས་ཀྱང་གསོ་སླ། སྡོད་འཐེན་འཁྱིག་པ་སོགས་བྱུང་ན་ཆུང་མའི་བུ་འཆི། མཆིན་རྩའི་བུ་སྙིང་རྩ་དར་ན་ཁྱོ་ལ་ངན། བུ་ཚ་དང་ནོར་ལ་བཟང༌། གུད་པ་དེ་ལས་ལྡོགམ་ཚང་ན་བུ་འཆི། མཆིན་རྩའི་དགྲ་གློ་རྩ་དར་ན་ནད་གདོན་སྟོབས་ཆེ་ཞིང་ཁྱོར་ངན། གུད་ན་གོང་ལས་ལྡོག་ཀྱང་མ་ཚང་ན་ཆུང་མའི་ཉེ་བ་གང་རིགས་ལ་ངན། མཆིན་རྩའི་མ་མཁལ་རྩ་དར་ན་ཆུང་མ་རང་ལ་བཟང༌། གུད་ན་ནོར་གོད་འོང༌། མ་ཚང་ན་ཕ་མིང་ཕྱོགས་གང་རིགས་འཆི། མཆིན་རྩའི་གྲོགས་མཆེར་རྩ་དར་ན་ཁྱོ་ལ་ཕན་པའི་ཟས་སྨན་རྙེད། གུད་ན་མི་རྙེད་ཅིང་ལོག་པ་འོང༌། མ་ཚང་ན་ཆུང་མ་དེའི་སྙིང་ཉེ་བ་ཞིག་ཀྱང་འཆི། ཞིབ་པར་གོང་བཤད་དེ་ཉིད་ཆུ་ཁམས་མཁལ་རྩ་རྒྱུ་དུས་ལ་ཆ་བཞག་པའི་དབང་ཡིན་ལ། དེ་བཞིན་དུས་རྩ་ཆུང་མའི་རང་རྩ་དང༌། དེའི་བུ་རྩ་ཁྱོའི་རང་རྩར་བཟུང་ནས་མ་བུ་དགྲ་གྲོགས་བསྐོར་བའི་འབྲས་བུ་མཚན་ཉིད་ལྟར་བརྗོད་དགོས་སོ། །ཆུང་མ་ན་བ་ན་ཁྱོ་ནད་མེད་ལ་རྩ་བལྟས་པས་རགས་རྩིས་སུ་དུས་ནམ་ཡང་མཁལ་རྩ་མ་ཚང་ན་ཆུང་མ་ངེས་པར་འཆི་ལ་གུད་ན་ནད་ཐུ་བ་འབྱུང༌། ཚང་ཞིང་དར་ན་འཚོ། སྡོད་འཐེན་འཁྱིག་པ་བྱུང་ན་ཁྱོའི་བུ་ཞིག་འཆི། མཁལ་རྩའི་བུ་མཆིན་རྩ་དར་ན་ཆུང་མ་ལ་ངན་ཞིང་བུ་ཚ་ནོར་ལ་བཟང༌། གུད་ན་དེ་ལས་ལྡོགམ་ཚང་ན་བུ་འཆི། མཁལ་རྩའི་དགྲ་མཆེར་རྩ་དར་ན་ནད་གདོན་སྟོབས་ཆེ་ཞིང་ཆུང་མར་ངན། གུད་ན་གོང་ལས་ལྡོག་ཀྱང་མ་ཚང་ན་ཁྱོའི་ཉེ་བ་གང་རིགས་འཆི། མཁལ་རྩའི་མ་གློ་རྩ་དར་ན་སྐྱེས་པ་རང་ལ་བཟང་ཞིང་གུད་ན་ནོར་གོད་འོང༌། མ་ཚང་ན་ཕ་ཚན་ཞིག་འཆི། མཁལ་རྩའི་གྲོགས་སྙིང་རྩ་དར་ན་ཆུང་མ་ལ་ཕན་པའི་ཟས་སྨན་རྙེད་ཅིང་གུད་ན་མི་རྙེད་ལོག་པ་འོང༌། མ་ཚང་ན་ཁྱོའི་སྙིང་ཉེ་བ་ཞིག་འཆི། ཞིབ་པར་གོང་བཤད་ཤིང་ཁམས་མཆིན་རྩ་རྒྱུ་དུས་ལ་ཆ་བཞག་པའི་དུས་རྩ་ཁྱོའི་རང་རྩ་དེའི་མ་ཆུང་མའི་རང་རྩར་བཟུང་ནས་འབྲས་བུ་གོང་བཞིན་སྦྱོར་རོ། །ཡང་ན་ཁྱོ་ན་ཆུང་མར་བལྟ་དུས་དུས་རྩ་ཆུང་མ་རང་གི་རང་རྩར་བཟུང༌། དེའི་གྲོགས་རྩ་སྐྱེས་པའི་རང་རྩའི་ཚུལ་དང༌། ཆུང་མ་ན་དུས་ཁྱོ་ལ་རྩ་བལྟས་པས་དུས་རྩ་ཁྱོ་རང་གི་རང་རྩ་དང༌། དེའི་དགྲ་རྩ་ཆང་མའི་རྩ་རུ་བརྩི་སྟེ། ཆུང་མ་ན་བ་ཁྱོ་ལ་རྩ་བལྟས་པས་དུས་རྩའི་དགྲ་རྩ་དེ་ཆུང་མའི་རང་རྩ་ཡིན་པ་དང༌། ཁྱོ་ན་ཆུང་མར་བལྟ་དུས་དུས་རྩའི་གྲོགས་རྩ་དེ་ཁྱོའི་རང་རྩ་ཡིན་པས་དར་ན་མི་འཆི་ལ། དེ་གུད་ཚེ་ནད་ཐུ་བས་ཐེབས། མ་ཚང་ན་འཆི། རང་རྩ་བཙལ་བ་སྟེ་ཁྱོ་ན་དུས་ཆུང་མའི་མཆིན་རྩའི་ཚུལ་དུ་བྱས་ཏེ་དགྲ་གྲོགས་གོང་བཞིན་བརྟག་གོ། བདུན་པ་བུད་མེད་སྦྲུམ་མའི་རྩ་ནི་སྤྱིར་འབུར་ལ་འགྲིལ་བར་འཕར་བ་ཡིན་མོད་ཀྱི། ཁྱད་པར་དུ་མཁལ་རྩ་གཡས་པ་དྲག་ན་བུ་ཕོ་སྐྱེ་ཞིང༌། གཡོན་པ་དྲག་པ་ན་བུ་མོ་སྐྱེ་བར་འགྱུར་ཞེས་བྱའོ། །བུད་མེད་ཁོང་ན་བུ་ཡོད་པ་དེའི་རྩ་ལ་གསོ་དཀའ་སླ་བརྟག་པ་ནི། དུས་རྩ་མའི་རང་རྩ་དང་དེའི་བུ་རྩ་ཁོང་པའི་བུ་དེའི་རྩར་བཟུང་དགོས་པ་སྤྱིར་འབུར་ལ་འགྲིལ་བ་ཡོད་པའི་ཁར། དེ་ཡང་དཔྱིད་ལྟ་བུར་ཤིང་ཁམས་མཆིན་རྩ་དེ་མ་རང་གི་རྩ་དང་དེའི་བུ་མེ་ཁམས་སྙིང་རྩ་ཁོང་གི་བུའི་རྩར་ངོས་འཛིན་ལ། དུས་དེར་བུ་རྩ་སྙིང་རྩ་དེ་མ་མཆིན་རྩའི་མཚན་ཉིད་རྩ་ཅོ་གའི་སྐད་ལྟར་འཕར་བ་དང༌། བུ་རྩ་མཆེར་པའི་རྩའི་ཚུལ་ནས་ཟན་སྐད་ལྟར་འཕར་བར་བྱུང་ན་བཙས་ནས་གསོ་སླ་ནད་དཀོན་པ་སོགས་ཤིས། བུ་དེ་ལ་ཡང་བུ་སྐྱེ་ཞིང་རིགས་བརྒྱུད་འཕེལ། བུ་རྩ་དེའི་གྲོགས་གློ་རྩ་གློ་རྩའི་མཚན་ཉིད་བྱུང་ན་ནོར་དང་ལོངས་སྤྱོད་མང་དུ་འཕེལ་ཞིང་མཐར་བརྟན། རང་རྩ་སྙིང་རྩའི་ཚུལ་དུ་འཕར་ན་བུ་དེ་འཆི་ཉེན་མེད་དེ་བཏང་སྙོམས་སོ། །བུ་རྩ་དེའི་དགྲ་མཁལ་རྩའི་མཚན་ཉིད་ཚང་བར་བྱུང་ན་བཙས་དཀའ་བ་དང༌། མ་འཆིའམ་སྡུག་བསྔལ་ཆེན་པོ་མྱོང་བ་དང༌། བཙས་ནས་བུ་རང་ཉིད་ཀྱང་གསོ་དཀའ་ལ། གལ་ཏེ་གསོས་ཀྱང་དགྲ་ལྡང་ངོ༌། །

        སྤྱི་དོན་དགུ་པ་རྩ་བལྟ་བའི་ཡུལ་གང་ལ་ནད་དང་ནད་མེད་པའི་དབྱེ་བ་སོ་སོར་ངོས་ཟིན་པའི་ཆེད་དུ་རྩ་འཕར་བའི་གྲངས་ཀྱི་སྒོ་ནས་སྤྱིར་བསྟན་པ་ལ་ནད་གང་གིས་ཀྱང་གཙེས་པ་མེད་པའི་སྙོམས་ཤིང་ཚེ་རིང་ནད་དཀོན་པར་འོང་བའི་ཐ་མལ་གྱི་རྒྱུན་རྩ་དེ་ནི་སྨན་པ་བརྟག་མཁན་དེའི་དབུགས་ཀྱང་རྐྱེན་གཞན་གྱིས་མ་བསླད་པའི་སྣའི་སྒོའི་ཕྱི་ནང་ནས་དབུགས་འབྱུང་འཇུག་གནས་གསུམ་ལ་གཅིག་ཏུ་བྱས་པས་ཕྱིར་རྒྱུ་བ་ལ། ས་ཆུའི་རྩ་ལན་གཉིས་བར་དུ་གནས་པ་ལ་ནམ་མཁའ་འམ་ལྕགས་ཀྱི་རྩ་གཅིག་ནང་དུ་འཇུག་ལ། མེ་རླུང་ངམ་ཤིང་གི་རྩ་གཉིས་ཏེ་འབྱུང་བ་དང་མཐུན། ལན་ལྔར་འཕར་ཏེ་དེ་ཡང་དུས་རྩ་དལ་རིང་དུས་ཕྱེད་ལྔ་ཙམ་དང་ཐུང་དུས་ཕྱེད་དྲུག་ཙམ་དུ་འོང་བར་འདོད་དོ། །དེ་ཡང་གྲངས་བཅོ་ལྔ་ལྟ་བུ་ཉུང་ངུ་ལ་བརྟགས་པས་རྟོགས་དཀའ་བས་ན་འཕར་བའི་ལན་གྲངས་བརྒྱ་ལས་མི་ཉུང་བའི་བར་དག་ཏུ་ལེགས་པར་བརྟགས་པས་རེས་ཆེ་རེས་ཆུང་བ་དང༌། སྟོད་སྨད་ལ་ཕྲ་སྦོམ། རེས་དྲག་རེས་དལ། རེས་གཏིང་དུ་བྱིང་བ་དང༌། རེས་ཁར་རྒྱས་པ་དང༌། སྐབས་སུ་སྡོད་པ་དང༌། སྐབས་སུ་སྡོད་མཉམ་པར་འཐེན་པ་དང༌། སྐབས་སུ་ཐང་ཞིང་རེས་འགའ་ལྷོད་པ་སོགས་ཀྱི་སྐྱོན་གང་ཡང་མེད་པར་རྒྱུན་སྙོམས་པ་ཁོ་ནར་འཕར་བ་དེ་ནད་མེད་ཀྱི་རྩར་འདོད་དོ། །རྒྱུ་མཚན་དེའི་ཕྱིར་སྨན་པའི་ཕྱི་ནང་གི་དབུགས་གཅིག་ལ་རྩ་ལན་ལྔ་ལྔ་སྟར་ཆགས་འཕར་བ་དེ་ལས་བཟློག་པ་ལ་ནད་ཅན་གྱི་རྩ་ཡིན་ཞེས་བྱ་སྟེ། དེའང་ལྔ་ལས་གྲངས་མང་བ་དྲུག་བདུན་བརྒྱད་དགུ་སོགས་འཕར་ན་ཚ་བ་དང་རབ་ཏུ་ཚ་བ་སོགས་རིམ་བཞིན་ཚ་བའི་ནད་ཡོད་པའི་རྟགས་ཡིན་གྱི། བཅུ་ཕན་ནི་སྲོག་གཅོད་ནད་དགུའི་ཚ་བ་ལ་འདས་པ་ལྟ་བུ་འཆི་རྩའོ། །ལྔ་ལས་ཉུང་བ་བཞི་གསུམ་གཉིས་སོགས་འཕར་ན་གྲང་བ་རབ་ཏུ་གྲང་བ་སོགས་རིམ་བཞིན་གྲང་བའི་ནད་ཡོད་པའི་རྩ་དང༌། གཅིག་ལས་མ་འཕར་ན་སྲོག་གཅོད་ནད་དགུ་ལྟ་བུ་འཆི་རྩ་ཡིན་ཞེས་གྲངས་ཀྱི་སྒོ་ནས་སྙོམས་པ་ཚད་ཅིག་སྤྱིར་བསྟན། འདི་ལ་ནད་མེད་དུ་ཟིན་ཀྱང་ཡུལ་དུས་རང་བཞིན་ན་སོ་སོགས་ནས། ཞིབ་པར་ཕྱེ་བའི་སྨྲ་རྒྱུ་མང་ཡང་སྐབས་འདིར་མ་སྤྲོས་ལ། རྒྱུན་རྩ་མི་སྙོམས་པའི་དབུགས་ལ་ལན་བཞི་འཕར་བ་དང༌། དྲུག་འཕར་བ་ལྟ་བུ་གང་ལ་དེ་ལས་དྲག་ན་ཚ་བར་སྦྱོར་ཉུང་ན་གྲང་བར་སྦྱོར་བར་རིགས་ལ། དེ་ཡང་གྲངས་མང་ཉུང་ཇི་ལྟར་ཡང་མཁྲང་བ་དང་གྲིམས་པ་འདུག་ན་ཚ་བ། གྲངས་མང་ཡང་སྟོང་པ་དང་ལྷོད་པ་འདུག་ན་གྲང་བ། གྲངས་མང་རྩ་སྦུབས་སྟོང་ན་རྟགས་ཚ་ལ་ངོ་བོ་གྲང་བ། གྲངས་ཉུང་ཞིང་གཏིང་མཁྲང་ན་རྟགས་གྲང་ལ་ངོ་བོ་ཚ་བ། འོན་ཀྱང་ནད་མེད་ཡིན་དུ་ཟིན་ཀྱང་དོན་སྣོད་ཀྱི་རྩ་རྒྱུད་སྟོད་སྨད་མུ་ཏིག་གི་ཕྲེང་བ་ལྟར་ཡོད་པ། རྩ་རུས་པ་འབུར་པོའི་ལྡེབས་ལ་མི་འཕར་བར་ལག་པའི་རྒྱབ་སོགས་གོང་དུ་བརྒལ་བ་དང༌། ཚོན་ཀན་ཆག་གི་ཡར་ཟུར་མར་ཟུར་གྱི་འོག་ཏུ་རྩ་མ་ཚང་བ་དང༌། འཕར་འཕྲོ་ལ་སྡོད་པ་དང༌། སྡོད་ལ་ཁད་ཀྱི་འཐེན་པ་དང༌། རྒྱས་པར་འཕར་འཕྲོར་བྱིང་བར་གཅིག་འཕར་ནས་གཅོད་པ། སོར་མོའི་འོག་ཏུ་རྩའི་རྒྱུན་གཉིས་གཤིབས་པ་ལྕམ་དྲལ་ལ་སོགས་པ་རྣམས་ལས་གཞི་རྩ་ལ་ཡོད་པ་འོང་ལ། དེའི་སྒེར་འབྲས་གོང་རྒལ་གཞི་རྩར་ཡོད་ན་ཞང་པོ་ཡུལ་འཕོ་བ་དང་རབས་ཆད་གྱོད་སོགས་འོང་ལ། གློ་བུར་དུ་བྱུང་ན་རང་ཡུལ་འཕོ་བ་དང་གཞན་ཡང་མི་འདོད་པའི་འཚེ་བ་འབྱུང༌། མ་ཚང་བ་གཙོ་ཆེ་གཞན་སྡོད་འཐེན་གཅོད་པ་སོགས་སྐྱེས་པའི་ཟླ་དུས་ནས་བརྩི་བ་སོགས་བཤད་ནའང་ནམ་བྱུང་གི་ཟླ་ཞག་དུས་ཀྱི་སྲོག་ཁམས་ནས་བསྐོར་བའི་མ་རྩ་མ་ཚང་ན་མ་ཕྱོགས་ཀྱི་ཕ་མིང་རབས་ཆད་ཅིང་དེར་ངན། དེ་བཞིན་དུ་བུ་རྩ་མ་ཚང་ན་རང་གི་བུ་དང་ཚའི་རབས་ཆད་ཅིང་ངན། དགྲ་རྩ་མ་ཚང་ན་རང་ལ་སྡང་བས་དགྲ་རབས་ཆད་ཅིང་རང་ལ་བཟང་ཡང་དེར་ངན། གྲོགས་རྩ་མ་ཚང་ན་རང་གི་ནོར་དང་ལོངས་སྤྱོད་བརླག རང་རྩ་མ་ཚང་ན་རང་ལ་བུ་མི་འབྱུང༌། གཞི་རྩར་གང་ཡོད་ལ་ཞིབ་ཆ་སྲོག་རླུང་སོགས་སྤྲོས་པ་མང་ཡང་སྐྱེས་པའི་ཟླ་ཞག་དུས་གསུམ་གྱི་སྲོག་ཁམས་དགྲ་གྲོགས་བརྩིས་པའི་གང་གུད་པ་དེར་གོང་བཞིན་རང་རང་གི་སར་འབྲས་བུ་མི་དགེ་བ་འབྱུང་བ་དེ་དག་རྣམས་གཞི་རྩར་ཆེར་དཀོན་ཀྱང༌། ངེས་མེད་དུ་སྲིད་པའི་ཕྱིར་ན་ཁ་དམར་ལེ་ཚན་གང་གདགས་གོང་དུ་གཞི་རྩ་ལ་ཡོད་མེད་དྲིས་ནས་གཏན་ལ་དབབ་པར་བྱའོ། །གཞན་ཡང་ནད་མེད་ལ་དོན་ལྔའི་སྙིང་རྩ་མ་ཚང་ན་ཟླ་གཅིག གློ་བར་གཉིས། མཆིན་པར་གསུམ། མཆེར་པར་ལྔ། མཁལ་མར་བརྒྱད་ནས་འཆི་བར་བཤད། སྡོད་འཐེན་ན་གྲིར་གུམ། གཅོད་པ་གཞི་རྩ་ལ་ཡོད་ན་ཕ་ཤུལ་བུས་མི་ཟིན་པའི་ཐ་ཤལ་འབྱུང༌། གློ་བུར་བྱུང་ན་མྱ་ངན་འོང༌། གོང་དུ་བཤད་པའི་སྡོད་དེ་ལ་གཅིག་ནས་སྡོད་ན་ཟླ་གཅིག་སོགས་ཟླ་བའི་གྲངས་ཀྱི་འབྲས་བུ་ལྟར་དང༌། གཡས་སྐྱེས་པ་གཡོན་བུད་མེད་དེ་ཡང་གཡས་སྐྱེས་པར་སྡོད་ན་ཟླ་སྟོད་བུད་མེད་ལ་ཟླ་སྨད་གཡོན་ལ་ལྡོག་པ་ཡང་སྐྱེས་པ། གཡས་སྡོད་ན་ལྷོ་བགྲོད་གཡོན་སྡོད་ན་བྱང་བགྲོད་མོར་ལྡོག་པ་སོགས་ལ་འབྲས་བུ་འབྱུང་ཚུལ་མང་བ་ཡོད་དོ། །གོང་དུ་བཤད་པའི་གཞི་རྩ་ལ་ཡོད་མེད་སོགས་གང་ཡང་མ་རྟོགས་པར་སྨྲས་ན་ཁ་དམར་ལོག་པར་འགྲོ་བ་ཡོད་དོ། །དེར་མ་ཟད་ཕོ་མོ་བུ་རྩ་གསུམ་པོའི་རྩའང་ཞིབ་ཏུ་མ་ཤེས་ན་ནད་ཚ་བར་འཁྲུལ་སོ་ཡོད་དེ། ཕོ་རྩ་སྦོམ་ལ་རགས་པ་དང༌། ཚ་བའི་རྩ་དྲག་རྒྱས་འདྲ། མོ་རྩ་ཕྲ་ལ་མྱུར་བ་དང༌། ཚ་བའི་གྲིམས་མགྱོགས་འདྲ། བུ་རྩ་འབུར་འགྲིལ་དང༌། ཚ་བའི་འགྲིལ་མཁྲང་འདྲ། བྱང་ཆུབ་སེམས་རྩའི་རྒྱུད་རིང་འཇམ་མཉེན། གྲང་བའི་བུལ་ཞན་ལྷོད་པར་འཁྲུལ་བ་དང༌། དོན་སྣོད་ཀྱི་རྩ་གང་ཡང་རུང་བ་མ་ཚང་བ་དང་འཕར་ཚུལ་རིགས་མི་མཐུན་གྱི་བར་དུ་གཅོད་པ་དང༌། གྲངས་གང་ཡང་རུང་བར་སྡོད་པ་རྣམས་འཆི་རྩའི་སྡོད་རྣམས་སུ་འཁྲུལ་པ་ཡོད་པས་ན། མི་དེའི་གཞི་རྩ་སྔོན་ཆད་པ་བལྟ་མ་མྱོང་བས་རྒྱུས་མེད་པ་རྣམས་ཀྱིས་ནད་པ་དེ་ལ་ཕོ་རྩ་ཡོད་དམ་མོ་རྩ་ཡོད་ཅེས་པ་སོགས་ཐོག་མར་དྲི་བ་འདི་ནི་གཅེས་པར་ཟུངས་ཤིག་ཅེས་གདམས་སོ། །

        སྤྱི་དོན་བཅུ་པ་རྩ་ལ་ནད་སོ་སོར་ངོས་བཟུང་བ་ལའང་སྤྱིའི་སྒོ་ནས་འཛིན་པ་དང༌། བྱེ་བྲག་སོ་སོའི་ངོས་འཛིན་གཉིས་ཀྱི་དང་པོ་སྤྱི་རྩ་ཞེས་བྱ་བ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས་བསྡུ་ན་རྣམ་པ་དྲུག་གིས་ཚ་གྲང་གཉིས་པོའི་ལ་ཤན་ཐོག་མར་དབྱེ་བ་བཤད་པར་བྱའོ། །རྩ་ཤུགས་ཆེ་བ་དྲག་པ་རྒྱས་འཁྲུགས་ཤས་ཆེར་འབྱུང་བ་དང༌། རྒྱས་པ་དཔངས་མཐོ་ཞིང་སྦོམ་པ་རླུང་ཁྲག་འཁྲུགས་པ་སྨུག་པོ་ཚ་རྐྱེན་ཅན་ལ་འབྱུང་བ་དང༌། འགྲིལ་བ་ཞེས་རྩ་འགྲིལ་བ་ལྟ་བུ་ཁྲག་འཁྲུགས་དང་ཁྲག་སྐྲན་ནད་ལ་འབྱུང་བ་དང༌། མགྱོགས་པ་འཕར་གྲངས་མྱུར་བ་རིམས་རྒྱས་པ་དང་ཤ་དུག་ལ་འབྱུང་བ་དང༌། གྲིམས་པ་ཤེད་ཧྲིལ་སྒྲིལ་སྲད་བུ་གྲིམས་པ་ལྟ་བུ་མཁྲིས་ཚད་དང་སྙིང་ཚད་ལ་འབྱུང་བ་དང༌། མཁྲང་བ་སྲ་ལ་མཁྲེགས་པ་སྟེ་རྨ་ཚད་ནད་ལ་ཕལ་ཆེར་འབྱུང་བ་དང་དྲུག་ནི། སྤྱིར་ཚ་བའི་ནད་ཙམ་ལ་འབྱུང་བའི་རྩ་ཡིན་ལ། དེ་དག་དྲག་རྒྱས་སོགས་གང་ཡང་རུང་བ་གཅིག་གཉིས་ཙམ་ཚང་ན་ཚ་བ། གསུམ་བཞི་ཚང་ན་རབ་ཏུ་ཚ་བ། ལྔ་དྲུག་ཚང་ན་མཆོག་ཏུ་ཚ་བ་ཞེས་བྱའོ། །དེ་ཡང་རྩ་དཔངས་མཐོ་བར་འཕར་བ་ཚ་བར་ངོས་འཛིན་པ་དང༌། གྲངས་མང་བར་འཕར་བ་ཚ་བར་ངོས་འཛིན་པ་དང༌། སྙུགས་ཞེས་པ་རྩ་གཏིང་དུ་ཞེན་པ་ཡུན་རིང་ཐུང་སྟེ། ཐུང་བ་ལ་སྤུན་པར་འཕར་བ་ལ་ཚ་བར་ངོས་འཛིན་པ་གསུམ་ལས། ཚ་བ་གསར་རྙིང་གཉིས་སུ་འདུས་པས་ན་དཔངས་མཐོ་བ་དང་གྲངས་མང་བ་གཉིས་ཀྱི་ཚ་བ་དེ་ནི་འཁྲུགས་དང་རིམས་གསར་པའི་རྩ་ཡིན་ལ། སྙུགས་ཏེ་གོང་བཤད་ཀྱི་རྩ་དེ་ལྟར་འཕར་བའི་ཚ་བ་དེ་ནི་རྙིང་པའི་ཚ་བར་ངོས་འཛིན་པ་བཅས་ཚ་བ་གསར་རྙིང་དེ་གསུམ་དྲག་ཞན་སོགས་ལས་ནད་སྟོབས་ཆེ་ཆུང་དཔག་དགོས་པ་ཡིན་ནོ། །གྲང་བའི་སྤྱི་རྩ་ནི་ཤེད་ཆུང་བ་ཞན་པ་གྲང་སྐྲན་ལ་ཕལ་ཆེར་འབྱུང་བ་དང༌། བྱིང་བ་མི་མངོན་པ་ཕལ་ཆེར་དམུ་འོར་ལ་འབྱུང་བ་དང༌། གུད་པ་སྟེ་མི་གསལ་བ་ཕལ་ཆེར་སྐྱ་རྦབ་སོགས་ལ་འབྱུང་བ་དང༌། བུལ་བ་སྟེ་དལ་བ་ཕལ་ཆེར་གྲང་བའི་ཆུ་སེར་སྐྱ་བོ་སོགས་ལ་འབྱུང་བ་དང༌། ལྷོད་པ་རྩ་ཤེད་གཅིག་ཏུ་མ་འགྲིལ་བ་རྣམ་པ་འབོལ་པོ་ཤས་ཆེར་གྲང་བའི་སྐྲན་ལ་འབྱུང་བ་དང༌། སྟོང་པ་མནན་པས་མི་འཕར་བ་ནི་རྐྱང་པའི་རླུང་སོགས་ལ་འབྱུང་བ་དང་དྲུག་ཡིན་ལ། དེའང་སྙུགས་ཏེ་རྩ་གཏིང་དུ་ཞན་པ་ཡུན་རིང་བ་ལ་འཕར་གྲངས་ཉུང་བ་བྱུང་ཡང་གྲང་བ་གསར་པ་ཡིན་པས་དེ་ལ་ཞན་བྱིང་སོགས་ཀྱི་ནད་སྟོབས་ཆེ་ཆུང་དཔགགྲང་བའི་རྩ་ཞན་བྱིང་སོགས་འཕར་གྲངས་ཉུང་བ་དང༌། རྩ་དཔངས་དམའ་བ་བྱུང་ན་གྲང་བ་རྙིངས་པ་སྟོབས་ཆེ་ཆུང་རྗེས་སུ་དཔགས་ཏེ་ཤེས་པར་འདོད་དོ། །འདིར་ཡང་གྲང་བ་གསར་པ་ནི་བད་ཀན་ཁོ་ན་ཤས་ཆེ་བས་རྩ་རིང་སྟེ་སྙུགས་སུ་འཕར་བ་ཡིན་ཞིང༌། གྲང་བ་དེ་རྙིངས་པ་ཆུའི་ནུས་པ་ཆུང་དུ་སོང་སྟེ་མཇུག་ཏུ་རླུང་གི་རྩ་དཔངས་མཐོ་བར་རིགས་པས་གྲུབ་བོ། །

        བྱེ་བྲག་ཏུ་བརྟག་པ་རྣམ་པ་གཉིས་ཡིན་ཏེ། རྩ་རྒྱུད་སོ་སོས་མ་འདྲེས་པར་ནད་ཀྱི་རིགས་དབྱེ་བ་དང༌། ཚོན་ཀན་ཆག་གསུམ་པོའི་འོག་ཏུ་རྒྱུ་བ་བཅུ་གཉིས་ཀྱིས་ལུས་སྟོད་སྨད་སྤྱི་དང་དོན་སྣོད་བྱེ་བྲག་གར་བབས་བརྟག་པའོ། །དང་པོ་རྩ་རྒྱུད་སོ་སོར་མ་འདྲེས་པར་བརྟགས་པའི་རྐྱང་པ་ནི། རླུང་རྐྱང་གི་རྩ་ནི་རྐྱལ་པ་དབུགས་ཀྱིས་བརྒྱངས་པ་ལྟར་སྦོམ་ཞིང་སྟེང་དུ་ཐོན་པ་མནན་མི་བཟོད་པའི་སྟོང་པ་ཡིན་པ་སྐབས་སུ་ངེས་མེད་དུ་སྡོད་པ་ཡིན་ལ། མཁྲིས་པ་རྐྱང་པའི་རྩ་ནི་ཕྱི་ནས་ཕྲ་ལ་ཁོང་གྲིམས་པར་འཕར་བ་ཡིན་ལ། བད་ཀན་རྐྱང་པ་སྐྱ་བོའི་རྩ་ནི་མི་གསལ་བར་གཏིང་དུ་བྱིང་ལ་གུད་པས་རྒྱུ་བ་དཀའོ། །འདྲེས་པ་སྟེ་ལྡན་འདུས་ཡིན་ཏེ། དེ་ཡང་རླུང་དང་ཚད་པར་ལྡན་པའི་རྩ་ནི་རླུང་གི་ཆ་ནས་སྟོང་པ་ཡིན་ཞིང༌། ཚད་པའི་སྒོ་ནས་མགྱོགས་ལ་རྒྱུགས་པའོ། །བད་མཁྲིས་ལྡན་པའི་རྩ་ནི་བད་ཀན་གྱི་དབང་ལས་ཁ་བྱིང་བ་ཡིན་ཞིང༌། མཁྲིས་པའི་དབང་གིས་གཏིང་ན་གྲིམས་པའོ། །བད་རླུང་ལྡན་པའི་རྩ་ནི་རླུང་གི་དབང་ལས་སྟོང་པ་ཡིན་ལ། བད་ཀན་གྱི་དབང་གིས་དལ་བ་ཡིན་ཏེ། རྩ་རྒྱུད་དཀྱུས་མ་ལ་གཞན་ཡང་གུང་མོའི་འོག་གི་རྩ་ཐོག་ཏུ་མི་གསལ་ན་བད་རླུང་ངོ༌། །འདུས་པ་བད་ཀན་སྨུག་པོའི་རྩ་ནི་རླུང་གི་ཆ་ནས་སྦོམ་ལ་ཁྲག་གི་ཆ་ནས་ཁེངས་པ་མཆིན་པར་བད་ཀན་ཞུགས་པའི་དབང་གིས་ཀན་འོག་གི་རྩ་ཞར་བ་སྟེ་རྩ་མི་ཁེངས་པ་ལེབ་ཆགས་སུ་འཕར། དེ་ཡང་ཕྲ་ཞིང་གཏིང་ནས་དམ་པས་རུས་པ་ལ་ཐུག་པར་མནན་པས་མངོན་པ་སྐྲན་ཡིན་ནོ། །ཁྲག་གི་རྩ་ནི་ངོ་བོ་འབུར་ལ་འགྲིལ་ཀྱང་སྦྲུམ་མའི་རྩ་ལས་ཅུང་ཟད་དལ་བར་འཕར། ཆུ་སེར་གྱི་རྩ་ནི་འདར་ལ་རྒྱུ་བར་དཀའ། སྲིན་གྱི་རྩ་ནི་འཁྱིག་ཅིང་ཞེས་འཕར་འཕྲོར་བཙིར་བ་ལྟར་ཞེང་དུ་ལེབ་མོར་འཕར་རོ། །རྩ་རྒྱུད་མི་ཁེངས་པར་ཞར་ཅིང་འདར་ལ་འཕྲིག་པ་སྟེ་ཤ་འཕྲིག་པ་ལྟར་འཕར་བ་ནི་ཀླུ་གདོན་གྱིས་ཟིན་པ་མཛེའི་ནད་ཀྱི་རྩ་ཡིན་ལ། འགྲམས་ཚད་ཀྱི་རྩ་ནི་ཕྲ་ཞིང་མཁྲང་ལ་གྲིམས་པར་འཕར། འཁྲུགས་ཚད་ཀྱི་རྩ་ནི་སྦོམ་ལ་རྒྱས་ཤིང་འབུར་ལ་འགྲིལ་པར་འཕར། རིམས་ཚད་ཀྱི་རྩ་ནི་ཕྲ་མོ་ཡིན་པ་ལ་མགྱོགས་པར་འཕར། གཉན་ཚད་ཀྱི་རྩ་ནི་འཁྱིག་ཅིང་ཞེས་བཤད་མ་ཐག་པ་ལྟར་དང༌། རེས་དྲག་པ་རེས་ཞན་པ་རེས་སྟོང་པ་རེས་ཕྲ་བ་རེས་གཉིས་གཤིབས་པའི་ལྕམ་དྲལ་བྱེད་པ་དང༌། གཟེར་ཐུང་གི་ནད་ཀྱི་རྩ་ནི་ཐུང་ཐུང་ལ་སྦུད་སྦུད་པར་འཕར་བའོ། སྦྱར་དུག་གི་རྩ་ནི་རྩུབ་ཅིང་སྤུན་ལ་འཆོལ་བར་རྒྱུ་ཞིང་གཏིང་དུ་སོང་བས་མངོན་མི་བཏུབ་པ་བརྟག་དཀའ་ཞིང་སྣ་ཚོགས་སུ་སྟོན་པ་དུགཤ་དུག་གི་རྩ་ནི་ཕྲ་མགྱོགས་ཡིན་པ་ལ་སྐབས་འགར་ལེབ་ཆགས་ཏེ་ཞར་བ་དང་བྱིང་བར་རྒྱུ། མ་སྨིན་པ་ཚ་བའི་རྩ་ནི་ཕྲ་ལ་མགྱོགས་ཤིང་རླུང་ལྟར་བརྟགས་མི་ཐུབ་པར་གཡོ་བའོ། །རྒྱས་ཚད་ཀྱི་རྩ་ནི་དྲག་ལ་གྲིམས་པས་མནན་ན་འགྲིལ་པར་འཕར། དྲག་པོ་རྩུབ་ལ་ཐུང་བ་གཉན་རིམས། ཁ་རྒྱུག་ལ་གཏིང་གྲིམས་ཤིང་ཁོང་ན་འདར་བ་གག་ལྷོག་སོགས་ལ་འོང་ངོ༌། །སྟོང་ཚད་ཀྱི་རྩ་ནི་སྟོང་སྟེ་མནན་མི་བཟོད་པ་ལ་མྱུར་བར་རྒྱུག་པ་སྟེ། གབ་པའི་ཚད་པའི་རྩ་ནི་དཔངས་དམའ་ལ་གཏིང་གྲིམས་པར་འཕར་བའོ། །ཚད་པ་རྙིངས་པའི་རྩ་ནི་ཕྲ་མོ་ལ་གཏིང་གྲིམས་པར་འཕར་བའོ། །རྙོགས་པའི་ཚད་པའི་རྩ་ནི་ཕྲ་མོ་ཡིན་པ་ལ་གཏིང་ན་མགྱོགས་པར་རྒྱུགས་པའོ། །རྨ་ལ་ཚད་པ་ཞུགས་པའི་རྩ་ནི་སྦོམ་ལ་མཁྲང་ཞིང་མགྱོགས་པར་འཕར་བའོ། །ཟུག་རྔུ་སྟེ་ལུས་ལ་མདེའུ་ལུས་པའི་རྩ་ནི་གཡས་གཡོན་གང་ན་ཡོད་པ་དེ་ཞར་ཅིང་རྩ་གཉིས་ལྕམ་དྲལ་ལྟར་བྱེད་པའོ། །འདིར་ལྕམ་དྲལ་ཞེས་པ་གཡས་གཡོན་གྱི་སྦོམ་ཕྲ་ལ་འདོད་པ་མི་འཐད་དེ། མ་མགོན་གཉིས་ལ་ལྕམ་དྲལ་དང༌། འདུལ་བ་ལས། སྲིང་མོ་ལྕམ་ལ་མིང་པོ་དྲལ་ཞེས་པའི་ལྕམ་དྲལ་དང༌། སྒོ་སྤུས་འབྱེད་ལ་ལྕམ་དྲལ་ཟེར་བ་ཀུན་གཉིས་གཤིབས་པའི་དོན་ཡིན་པའི་ཕྱིར་རོ། །

          མགོ་བོའི་རུས་པར་གས་ཆག་དང་ཤ་ཀླད་ལ་སྐྱོན་ཡོད་མེད་བརྟག་པ་ནི། ཤ་དང་རུས་པ་ཀླད་པ་རྣམ་པ་གསུམ་པོ་གང་ལ་སྐྱོན་ཡོད་ན་ཤ་ལ་ཡོད་ན་ཚོན། རུས་ལ་ཀན། ཀླད་པར་ཆག་གི་རྩ་རིམ་པ་བཞིན་དུ་ཤ་སྐྱོན་དྲག་ཅིང་རུས་པར་གྲིམས་ལ་ཀླད་སྐྱོན་མགྱོགས་པའོ། །ལུས་ཀྱི་ཕྱི་ནང་གང་ལ་རྣག་ཡོད་ཀྱང་དེའི་རྩ་ནི་འདར་རམ་ཡང་ན་རེག་བྱ་ཚ་ཞིང་ངོ་བོའང་ཚ་བའི་རྩ་ལྟ་བུ་ལ་ལྷག་པར་སྤུན་པ་སྟེ་ཕྲ་ལ་མྱུར་བར་འཕར་བའོ། །གྲང་བའི་ནད་རྣམས་ཀྱི་རྩའི་ནང་ནས་མ་ཞུ་གསར་པའི་རྩ་ནི་སྦོམ་ལ་མཁྲང་བ་དང༌། མ་ཞུ་རྙིང་པའི་རྩ་ནི་ཤེད་ཆུང་ཞིང་རྩ་རྒྱུད་ཕྲ་བ་དང༌། སྐྲན་གྱི་རྩ་ནི་འཕར་སྟངས་ཞན་ཅིང་ལེབ་ཆགས་ཏེ་ཞར་བར་འཕར། དམུ་ཆུ་དང༌། འོར་དང༌། སྐྱ་རྦབ་གསུམ་རྩ་རྒྱུད་ཕྲ་བྱིང་ལ་མནན་པས་གཏིང་ན་དམ། སྐྱུག་ན་ནད་གང་གིས་སྐྱུག་ཀྱང་རྩའི་སྟོད་ན་ཞན་ཅིང༌། འཁྲུ་ན་ནད་གང་གིས་འཁྲུ་ཡང་རྩ་སྨད་ཞན་པ་སྟེ། ཤེད་ཆུང་བར་འཕར་བ་གྲང་འཁྲུའི་དབང་གིས་ཡིན་ལ། ཚ་བའི་འཁྲུ་སྐྱུག་དེ་ལས་གོ་ལྡོག འཁྲུལ་སོ་བསལ་བ་ནི། ནད་སྤྱི་དང་བྱེ་བྲག་སོ་སོའི་སྐབས་གསལ་བར་བཤད་པ་ལྟར་ཡིན་མོད།

          འོན་ཀྱང་དེ་ལྟར་མཐའ་གཅིག་ཏུ་མ་ངེས་པའི་རྩ་ལ་ནོར་བའི་འཕྲང་དྲུག་ཅེས་བྱ་བའང་ཡོད་པས་ཞིབ་ཏུ་བརྟག་དགོས་ཏེ། ཁྲག་རྩ་རླུང་རྩ་གཉིས་ལ་རྐྱལ་བྱེད་ཀྱི་རྩ་སྟོང་ཞིང་སྟེང་དུ་ཐོན་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང་ཞིབ་ཏུ་བརྟགས་ན། ཁྲག་རྩ་རྐྱལ་ཡང་གྲིམས་ཤིང་མནན་པས་བཟོད། རླུང་རྩ་རྐྱལ་ཞིང་སྟོང་པས་མནན་ན་སྟོང་ལ་མི་བཟོད་པའི་ཁྱད་པར་ཡོད། རྒྱས་ཚད་སྟོང་ཚད་གཉིས་ལའང་མྱུར་དུ་རྒྱུག་པར་བྱེད་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང༌། རྒྱས་ཚད་ཀྱི་རྩ་དྲག་ལ་གྲིམས་པ་མནན་ན་བཟོད་པ་ཡིན་ལ། སྟོང་ཚད་ལ་མནན་ན་སྟོང་པའི་ཆ་ཡོད་པས་ཁྱད་པར་ཆེ། བད་ཀན་དང་ཁྲག་རྒན་གྱི་རྩ་གཉིས་གཏིང་དུ་བྱིང་བར་བྱེད་པའི་སྒོ་ནས་ནོར་ར་རེ་ཡོད་ཀྱང༌། ཞིབ་པར་བརྟགས་ན་བད་ཀན་གྱི་རྩ་ལ་གུད་པ་དང་དལ་བ་ཡོད་ལ། ཁྲག་རྒན་ལ་ཤེད་ཆེ་བ་ཡོད་པས་མི་ནོར་བ་ཡིན་ནོ། །

          ནད་དེ་དག་རྣམས་ཀྱང་ཧྲིལ་གྱིས་དྲིལ་ན་ལུས་སྟོད་སྨད་བར་གསུམ་དང་དོན་སྣོད་གར་བབས་ཀྱི་ནད་སོ་སོར་བརྟག་པར་བྱ་བ་ལས་ཤུགས་བསྟན་དང་གོ་ལྡོག་པ་སོགས་མཐའ་ཀླས་ཀྱང་རྩ་ལ་དངོས་སུ་གསལ་བ་རྐྱང་པ་ལྡན་པ་འདུས་པ་ཁྲག་ཆུ་སེར་སྲིན་མཛེ་སྟེ་ཐུན་མོང་བཅུ་གཅིག འགྲམས་འཁྲུགས་རིམས་གཉན་གཟེར་ཐུང་སྦྱར་དུག་ཤ་དུག་སྟེ་རིམས་ཀྱི་ཚ་བ་བདུན། མ་སྨིན་རྒྱས་སྟོང་གབ་རྙིང་རྙོགས་པ་སྟེ་གནས་སྐབས་ཀྱི་ཚ་བ་དྲུག རྨ་ཚད་ཟུག་རྔུ་མགོ་ལ་ཤ་རུས་ཀླད་པ་གསུམ། ཕྱི་རྣག་ནང་རྣག་སྟེ་གནས་ཀྱི་ཚ་བ་བདུན། རྒྱུ་མ་ཞུ་གསར་རྙིང་གཅོང་རྙིང་པ་བཞི་སྟེ་གྲང་བ་དྲུག བླ་གཉན་དངོས་བསྟན་གྲང་བའི་འཁྲུ་སྐྱུག་གཉིས། ཤུགས་བསྟན་ཚ་བའི་འཁྲུ་སྐྱུག་གཉིས་དང་བླ་གཉན་བཞི་སྟེ་བཞི་བཅུ་རྩ་གཅིག་དང་འཁྲུལ་སོ་དྲུག་སྟེ་བཞི་བཅུ་རྩ་བདུན་པོ་རྣམས། མདོར་ན་སྨན་པའི་ཚོན་རྩ་གཡས་གཡོན་གཉིས་ཀྱིས་གློ་སྙིང་དང་ལུས་སྟོད་ཀྱི་ནད་བརྟག་པར་བྱ་ཞིང༌། ཀན་རྩ་གཡས་གཡོན་གཉིས་ཀྱིས་ཕོ་མཆིན་སོགས་བར་གྱི་ནད་རྣམས་བརྟག་ལ། ཆག་རྩ་གཡས་གཡོན་གཉིས་ཀྱིས་མཁལ་རྐེད་མན་གྱི་སྨད་ནད་རྣམས་བརྟག་པ་དང༌། སོར་མོ་དྲུག་གི་ཡར་ཟུར་རྣམས་གདགས་ཏེ་ཚ་བ་དང༌། མར་ཟུར་རྣམས་སྲིབས་ཞེས་གྲང་བ་སྟེ་ཚ་གྲང་གི་རྩའི་འཕར་ཚུལ་གྱིས་དོན་ལྔ་དང་སྣོད་དྲུག་གི་ནད་དང་ནད་མེད་བརྟག་གོ། དེའང་སོར་མོའི་མར་ཟུར་རྣམས་དོན་ལྔའི་ནད་བརྟགའཕར་ཚུལ་ཕྱིར་རྒྱུ་བའི་གདགས་ཀྱི་རྣམ་པའི་རྩ་དང༌། མར་ཟུར་རྣམས་སུ་སྣོད་དྲུག་གི་ནད་བརྟགའཕར་ཚུལ་ནང་དུ་རྒྱུ་བ་སྲིབས་ཀྱི་རྣམ་པའི་རྩར་བརྟག་དགོས་ཏེ། ཅིའི་ཕྱིར་ཞེ་ན། དོན་སྣོད་སོ་སོའི་ནད་རྟགས་ཕལ་ཆེར་འདྲེས་པ་ཆོ་རོལ་དུ་མི་འབྱུང་ཞིང༌། སྣོད་རྣམས་རང་རང་གི་ཁམས་དང་མཐུན་པའི་དོན་གྱི་རྗེས་སུ་འབྲངས་པ་ལ་བརྟེན་ནས་རླུང་གི་རྩ་རྐྱལ་སྟོང་སྐབས་སུ་སྡོད་པ། མཁྲིས་པའི་རྩ་མགྱོགས་རྒྱས་གྲིམས་པར་འཕར་བ། བད་ཀན་རྩ་བྱིང་གུད་དལ་བ་སོགས་དོན་སྣོད་སོ་སོའི་རྩར་བྱུང་ན་ནང་དུ་ཡོད་ཀྱང་དེར་མ་ཟད་དབང་པོ་ནས་ཀྱང་ལྕེ་ཁྲ་བོ་པགས་པ་ནག་པོ་སྔོན་པོ་དིག་པ་ལྕེ་མི་བདེ་བ་འདུག་ན་སྙིང་དང་རྒྱུ་མར་ནད་ཡོད་པ། དེ་བཞིན་སྣ་སྨུག་ནག་པོ་འགགས་པ་སོགས་བྱུང་ན་གློ་བ་དང་ལོང་ལ་ནད་ཡོད། མིག་དམར་ཚག་གཤེར་ཚག་སྐམ་ཚག་མིག་སེར་མཆི་མ་མི་ཐུབ་པ་སོགས་བྱུང་ན་མཆིན་པ་དང་མཁྲིས་པར་ནད་ཡོད། མཆུ་གས་པ་བད་མཆུ་དང་མདོག་སྔོན་པོ་ནག་པོ་ཁྲ་བོ་ཆུ་བུར་དང་རྨ་བྱུང་བ་སོགས་མཆེར་པ་དང་ཕོ་བར་ནད་ཡོད། རྣ་བ་འོན་པ་གཟེར་བ་རྣག་གམ་ཁྲག་འཛག་འུར་སྒྲ་སོགས་གཡས་ལ་བྱུང་ན་མཁལ་མ་གཡས་དང་ལྒང་པ། གཡོན་ལ་བྱུང་ན་མཁལ་མ་གཡོན་དང་བསམ་སེར་ནད་ཡོད་ལ། ནང་དུ་མ་ཟད་ཕྱིའི་དབང་པོ་ཆེ་ཆུང་སྲབ་མཐུག་བཟོ་དབྱིབས་ཁ་དོག་རྣམས་དོན་ལྔར་ཡང་ཡོད་པར་བཤད་ལ། དོན་ལྔ་སྣོད་དྲུག་ནང་གསེས་སུ་ཕྱེ་ན། སྙིང་མེ་ཁམས་རླུང་དང་བད་ཀན་གྱི་གཞི་རྟེན། དེ་བཞིན་གློ་བ་ལྕགས་ཁམས་ཚ་བ་དང༌། མཆིན་པ་ཤིང་ཁམས་ཁྲག་མཁྲིས། མཆེར་པ་ས་ཁམས་བད་རླུང༌། མཁལ་མ་ཆུ་ཁམས་བད་ཀན་གྲང་བ། སྣོད་རྒྱུ་མ་མེ་ཁམས་མཁྲིས་པ་དང་ཚ་བ། ཕོ་བ་ས་ཁམས་བད་ཀན་ཟས་འཇུ་བ། མཁྲིས་པ་ཤིང་ཁམས་ཚ་བ། ལོང་ལྕགས་ཁམས་རླུང༌། ལྒང་པ་ཆུ་ཁམས་བད་ཀན་གྲང་བའི་གཞི་རྟེན། བསམ་སེ་ཁམས་སོགས་འདུས་པར་བཤད་པ་སྤྱིར་བསྡོམས་ལ། དོན་རྣམས་གདགས་ཞེས་ཚ་བ་དང་སྣོད་རྣམས་སྲིབས་ཞེས་གྲང་བའི་གཞི་རྟེན། སྤེལ་བའི་རྒྱུ་མཚན་གྱིས་དོན་ལ་ཚ་བའི་ནད་དང་སྣོད་ལ་གྲང་བའི་ནད་བྱུང་ན་སོར་མོའི་ཡར་ཟུར་དོན་རྩ་ལ་ཚ་བའི་ནད་རྟགས་དང༌། མར་ཟུར་སྣོད་རྩ་ལ་གྲང་བའི་ནད་རྟགས་མཉམ་དུ་འབྱུང་བ་སྲིད་ཀྱི། དེ་ལས་ལྡོག་པ་སྣོད་རྩ་ལ་ཚ་བའི་རྟགས་དང༌། དོན་རྩ་ལ་གྲང་བའི་རྟགས་མཉམ་དུ་འབྱུང་བ་ཤེས་བྱ་ལ་མི་སྲིད་དོ། །ལུས་ཀྱི་སྟོད་སྨད་གཉིས་ལའང་དེ་བཞིན་དུ་ཤེས་པར་གྱིས་ཞེས་པ་སྟེ། མི་གཅིག་ལ་སྟོད་ཚ་སྨད་གྲང་ཡོད་པ་འབྱུང་མོད། སྨད་ཚ་སྟོད་གྲང་འབྱུང་བ་མི་སྲིད་པས་ན། བརྟག་ཚུལ་སྤྱི་བྱེ་བྲག་ཕྲ་རགས་སོ་སོར་བཤད་པ་དེ་དག་མ་འདྲེས་པར་ཕྲ་མོ་རྣམས་ཀྱང་ཞིབ་མོའི་སྒོ་ནས་དབྱེ་བ་ཕྱེད་པར་རྟོགས་དགོས་ལ། ནད་བཅོས་ངོ་བླངས་པའི་རྩ་རྟགས་ནི་ཕྲ་བ་སྦོམ་དུ་སོང༌། ཐུང་བ་རིང་དུ་སོང་ཞིང་བྱིང་བ་སྟེང་དུ་ཐོན། གྲིམས་པ་ལྷོད་དུ་སོང་བ་རྣམས་བཅོས་སྐྱེད་བྱུང་བའི་རྩ་དང་ལྡོག་ན་ངན་པས་ཞིབ་པར་བརྟག་གོ།

        སྤྱི་དོན་བཅུ་གཅིག་པ་འཆི་བའི་རྩ་ནི་རྒྱུན་རྩ་དང་ནད་རིགས་ཀྱི་རྩ་ལས་རྒྱུད་འགྱུར་བ་དང༌། དོན་སྣོད་སྤྱི་བྱེ་བྲག་གི་རྩ་གསར་དུ་མ་ཚང་བ་དང་གང་ཡང་འཕར་འཕྲོར་གྲངས་བཅད་དུ་སྡོད་པ་བཅས་གསུམ་འོང་བ་ལས། ཐོག་མར་རྩ་དེའི་རྒྱུད་འགྱུར་བའི་རྣམ་གྲངས་མི་འདྲ་བར་བརྟག་པ་ནི། དེ་ཡང་རླུང་ནད་ཀྱི་འཆི་རྩ་དར་ལྕེ་རླུང་གིས་བསྐྱོད་པ་འདྲ་བར་སྟོང་ཞིང་སྦོམ་ལ་འཕར་འཕྲོ་འདར་བ་དང༌། མཁྲིས་པར་ཁྲའི་མཇུག་རྩེ་ལྟར་མྱུར་ལ་འདར་བར་སྲིལ་སྲིལ་འཕར་ཞིང་སྡོད་པ་དང༌། བད་ཀན་ལ་ཐིགས་ཟགས་ཀྱི་ཆུ་གཞུག་འདྲ་བར་སྔ་ཟགས་ཕྱི་ཟགས་མི་སྙོམས་པ་བུལ་བར་འཕར་རྗེས་འཕར་འཕྲོར་འདར་བ་དང༌། རླུང་མཁྲིས་ལྡན་པ་ལ་ཉ་མོ་རྔམ་པ་ཞེས་ལག་པས་མནན་དུས་ཉ་ཆུ་ནས་ཕྱུང་བ་དང་འདྲ་བར་འཕར་དུས་འདར་ཞིང་རྒྱུག་ལ་ཤེད་ཆེར་མནན་ན་མི་འཕར་ཞིང་ཅུང་ཟད་མནན་ན་སྐྱུར་སྐྱུར་བྱེད་པ་དང༌། བད་རླུང་ལྡན་པ་བྱེའུ་མཆིལ་པ་སྒུམ་བུ་ཐུ་བ་དང་འདྲ་བར་བཞི་ཙམ་ཐུང་ཞིང་མགྱོགས། འཇམ་ལ་འཕར་ནས་འདར་ཞིང་འཕར་ཉམས་ངོས་སྡོད་པ་རྣམས་གང་ཡང་འཆི་བའི་རྩ་ཡིན་ནོ། །བད་མཁྲིས་ལྡན་པར་ནི་སྦལ་པ་མཆོང་ཞེས་རྒྱས་ཤིང་དལ་བར་གཉིས་གསུམ་འཕར། དེ་རྗེས་འཕར་ཉམས་བྱེད་ཅིང་འདར་བ་དང༌། འདུས་པ་ནི་གླང་རྒན་ཁ་ཆུ་འདྲ་ཞེས་སྟོང་ཞིང་དལ་ལ་གཡོ་ཞིང་འདར་བ་རྣམས་དང༌། དེར་མ་ཟད་ལུས་སྟོབས་ཆེན་གྱི་མི་ལ་གློ་བུར་གྱི་ནད་གག་ལྷོག་གླང་ཐབས་སོགས་ཀྱིས་ན་བ་ལ་རྩ་སྟོབས་ཆུང་བས་མི་གསལ་བའམ་ཤིན་ཏུ་ཕྲ་བར་འཕར་བ་དང༌། ནད་ཡུན་རིང་ཞིང་ཟུངས་ཟད་པའི་ནད་ལ་རྩ་རྒྱས་ཤིང་འབྲུབ་པ་སྟེ་དྲག་པ། གྲང་བའི་ནད་ཀྱིས་མནར་བ་ལ་ཚ་བའི་རྩ་དང༌། ཚ་བའི་ནད་ཀྱིས་མནར་བ་ལ་གྲང་བའི་ནད་ཀྱི་རྩ་འབྱུང་བ་དང༌། ཡང་གློ་ཚད་དང༌། ཤ་དུག་དང༌། བད་ཀན་ཕོ་བར་འགྲིལ་བའམ། མཁྲིས་པ་ཕོ་བར་འགྲིལ་བའི་ནད་འདི་བཞི་ལ་ནད་མེད་ཀྱི་རྩ་བྱུང་བ་སོགས་གང་འདུག་ཀྱང་མི་དེ་འཆི་བར་འགྱུར་བ་ཡིན་ཞེས་བྱའོ། །དོན་གྱི་རྩ་མ་ཚང་བས་འཆི་རྩར་འགྱུར་བ་དག་ཀྱང་ཡོད་མོད་ཀྱི། ངེས་པར་འཆི་བའམ་མི་འཆི་ཤེས་པར་བྱ་བ་ལ་ནི། ནང་དོན་སྣོད་དང་ཕྱིའི་དབང་པོ་རྣམས་འབྲེལ་བ་དང་འབྱོར་པའི་ཚུལ། སྙིང་དང་ལྕེ་རྩ་འབྲེལ་མཚུངས་པའམ་རྒྱུ་མ་དང་ཁམས་མཐུན་པའམ་འབྱོར། དེ་བཞིན་གློ་བ་དང་སྣ་འབྲེལ་ལོང་དང་འབྱོར། མཆིན་པ་དང་མིག་འབྲེལ་མཁྲིས་པ་དང་འབྱོར། མཆེར་པ་དང་མཆུ་འབྲེལ་ཕོ་བ་དང་འབྱོར། མཁལ་མ་དང་རྣ་བར་འབྲེལ། གཡས་ལྒང་པ་དང་གཡོན་བསམ་སེར་འབྱོར་བ་ལས་ཕྱིའི་དབང་པོའི་རྟགས་ལས་རྗེས་སུ་དཔགས་ཏེ་ཁ་དམར་གདགས་དགོས་པ་ལས། དེའང་ཚོན་འོག་གི་སྙིང་དང་རྒྱུ་མའི་རྩ་མ་ཚང་ཞིང་ལྕེ་ཤིན་ཏུ་གནག་ཅིང་མིག་འབུར་ཚུགས་སུ་བལྟ་ན་སྙིང་རྩ་མ་ཚང་བ་དང་ཕྱི་དབང་པོའི་རྟགས་མཐུན་ན་ངེས་ཅན་དུ་ཞག་གཅིག་ནས་འཆི་བ་ཡིན་ཞེས་བྱ། དེས་མཚོན་པར་གློ་ལོང་གི་རྩ་མ་ཚང་ཞིང་སྣ་གཤོག་གཉིས་ཞོམ་ལ། ནང་སྤུ་སྟེ་བ་སྤུ་གྱེན་ལ་ལོག་པ་སོགས་མཐུན་ན་ཞག་གཉིས་ནས་འཆི། མཆིན་མཁྲིས་ཀྱི་རྩ་མ་ཚང་ཞིང་མིག་གྱེན་དུ་ལྡོག་ལ་སྨིན་མ་ཚོམ་བུར་འཁྱིལ་བ་སོགས་མཐུན་པར་བྱུང་ན་ཞག་གསུམ་ནས་འཆི་ཞེས་བྱ། མཆེར་པ་དང་ཕོ་བའི་རྩ་མ་ཚང་ཞིང་མ་མཆུ་ཐུར་དུ་འཕྱང་ལ་ལྷེན་སྣ་ནང་དུ་རྡིབ་པ་སོགས་མཐུན་པར་བྱུང་ན་ཞག་ལྔ་ནས་འཆི། མཁལ་མ་གཡས་གཡོན་དང་ལྒང་པ་བསམ་སེ་རྣམས་ཀྱི་རྩ་མ་ཚང་ཞིང་རྣ་བའི་ཨུཏྟའི་སྒྲ་ཆད་ལ་རྣ་བ་རྒྱབ་ཏུ་འབྱར་བ་དེ་འདྲ་རྣམས་མཐུན་པར་བྱུང་བའི་ཚེ་ཞག་བརྒྱད་ནས་འཆི་བ་གོ་རིམ་ཇི་ལྟ་བར་ཞག་གཅིག་དང་གཉིས་དང་གསུམ་དང་ལྔ་དང་བརྒྱད་ན་འཆི་ཞེས་སོ་སོར་ཁ་དམར་གདགས་པར་བྱའོ། །རྩ་སྡོད་པའི་སྒོ་ནས་འཆི་མི་འཆི་ངོས་འཛིན་པ་ནི། དེ་ལ་དབྱེ་ན་ན་སྡོད་དང་འཆི་སྡོད་དངོས་དང་འདྲེ་སྡོད་ཅེས་བྱ་བ་གསུམ་དུ་ཡོད་པ་ལས། དང་པོ་ན་སྡོད་ནི། དཔེར་ན་གློ་བ་ན་བའི་དུས་སུ་གློ་རྩ་སྡོད། དེ་བཞིན་དོན་སྣོད་གང་ན་བའི་རང་རང་གི་རྩ་སྡོད་པ་དང༌། ཡང་ལུས་སྟོད་ལ་ནད་ཡོད་ན་ཚོན་རྩ། བར་ལ་ཀན་རྩ། སྨད་ལ་ཆག་རྩ། ཡང་སྟོད་སྨད་དུ་མ་ལྟོས་ཤ་ལ་ཚོན་རྩ། རུས་ལ་ཀན་རྩ། རྐང་དང་ལྷ་བ་ཀླད་རྒྱུངས་ལ་སྐྱོན་ཡོད་ན་ཆག་རྩ་སྡོད་པ་རྣམས་ནད་དང་མཐུན་པ་བྱུང་བ་དང༌། རླུང་ནད་ལ་རྩ་རྒྱུད་ཐམས་ཅད་སྡོད་པ་དེ་ན་སྡོད་ཡིན་ཞེས་བྱ་སྟེ་མྱུར་དུ་འཆི་བ་མ་ཡིན་ཞིང་འདྲེ་སྡོད་ནི་འཕར་གྲངས་མང་ཉུང་ངེས་མེད་དུ་སྡོད་ཅིང་རེས་དྲག་རེས་དལ་བའི་སྐབས་འགར་ཡང་སྡོད་པར་བྱེད་པ་སྟེ། འདི་ཡང་འཆི་བའི་སྡོད་དུ་མི་བཟུང་ལ། འདྲེའི་སྡོད་གཉིས་ཀྱི་བརྟགས་པ་གོང་དུ་བཤད་པ་ལྟར་དང༌། འཕར་གྲངས་གང་ལ་སྡོད་ཀྱང་དེ་གའི་དུས་ངེས་པར་སྡོད་པ་ནི་འཆི་སྡོད་དངོས་ཡིན་པ་ལས། དེ་ཡང་བཅུ་ཚུན་ཞག་དང་ཟ་མ། དེ་ནས་བཅུ་གཉིས་བར་ཟླ་བའི་གྲངས་དེ་ཕན་ལོར་བཞེད་པ་ཡོད་ཀྱང་གོང་གི་འཆི་རྟགས་བྱིང་དང་ངེས་ཅན་དུ་སྡོད་ན་ཞག་དང་ཟ་མའི་གྲངས་ལ་ངོས་བཟུང་སྟེ་རྟགས་སྣ་ཚོགས་སུ་བྱུང་ན་ཟླ་བའི་གྲངས་དང༌། རྟགས་གཞན་རྣམས་ལེགས་པར་བྱུང་ན་ལོར་བཞེད། དེ་ཡང་གཡས་སྐྱེས་པར་སྡོད་ན་རིང་བར་ཉི་མ་བྱང་བགྲོད་བར་པ་ཟླ་སྟོད་ཐུང་བར་ཉིན་བུད་མེད་ལ་དེ་ལས་ལྡོག་པའི་རིང་བར་ལྷོ་བགྲོད་དང་བར་པ་ཟླ་སྨད་ཐུང་བ་མཚན། གཡོན་སྡོད་ན་སྐྱེས་པར་རིང་བར་ཉི་མ་ལྷོ་བགྲོད་བར་པ་ཟླ་སྨད་ཐུང་བར་མཚན་བུད་མེད་ལ་དེ་ལས་གོ་ལྡོག་ཏུ་བརྩི་བ་སོགས་ཐོར་ཙམ་གོང་དུ་སོང་བ་ལྟར་དང༌། རྒྱས་པའི་སྤྲོས་བཤད་ཡོད་ཀྱང་ལྷ་རྗེ་རྣམས་ཀྱིས་མི་རྟོགས་པས་མ་སྨྲས་ལ། རགས་པ་གྲངས་མང་བའི་མཚམས་སུ་སྡོད་ན་རིང་ཞིག་ནས་འཆི་ལ། གྲངས་ཉུང་བའི་དུས་སུ་སྡོད་ན་མྱུར་དུ་འཆི་ཞེས་ཤེས་པར་བྱའོ། །སྡོད་གསུམ་པོ་དེའི་ནང་ནས་འདྲེ་སྡོད་ལྟར་འདུག་ན་འདྲེ་གང་ཡིན་ཕྱོགས་སོགས་བརྟགས་ལ་ཡས་བྱིན་ཞིང༌། ན་སྡོད་ལྟར་འདུག་ན་ནད་དེ་ལ་གང་འགྲོའི་གཉེན་པོའི་སྨན་གང་ལ་གང་འཚམ་གྱིས་བཅོས་པས་ཕན་ཞིང་རྩའི་སྡོད་སང་འགྲོ་ལ། དེ་ལྟར་རིམ་གྲོ་དང་སྨན་དཔྱད་གཉེན་པོ་ལོན་པར་བྱས་པས་བདེ་སྐྱེད་མེད་ན་ཅི་བྱས་ཀྱང་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །འོན་ཀྱང་གྲང་བའི་ནད་འགའ་ཞིག་ལ་བརྟེན་ནས་རྩ་གཏིང་དུ་བྱིང་ནས་མི་གསལ་བ་འབྱུང་སྟེ། དེ་ཡང་ནད་སྟོབས་ཆེ་ན་རྩ་རྒྱུད་ཀུན་ཏུ་བྱིང་བ་དང༌། སྟོབས་ཆུང་གི་ནད་ལ་གར་བབས་རང་རང་གི་རྩ་བྱིང་སྟེ་མི་གསལ་བ་ནི་འཆི་རྩ་མིན་ནོ། །རྟ་སོགས་ཀྱིས་བརྡབས་ནས་བརྒྱལ་བའམ་རྦ་རླབས་ཐེབས་པ་སོགས་འཇིགས་སྐྲག་ཆེན་པོས་རྩ་བྲོས་པ་དང་དམ་གྲིབ་དང་སྐྱེ་བོར་ཡུགས་གྲིབ་སོགས་རྐྱེན་གྱིས་གབ་ནས་མི་གསལ་བ་དང༌། གདོན་ཚབས་ཅན་གྱིས་སྦས་ཏེ་མི་གསལ་བ་རྣམས་རྩ་སྔོགས་ཏེ་མེད་པ་ལྟར་གྱུར་ཀྱང་འཆི་བའི་ངེས་པ་མེད་པས་ཕལ་ཆེར་འཚོ་ཞེས་ཁ་དམར་གདགས་པར་བྱའོ། །

        སྤྱི་དོན་བཅུ་གཉིས་པ་གདོན་རྩ་ཡིན་ངེས་པའི་འཕར་ལུགས་ནི། རྩ་རྒྱུད་གཡས་གཡོན་སྟོད་སྨད་དོན་སྣོད་ཚ་གྲང་སོགས་མི་སྙོམས་པའི་ཁར་འཕྲལ་འཕྲལ་དུ་འགྱུར་ལྡོག་མང་ཞིང༌། གྲངས་ངེས་མེད་དུ་སྡོད་འཐེན་དང་ལྕམ་དྲལ་སོགས་སྐྱོན་ཅན་གྱི་རྩ་གང་ཡང་འཕར་བར་བྱེད་པ་སྟེ། གདོན་རྩ་རྩ་རྒྱུད་མི་སྙོམས་ཤིང་སྡོད་འཐེན་ལྕམ་དྲལ་སོགས་སྐྱོན་ཅན་གྱི་རྩ་གང་ཡང་ཕྱོགས་རྐྱེན་སོགས་རྒྱས་པར་གོང་དུ་གདོན་ཕྱྭ་ལ་བརྗོད་པ་ལྟར་འདིར་ལེན་ལ། བྱེ་བྲག་སྙིང་གི་རྩ་ལ་བྱུང་ན་རང་གིས་བསྟེན་པའི་ལྷ་དང་སྲུང་མ་དང་རྒྱལ་པོ་སྟེང་གདོན་རྣམས་གོང་དུ་བརྗོད་པའི་དུས་ཀྱི་མ་བུ་དགྲ་གྲོགས་རང་བཅས་ཀྱི་འདྲེ་གནོད་པར་བརྟག་དགོས་ཤིང༌། གློ་བའི་རྩ་ལ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་རྣམས་གོང་དུ་བརྗོད་པའི་མ་བུ་དགྲ་གྲོགས་རང་བཅས་ཀྱི་འདྲེར་བརྟགས་ལ། མཆིན་པར་བྱུང་ན་ས་བདག་དམ་སྲི་དང་གྲེ་མོ་རྣམས་གོང་དུ་བརྗོད་པའི་མ་བུ་དགྲ་གྲོགས་རང་བཅས་ཀྱི་འདྲེར་བརྟག་དགོས། མཆེར་པར་བྱུང་ན་གྲེ་ཕོག་ཉན་དང་ས་བདག་རྣམས་གོང་དུ་བཤད་པའི་མ་བུ་དགྲ་གྲོགས་རང་བཅས་ཀྱི་འདྲེར་བརྟག་དགོས། མཁལ་མ་གཡས་པའི་རྩ་ལ་བྱུང་ན་ཀླུ་དང་གཉན་དུ་བསྡོངས་པ་ཡིན་པར་བརྟགམཁལ་མ་གཡོན་པའི་རྩ་ལ་བྱུང་ན་མཚོ་སྨན་དང་ཀླུ་བསེན་མོ་བཅས་པ་གཉིས་ཀར་གོང་དུ་བརྗོད་པའི་མ་བུ་དགྲ་གྲོགས་རང་བཅས་ཀྱི་འདྲེར་བརྟག་དགོས། དེ་ཡང་མདོར་བསྡུ་ན་རྩ་ཆེ་བ་ཞེས་སྦོམ་ལ་ཡུན་རིང་དུ་འཕར་བའི་མི་གྲུང་བ་དེ་གསལ་པོ་མིན་པ་དང་གདོན་རྩ་གཡས་ལ་འདུག་ན་ཕོ་གདོན་ཡིན་པར་བཟུང་བ་དང༌། ཆུང་བ་ཞེས་ཕྲ་ལ་ཡུན་ཐུང་བ་འཕར་ཞིང་མི་གྲུང་མི་གསལ་བ་དང་གདོན་རྩ་གཡོན་ལ་འདུག་ན་མོ་གདོན་དུ་ངོས་བཟུང་བས་ཆོག་གོ། ཡང་རྣམ་པ་གཉིས་སུ་ན་རླུང་གི་ནད་ལ་དཀོར་བདག་རྒྱལ་པོ་གནོད་ཅིང༌། གློ་ཚད་གཟེར་ཐུང་ལ་བཙན་དང་བདུད་ཀླུ་བཙན་རྣམས་གནོད་ལ། རིམས་དང་བསྡོངས་པའི་མཁྲིས་ནད་ལ་མ་མོ་བྱང་སྨན་ཞེས་བྱ་བ་གནོད་པ་དང༌། དམུ་ཆུ་དང༌། སྐྲན་དང༌། འབྲས་དང༌། ལྷོག་པ་འབམ་དྲེག་མཛེ་རྣམས་ལ་ཀླུ་གཉན་དང་ས་བདག་ལྷན་སྐྱེས་སུ་གནོད་ཅེས་བྱའོ། །འདིར་ཡང་ཕྱོགས་རྐྱེན་རྣམས་གོང་དུ་བརྗོད་པ་ལྟར་རོ། །དེ་ལྟར་ལེགས་པར་བརྟགས་པས་གདོན་ངོས་ཟིན་ནས། དེ་ལ་ཕན་པའི་ཐབས་ཀྱིས་བོན་ཆོག་སྣ་ཚོགས་པ་དང་སྔགས་པའི་མདོས་དང་གཏོར་མ་གཏོང་བ་དང༌། ངག་ནུས་ལྡན་པའི་བླ་མ་བཟང་པོས་བསྐྲད་པ་དང་བྱིན་གྱིས་བརླབས་པ་དང༌། སྟོན་པ་སངས་རྒྱས་དང་སློབ་དཔོན་པདྨའི་བཀའ་ཡིན་ངེས་ཤེས་པ་ཐང་ཡིག་སོགས་བསྒྲག་པ་དང༌། རབ་བྱུང་བཙུན་པ་དང་གོས་དཀར་ལྕང་ལོ་སོགས་མཆོད་གནས་ལ་ཚོགས་གསོག་པ་དང༌། སྐྱེ་བོ་ཁྱད་པར་དབུལ་བར་སྦྱིན་གཏོང་གི་སྒོ་ནས་བསོད་ནམས་བསགས་པ་ལ་སོགས་པ་ཡུལ་སོ་སོའི་དེ་ལུགས་དང་སྦྱར་ཏེ་གང་ལ་གང་འཚམ་པས་བཅོས་པར་བྱའོ། །

        སྤྱི་དོན་བཅུ་གསུམ་པ་ཚེའི་རིང་ཐུང་གི་རྟགས་གསལ་པོར་སྟོན་པའི་བླ་ཡི་རྩ་ལ་བརྟག་པ་ནི། སྤྱིར་འཕར་རྩ་ཡིན་ནོ་ཅོག་སྙིང་ཁོ་ན་དང་འབྲེལ་པ་ལས་སྙིང་འཕར་བ་དང་མཐུན་པར་རྩ་ཡང་འཕར་བ་ཡིན་ཞིང༌། ཁྱད་པར་དུ་བླ་རྩ་འདི་གྲེ་ཁུད་ཨ་སོའི་འོག་ཙམ་ནས་གྱེས་ཏེ་མར་ཟུར་ཆུ་རྒྱུས་ཀྱི་གསེབ་བརྒྱུད་ནས་སྲིན་ལག་ཏུ་འཕར་བའི་རྩ་འདི་ཉིད་ཡིན་ལ། ཆོས་མངོན་པ་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རྣམ་པར་ཤེས་པའི་རྟེན་དེ་ལ་སྲོག་དང་ཚེ་ཞེས་བྱ་ལ། སྲོག་དང་ཚེ་དེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས་ཏེ། དེ་དག་ཚེ་སྲོག་དང་ལྷན་ཅིག་པའི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལས། གལ་ཏེ་མི་དེ་དབང་ཐང་ཞན་པའི་ཚེ་ན་མཚན་མོ་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བཟུང་ནས་ལོངས་སྤྱོད་དུ་རུང་བ་ཞིག་ཡོད་ལ། དེའི་ཕྱིར་འཇིག་རྟེན་གྲགས་ཚོད་དང་སྔགས་བོན་གསུང་རབ་ཀྱི་བརྡ་དང་ཐ་སྙད་འགའ་ཞིག་ལའང་བླ་འཁྱམས་པ་དང་ཡར་བའི་སྐབས་ལ་བླ་འདྲེས་འཛིན་པ་ཡིན་པས་དེ་བོན་ཆོག་གི་སྒོ་ནས་བླ་བསླུ་བ་དང༌། ཚེ་དབང་དང་ཚེ་ཆོག་གི་སྒོ་ནས་བླ་བསླུ་བར་ཡང་བཤད་སྣང་བས་སོ། །དེས་ན་མི་མ་ཡིན་གྱིས་བླ་ལ་འཚེ་བ་བྱས་པས་བླ་དེ་ལ་བརྟེན་པའི་ཚེ་སྲོག་ལ་གནོད་པ་ཡིན་གྱི། ཚེ་སྲོག་ལ་དངོས་སུ་གནོད་ནུས་པ་མ་ཡིན་ནོ། །མི་ལ་འབྱུང་པོ་ཞུགས་པའི་བརླམས་པ་ཞེས་བྱ་བ་ཡང་དེ་ཉིད་བླའམ་མདངས་དེ་དང་བསྡོངས་ནས་མིའི་སྲིན་ལག་གི་རྩ་ནས་ཞུགས་ཏེ་སྙིང་གི་གནས་སུ་རྣམ་པར་ཤེས་པ་མྱོས་པར་བྱེད་པ་ཡིན་ལ། གང་ཟག་ནུས་པ་ཅན་གྱིས་སྲིན་ལག་བསྡམས་པའི་ཚེ་ཕྱིར་འདོན་མི་ནུས་པ་དང༌། སྲིན་ལག་ལ་གྲི་ལྕགས་སོགས་ཀྱི་སྲུང་བ་སོར་གདུབ་ཏུ་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་ན་བླ་དེ་རྒྱུ་བའི་ལམ་ལ་བླ་རྩ་དང༌། ཕྱི་རོལ་དུ་འཁྱམས་པ་དངོས་དེ་ལ་བླ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཡེ་གདོད་མ་ནས་རང་གི་སེམས་ལ་རང་དབང་མ་ཐོབ་པར་ཁ་ཕྱིར་བལྟས་པ་ལ་བརྟེན་ནས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱིས་འཁོར་ལོ་སྲིད་པའི་གནས་སུ་ལུས་ངན་གྱི་སྐྱེ་བ་བླངས་པ་དེའི་རྣམ་པར་ཤེས་པའི་རྟེན་ཚེ་སྲོག་ཡིན་ལ། དེའི་དབང་གིས་ཚེ་སྲོག་གི་རྟེན་དུ་བླ་རྩ་འཁྱམས་པོ་ཞེས་བླ་གནས་རྒྱུ་བའམ་བླ་ཚེ་འཁྱམས་པོ་དེ་བྱུང་བ་ཡིནནོ། །རྒྱུ་མཚན་དེས་བླ་རྩ་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ན་ཐ་མལ་དུ་གནས་ན་བླ་ཚེ་དེ་རང་གི་མལ་དུ་གནས་ཞེས་བྱ་སྟེ་ཚེ་ལ་བར་ཆད་མི་འབྱུང་ལ། བླ་རྩ་དེ་ཐ་མལ་དུ་མ་གནས་པར་རེས་རྒྱས་རེས་བྱིང་བ་དང་དལ་བྲེལ་མི་སྙོམས་ཤིང་སྡོད་འཐེན་རྒྱུ་བའི་གནས་འཕོ་བ་སོགས་འགྱུར་ལྡོག་བྱེད་ན་བླ་ཚེ་དེ་ལའང་སྐྱོན་བྱུང་བའི་རྟགས་ཡིན་པས་ཚེ་མི་བརྟན་ཞིང༌། བླ་རྩ་དེ་གཞན་དུ་བྲོས་ནས་རང་གི་གནས་སུ་མི་འཕར་ན་རྩ་དེ་ལ་རྒྱུ་བའི་བླ་ཚེ་དེ་ཡང་གཞན་དུ་ཡར་བའི་རྟགས་ཡིན་ཏེ་འཆིའོ་ཞེས་བྱ་ལ། སླར་བླ་དེ་འགུགས་པའི་ཐབས་ཀྱི་བླ་བསླུ་དང་ཚེ་ཆོག་འཆི་བསླུ་སོགས་ཚེ་སྤེལ་བྱེད་དང་འཆི་བདག་གཤིན་རྗེ་ལ་བརྔན་པའི་གཏོ་སོགས་དང་ཐབས་རྣམས་ལ་འབད་ནས་ཁུགས་པའང་སྲིད་པ་ཙམ་འབྱུང་ཞེས་པའོ། །ཤ་སྲུབས་ཡར་མར་གྱི་ཆུ་རྒྱུས་ཀྱི་འོག་ཏུ་ཞ་ནས་རང་གནས་སུ་མི་རྒྱུ་ན་རྩ་བལྟ་ཡུལ་གྱི་མི་དེ་བནྡེ་དང་བོན་པོ་སོགས་ཡིན་ན་ཁོ་རང་གིས་བསྟེན་པའི་སྲུང་མ་བདུད་དུ་བབས་པ་ཡིན་ཞིང༌། སྐྱེ་བོ་ཡིན་ན་གཞན་གྱིས་ཟོར་ཁ་འཕངས་པའི་ཀླུ་གཉན་འགྲས་པ་ཡིན་ཞེས་བྱའོ། །སྐྱེས་པ་ཕོ་ལ་བླ་རྩ་གཡས་པ་འཁྱིག་ཅེས་པ་འཕར་འཕྲོར་བཙིར་བ་ལྟར་འཕར་ཞིང་སྡོད་ན་དེའི་ཕ་ཁུ་དང་སྤུན་ཟླའམ་རུས་ཉེ་གང་རིགས་འཆི་ཞིང༌། ཡོན་ཏན་ཅན་ནམ་བན་བོན་ཡིན་ན་བླ་མ་དང་སློབ་དཔོན་རྡོ་རྗེའི་སྤུན་ཉེ་བར་འཆི། གོན་པ་འཁྱིག་པ་སྟེ་འཕར་འཕྲོར་བཙིར་བ་ལྟར་སྡོད་ན་རང་གི་བུད་མེད་བུ་བུ་མོ་དང་ཡོན་ཏན་ཅན་ནམ་བན་བོན་ལ་སློབ་མ་འཁོར་གང་རིགས་འཆི་ལ། བླ་རྩ་གཡས་གཡོན་གཉིས་ཀ་འཁྱིག་ཅིང་སྡོད་ན་རྩ་བལྟ་ཡུལ་རང་ཉིད་གྲི་སོགས་མཚོན་གང་རུང་གི་རྐྱེན་གྱིས་འཆི་བ་དང༌། ཐེངས་གཅིག་ལས་མི་སྡོད་ན་ནོར་ལ་གོད་ཁ་དང་གཞན་གྱི་ཁ་ཡོགས་ངན་པ་འོང་ཞེས་བྱའོ། །དེ་མཚུངས་བུད་མེད་དེ་ལའང་བླ་རྩ་གཡས་པ་འཁྱིག་ཅིང་སྡོད་ན་ཁྱོ་ཕོ་ཕྱོགས་ཀྱི་ཉེ་རིང་འཆི་ཞིང༌། གཡོན་པ་འཁྱིག་ཅིང་སྡོད་ན་མོ་རང་གི་ཕ་མིང་ཕྱོགས་ཉེ་བ་འཆི་ལ། གཡས་གཡོན་གཉིས་ཀའི་བླ་རྩ་འཁྱིག་པ་སྟེ་འཕར་འཕྲོར་བཙིར་བ་ལྟར་སྡོད་ན་མོ་རང་གི་བུ་དང་ཁྱོ་ཕོ་གང་རིགས་འཆི་ཞེས་པ་དང༌། བླ་རྩ་གཉིས་པོ་གང་ཡང་རུང་བ་སྟོང་ཞིང་བརྒྱལ་བར་འཕར་ན་ནོར་ལ་གོད་ཁ་འོང་ཞིང༌། མི་སྡོད་པར་ཐང་ལ་གོང་བཤད་ལྟར་འཁྱིག་པར་འདུག་ན། གཞན་དང་ཁ་སྨྲས་སམ་ཁ་མཆུ་འོང་ཞེས་བྱའོ། །བལྟ་ཡུལ་ཕོ་མོ་གང་ལ་ཡིན་ཀྱང༌། བླ་རྩ་དེ་རང་གི་གནས་སུ་ཐ་མལ་དུ་གནས་པའི་རང་དབང་མི་ཐུབ་པར་གནས་ངེས་མེད་དུ་འཕོ་བ་སོགས་འགྱུར་ལྡོག་སྟོན་ན། གདོན་གྱི་རྩ་ཡིན་པར་ངོས་བཟུང་ནས། དེའི་ཁར་བྱེ་བྲག་ཏུ་མལ་མི་ཐུབ་པ་དེ་ཡང་སྦོམ་ཞིང་འཁྲུག་པ་འདུག་ན་ཕོ་གདོན་དང༌། ཐུང་ཞིང་རྩུབ་པ་འདུག་ན་མོ་གདོན་དུ་བཟུང་ལ་དེ་དང་འཚམ་པའི་རིམ་གྲོ་འབོག་པར་བྱའོ། །དེ་ལ་ཡང་ངོ་མཚར་རྩ་བདུན་གྱི་མ་བུ་དགྲ་གྲོགས་ལྟར་འབྲས་བུ་དེ་ལྟར་འབྱུང་ལ། གཞན་ཡང་སྤྲོ་ན་མིའི་ཁམས་དང་ཉི་མ་དུས་ཚོད་ནས་བརྟག་པའི་འབྲས་བུ་རྒྱུན་རྩ་ལྟར་བརྗོད་ལ། གོང་དུ་མ་སོང་བ་བླ་རྩ་ཐང་ཐང་པི་ཝང་གི་རྒྱུད་ལྟར་བྱུང་ན་གོད་ཁ་དང་ཁ་ཡོགས་འོང༌། དེ་ལྟར་བཤད་མ་ཐག་པའི་བླ་རྩ་དེ་རང་གི་གནས་སུ་སྐྱོན་གང་གིས་ཀྱང་མ་བསླད་པར་དལ་བྲེལ་ཕྲ་སྦོམ་སྙོམས་པར་ལན་རྒྱའི་བར་དུ་འཕར་བ་ནི་ལོ་བརྒྱའི་བར་ཞེས་ཚེ་ལོ་མཐར་འཁྱོལ་དུ་ཐུབ་སྟེ་འཕར་གྲངས་ལྔ་བཅུས་ལོ་ལྔ་བཅུ་ཐུབ་ཅེས་པ་ལྟར་ཕྱེད་ན་སྐྱོན་འདུག་ན་ཕྱེད་ཐུབ་པར་བཤད་ལ་སྤྱིར་རགས་པ་དེ་བཞིན་གང་བལྟ་བ་ནས་མདོར་ན་སྐྱོན་མེད་དུ་འཕར་བ་ཐེངས་རེས་ལོ་རེ་རེ་ཐུབ་པར་བཤད་པ་ཡིན། ཞིབ་པ་ན་རྟགས་གཞན་དང་བསྟུན་ཟླ་ཞག་དུས་ཟ་མའི་གྲངས་ལ་བརྩི་བ་གོང་དུ་བརྗོད་པ་ལྟར་རོ། །

          དེ་ལྟར་གོང་དུ་རྩ་བལྟ་བའི་སྔོན་འགྲོ་ནས་བཟུང་སྟེ་སྤྱི་བྱེ་བྲག་གི་རྣམ་དབྱེ་མ་འདྲེས་པ་སོ་སོར་རྟོག་པ་ཞིབ་མོས་ལེགས་པར་བརྟགས་ཤིང་དཔྱོད་པའི་སྨན་པ་དེ་ཉིད་གསང་གཏམ་གལ་ཆེ་བ་སྐད་གདངས་ཆུང་ངུས་ཤུབ་བུར་སྨྲ་བ་ལ་བསྒྲིམས་ཏེ་ཉན་པ་དང་འདྲ་བ་ཤེས་པ་གཞན་དུ་མ་གཡེངས་པར་རྩའི་འཕར་ཚུལ་སོགས་དོན་དེ་ཉིད་ལ་གཅིག་ཏུ་བསྡུས་ནས་ནད་མེད་དང་ནད་ཅན་སོགས་ཀྱི་རྣམ་དབྱེ་མ་འདྲེས་པར་སོ་སོར་འབྱེད་པ་ལ་སྤྲོ་བ་གྱིས་ཤིག་ཅེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་སོ། །

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རེག་པ་རྩ་ལ་ནད་ངོས་བཟུང་བའི་ལེའུ་འདི་འཚོ་འཆི་གཙོར་གྱུར་གྱི་གལ་ཤིན་ཏུ་ཆེ་བར་སྔོན་ཆད་འགྲེལ་པའི་རིགས་མང་ཡང་དོན་ཚང་བ་དཀའ་བ་དང༌། བྱང་འགྲེལ་དང་ཟུར་འགྲེལ་གཉིས་ཀར་མ་ཚང་བ་མང་ཞིང༌། ཟུར་འགྲེལ་དུ་བྱང་འགྲེལ་གྱི་ནོར་ཉན་ཀྱང་བཀག་པ་འགའ་བཅས་སྣ་ཚོགས་སུ་གྱུར་ཞིང་ཕྲ་བའི་དོགས་པ་འདི་ལ་ཤིན་ཏུ་ཆེ་བའི་དགག་སྒྲུབ་མང་བ་ཤར་ནའང་དགག་སྒྲུབ་ཀྱི་རིགས་དོར་བ་ཕལ་ཆེར་འཐད་དམ་སྙམ་པ་དང༌། ཡང་མེད་པ་ལས་ཡོད་པ་དྲག་པར་གོ་བ་རྣམས་ཕྱོགས་སུ་བསྒྲིགས་ལ་འགྲེལ་པར་བཤད་པ་སྟེ་དང་པོའོ།། །།


 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།