སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་དང་པོ། སྡོམ་ཚིག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
བཤད་རྒྱུད། >> ལེའུ་དང་པོ། སྡོམ་ཚིག་བསྟན་པ།

 ༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རྣམ་བཤད་བཞུགས་སོ།།

མཆོད་བརྗོད། 

ཨོཾ་ཨ་ཐཱ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་སྙིང་དམ་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རྣམ་བཤད་ཐོས་པ་ཙམ་གྱིས་སྤོབས་པ་ཐོགས་མེད་དུ་སྩོལ་བ། འཚོ་བྱེད་གྲུབ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །

གང་གི་རང་བཞིན་བཻ་ཌཱུརྱའི། །ནོར་གྱི་བློ་གྲོས་ཡངས་པོ་ལ། །བསྟན་པའི་ལུས་ཅན་ཚོགས་རྣམས་ཀྱང༌། །དྲི་མེད་དག་བྱེད་མཁན་པོ་སྐྱོངས། །དམ་ཆོས་ལྷོ་ཕྱོགས་ཀླུང་ནི་དལ་འབབ་ཅིང༌། །མཚན་དཔེའི་མེ་ཏོག་རྣམ་པར་བཀྲ་བའི་གཟུགས། །དྲན་པ་ཙམ་གྱིས་ཀུན་དགའ་སྐྱེད་བྱེད་པ། །བཅོམ་ལྡན་དཔྱིད་ཀྱི་ཐིག་ལེར་གུས་ཕྱག་འཚལ། །གོས་སེར་ཅན་གྱི་ལྟེ་བའི་པདྨ་གེ་སར་དངུལ་དཀར་རྒོད་པ་ལས། །རྫོགས་པར་འཁྲུངས་པའི་ལྷ་ཆེན་གདོང་བཞི་མི་ཟད་ཚིག་རྣམས་ཀུན་གྱི་གཏེར། །ཐུབ་པ་ཆེན་པོའི་གསུང་གི་བདུད་རྩི་བྲན་ལས་མ་སྙིགས་དྭངས་པའི་ཆུ། །གདུང་བ་འཕྲོག་བྱེད་ལམ་གསུམ་པ་འདི་བྱེད་པོ་ཚངས་པས་མ་གཏོང་ཞིག །མཐོ་རིས་ཡོན་ཏན་རིན་ཅེན་བདུན་དང་བྱང་ཆུབ་ཡན་ལག་ཉེ་བའི་རང་བཞིན་གྱིས་ནི་གྲུབ་པ་ལས། །ཟབ་ཡངས་ཤེས་བྱའི་ལྷ་ལམ་དག་ལ་གདུལ་བྱ་ཡན་ལག་བཅུ་གཉིས་དཔུང་བཅས་ངལ་བ་མེད་པར་མངོན་སུམ་འཁྲིད། །སྟུག་པོ་བཀོད་པའི་རྣམ་རྒྱལ་ཁང་པར་རྒྱལ་དབང་མིག་སྟོང་ལྡན་པའི་ངོ་མཚར་ཆ་ཤས་མ་ལུས་བསྟན་བྱས་ནས། །སླར་ཡང་མཐའ་ཡས་གདུལ་བྱའི་གླིང་བཞི་ཆུང་ངུ་དང་བཅས་ཀུན་ལ་དབང་སྒྱུར་གཡུ་ཐོག་འཁོར་ལོས་སྒྱུར་དེས་བཟུང༌། །བསྡུ་དངོས་བཞི་ཡི་རྐང་པ་དང་ལྡན་རྫུ་འཕྲུལ་སྣ་ཞགས་རིང་པོའི་རྩེ་ལ་མི་འཇིགས་མཚོན་ཆའི་འཁོར་ལོ་རབ་འཛིན་བརླིང་བའི་འགྲོས་ཀྱི་གོམ་སྟབས་ཅན། །གཞན་སེམས་ཤེས་པའི་བློ་དང་ལྡན་པས་ཡིད་བཞིན་རྣམ་འགྱུར་འཁྲུལ་མེད་སྟོན་ཞིང་འཁོར་ལོའི་གཡུལ་ངོར་ཉམ་ང་སྤངས་པ་སྟོབས་བཅུ་མངའ་བའི་ས་སྲུང་བུ། །དེ་འདྲའི་བཞོན་པ་འཇིགས་རུང་སྟེང་དུ་སེམས་དཔའི་ཉེ་དབང་མང་པོ་དང་བཅས་བཟོད་པའི་གོ་ཆ་སྲ་ལ་ལེགས་བགོས་མཉམ་ཉིད་རྡོ་རྗེ་འཆང་བའི་ལྷ། །མཁྱེན་བརྩེའི་འདྲེན་བྱེད་སྟོང་གིས་འཚོ་བ་རང་ཉིད་གཡུལ་དུ་ཞུགས་པ་ཙམ་གྱིས་ལོག་སྨྲའི་ལྷ་མིན་ཀླད་པ་འགེམས་དེས་དེ་རིང་བདག་ལ་གཟིགས་སུ་གསོལ། །འདྲེན་པ་ཁྱོད་ཀྱི་བདུད་རྩི་ནི། །གདོང་ལྔའི་ཁོང་གི་སྲིན་བུ་བཞིན། །འཆི་མེད་མཁན་པོ་འགའ་ཞིག་གིས། །མཆིལ་མས་ཤིན་ཏུ་མ་རུངས་བྱས། །ཚོང་དུས་འོ་མ་རུས་སྦལ་མཆུ་ཡིས་བཞིན། །རྣམ་དཔྱོད་ཆུ་ལྡང་ནོར་བུས་བདུད་རྩིའི་སྐྱོན། །སོ་སོར་འབྱེད་པའི་ཆོ་ག་འདི་བསྒྲུབ་ན། །དགྱེས་པའི་འཛུམ་ཞལ་ད་དུང་མི་སྟོན་ནམ། །སྔོན་རབས་ཆེན་པོར་རློམ་པའི་སྐྱེ་བོ་འགའི། །རིག་བྱེད་ཡིན་ཞེས་བརྗོད་པ་མང་མཐོང་ཡང༌། །འགའ་ཞིག་ཤུགས་འགྲོའི་ལྟོ་བར་མངལ་གཟུང་བཞིན། །ལ་ལ་རི་དྭགས་སྲེད་སྐྱེས་ལྟ་བུ་སྣང༌། །ཁ་ཅིག་ཚྭ་སྒོ་ཅན་གྱི་ཆུ་གཏེར་ལྟར། །ཕལ་ཆེར་སྟོན་ཟླ་ཐ་མའི་འབྲུག་བཞིན་དུ། །མཐོང་ནས་བསླུ་མེད་འཚོ་བའི་བདུད་རྩི་ཞིག །དེ་རིང་ཀུན་ལ་དགའ་སྟོན་སྩོལ་བར་འདོད། །ཆོས་ནོར་བདེ་བའི་རིན་ཅེན་གྲུབ་པའི་ཕྱིར། །གཞུང་དོན་རྒྱ་མཚོའི་ཕ་རོལ་བགྲོད་འདོད་རྣམས། །ཕུན་ཚོགས་དེད་དཔོན་བཟང་པོའི་གྲུ་གཟིངས་འདིར། །ཅི་ཞེས་དོར་ལ་ཡང་དག་འཇུག་པར་མཛོད། །ཡང་ན་དམུས་ལོང་རང་ཉིད་ཆ་མེད་ཀྱི། །ས་མཐར་འཁྱམས་ཚེ་དམིགས་བུ་ཤེས་ལྡན་འདི། །བྱིན་ཀྱང་གལ་ཏེ་དམ་དུ་མི་འཛིན་ན། །མི་ཤེས་གཡང་སར་ལྷུང་བ་སུ་ཡིས་བཟློག །དེ་ཕྱིར་འཚོ་ཐབས་ཟོལ་གྱིས་རྒྱུ་བ་ཀུན། །མེ་ཏོག་མདའ་ལྔ་མདའ་སྟན་ལ་དྲངས་ནས། །ལུས་མེད་བདག་པོས་འཕངས་པའི་ཐིག་ལེ་ལས། །ངེས་པར་ཡིད་ནི་འབྱུང་ཡང་ཇི་ལྟར་བྱ། །འོན་ཀྱང་དྲང་སྲོང་གསུང་ཞིན་སྤྱོད་འདོད་པའི། །བློ་གྲོས་ཟླ་ཤེལ་ངོས་ལྟར་གསལ་བ་རྣམས། །འདམ་སྐྱེས་པདྨ་དཀར་པོའི་ཆུན་པོ་ནི། །དག་པའི་རྣ་རྒྱན་ཉིད་དུ་ད་ལོང་ཞིག །རྒན་པོའི་ངག་རྒྱུན་བརྐུས་པའི་ཊཱིཀྐ་དང༌། །གཞན་གྱི་འགྲེལ་པ་གོང་འོག་སྤོས་པ་དང༌། །རང་རང་འཁྲུལ་པའི་གྲངས་དང་བརྫུན་གྱི་ལུང༌། །སྤེལ་བའི་རྣམ་བཤད་རྣམས་དང་འདི་མི་འདྲ། །དཔལ་ལྡན་ཚིག་གི་བདག་པོའི་བཀའ་ལུང་གི།  །དྲི་བཞོན་གསར་པའི་རྒྱུན་གྱིས་བསྐུལ་བ་ན། །ལེགས་བཤད་ག་བུར་རྡུལ་མང་སྤྲོ་མི་སྤྲོ། །ཙནྡན་ཉིད་ལ་རང་དབང་ཇི་ལྟར་ཡོད། སྙིང་ལ་མེས་པོའི་རོ་ཙ་ནས་ཁྱབ་པས། །འདི་ན་རྣམ་དཔྱོད་ཁོ་ལག་རྫོགས་པ་ལ། །ཁྱོད་རྣམས་ཅི་དགའ་སྙམ་དུ་མ་སེམས་པར། །ལེགས་པར་ལྟོས་ལ་ཀུན་སྣང་ཐེ་ཚོམ་མེད། །ཅེས་རྩོམ་པ་ལ་འཇུག་པའི་སྒོ་གླེགས་ཤིན་ཏུ་ཡངས་པོ་དག་ལེགས་པར་ཕྱེ་ནས་འདིར་ལས་སུ་བྱ་བ་ནི།

བསྟན་བཅོས་ཀྱི་སྔོན་དུ་འགྲོ་བ་སྤྱིར་བཤད་པ། 

གསོ་བ་རིག་པའི་གཞུང་ལུགས་དམ་པ་དཔལ་ལྡན་རྒྱུད་བཞི་ལས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཚིག་དོན་འཁྲུལ་མེད་དུ་འགྲེལ་པ་ཚུལ་འདི་ལྟར་དུ་བྱའོ། །གལ་ཏེ་གཞན་དག་ན་རེ། སྤྱིར་དཔལ་ལྡན་རྒྱུད་བཞི་དང༌། ཁྱད་པར་བཤད་པའི་རྒྱུད་ལ་སྔོན་རབས་པ་རྣམས་ཀྱིས་འགྲེལ་པ་རྒྱས་པ་དང་བསྡུས་པ་དང་བར་མ་ཅི་རིགས་པའི་ཚུལ་གྱིས་བཀོད་པ་མང་དུ་ཡོད་པས་ཆོག་མོད། སླར་དེ་ལྟར་བྲིས་པ་ལ་དགོས་པ་ཅི་ཞིག་ཡོད་དེ། གྲུབ་ཟིན་སྒྲུབ་པའི་རིགས་པས་རང་ཉིད་ངལ་བ་ཙམ་དུ་ཟད་དོ། །ཞེས་གླེང་བ་དག་འབྱུང་ངེས་པས་དེའི་ཕྱིར་བརྗོད་པར་བྱའོ། །དེ་ཡང་རྒྱལ་བའི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་དབང་གིས་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་ཀྱང་ནམ་མཁའི་མཐས་ཀླས་པར་ཁྱབ་པས་མཁས་པར་གྲགས་པ་དང་ཆེན་པོར་རློམ་པ་མང་པོས་འཆད་ཅིང༌། རྩོམ་པའི་སྒོ་ནས་སྐྱེ་བོ་དུ་མ་ཞིག་བསྐྱངས་པས་གསོ་བ་རིག་པའི་བསྟན་པ་མི་ནུབ་པའི་ཐབས་ཅུང་ཟད་ཙམ་དུ་གྱུར་པས་ལེགས་པའི་ཆ་ཤས་སུ་གཏོགས་མོད་ཀྱང༌། དེ་དག་ཕལ་ཆེར་ལ་ནི་ལེགས་པར་བཤད་པ་ལྟ་སྨོས་ཀྱང་ཅི་དགོས། མཁས་པར་གྲགས་པ་དག་གིས་ཀྱང་ཕྱོགས་རེ་ཙམ་རྟོགས་པ་དང༌། འཁྱོག་པོར་བཤད་པའི་གཏམ་ཁོ་ན་ལས་གཞན་པའི་གཏམ་ངོ་མཚར་དུ་རུང་བ་ཤོག་བུའི་ངོས་ཙམ་ཡང་མི་སྣང་བའི་དོན་གྱིས་ན། དེང་སང་གི་དུས་ན་གསོ་བ་རིག་པའི་བསྟན་པ་ལ་བསམས་ན་ཤེས་ལྡན་ཀུན་ངུ་བྲོ་བའི་ཚུལ་འདི་ལྟར་གྱུར་པ་ཡིན་ཅིང༌། རྒྱུ་དེ་རྣམས་ཀྱི་ཕྱིར་ཁོ་བོས་གཞུང་ཚིག་གི་ཡི་གེ་རེ་རེ་ལའང་བརྟགས་ཤིང་དཔྱད་དེ། བརྡ་དང་ཐ་སྙད་ཀྱི་རྣམ་གཞག་འཁྲུལ་མེད་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེའི་བྱི་དོར་དང༌། མཁས་བླུན་བར་མ་དང་བཅས་པའི་ཡིད་འཕྲོག་ཅིང་མིག་ལྟོས་ལ་ཕན་པའི་རྣམ་བཤད་འདི་ལྟར་རྩོམ་པ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །གལ་ཏེ་རྟོག་པ་སྔ་མ་དབང་བཙན་པ་དང་ཚུལ་བཞིན་མ་ཡིན་པའི་ཀུན་སློང་གི་སྡང་སྨྲས་སུ་བྱེད་པ་རྣམས་ཀྱིས་ཀྱང་འདི་ཉིད་མཐོང་བར་གྱུར་པ་ན།

དཔལ་ལྡན་རྟ་དབྱངས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་བལྟས་པ་བཞིན་དུ་རྗེས་སུ་འཛིན་པར་འགྱུར་རོ། །དེས་ན་འདིར་བཤད་པར་བྱ་བའི་ཚུལ་ལ་གཉིས། གཞུང་སྤྱིའི་དོན། ཚིག་སོ་སོའི་དོན་ཏོ། །དང་པོ་ལ་གསུམ། མཚན་དོན། དགོས་སོགས། མཐའ་དཔྱད་པའོ། །དང་པོ་ལ་གཉིས། མཚན་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པའོ། །དང་པོ་ནི། སྤྱིར་གསོ་བ་རིག་པའི་གཞུང་ལུགས་ཀུན་དང༌། ཁྱད་པར་རྩ་བའི་རྒྱུད་ཀྱི་ལག་ལེན་གྱི་སྐོར་རྣམས་མི་སྟོན་པ། གསོ་བྱ་དང་གསོ་བྱེད་ཇི་ལྟར་གསོ་བའི་ཚུལ་ཞིབ་ཏུ་འཆད་ཅིང༌། དེའང་རྒྱུ་མཚན་དབྱེ་བ་བྱ་བྱེད་ལས་གསུམ་གྱི་སྒོ་ནས་ནད་དང་སྨན་གྱི་རྗེས་སུ་འགྲོ་ལྡོག་ཕན་གནོད་ཀྱི་རྒྱུ་མཚན་དང་བཅས་པ་རྒྱས་པར་སྟོན་པས་ན་བཤད་པའི་རྒྱུད་ཅེས་བྱའོ། །གཉིས་པ་མཚན་དེ་ལྟར་བཏགས་པའི་དགོས་པ་ནི། མཚན་འདི་ཉིད་ཐོས་པ་ཙམ་གྱིས་གཞུང་གི་བརྗོད་བྱའི་གཙོ་བོ་བཤད་པའི་རང་བཞིན་དུ་ཤེས་ཤིང༌། ཞར་ལ་རྩ་བ་དང་མན་ངག་དང་ཕྱི་མའི་རྒྱུད་ཀྱང་ཡོད་པར་རྟོགས་པའི་ཆེད་ཡིན་ནོ། །

གཉིས་པ་དགོས་སོགས་བཤད་པ་ལ་བཞི། དགོས་དོན། བསྡུས་དོན། བརྗོད་བྱ། འབྲེལ་པ་བཤད་པའོ། །དང་པོ་ནི། འདིར་གསོ་བ་རིག་པའི་དོན་ཐམས་ཅད་གསོ་བྱ་དང་གསོ་བྱེད་ཇི་ལྟར་གསོ་བའི་ཚུལ་དང༌། གསོ་བ་པོ་སྨན་པའི་བྱ་བ་དང་བཞིའི་སྒོ་ནས་རྒྱས་བསྡུས་བར་མའི་ཚུལ་དུ་གསུངས་པས་གང་ཟག་བློ་རབ་འབྲིང་ཐ་མ་རྣམས་ཀྱི་འདོད་པ་རྫོགས་པར་བྱ་བའི་དགོས་པ་དང༌། ཁྱད་པར་དུ་ལུས་དང་ནད་དང་སྨན་རྣམས་ཀྱི་རྒྱུ་རྐྱེན་དབྱེ་བ་འཕེལ་འགྲིབ་གནོད་བྱ་གནོད་བྱེད་དང་བཅས་པའི་བྱུང་ཚུལ་རྒྱུ་མཚན་རྣམ་པར་དག་པའི་སྒོ་ནས་སྟོན་པས། དངོས་པོ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་འབྱུང་དུ་ཤེས་ཤིང༌། དེའི་དོན་གྱིས་ལག་ལེན་གྱི་རིམ་པ་རྣམས་ཀྱང་ཤུགས་ལས་འཁྲུལ་མེད་དུ་གཞི་རྩ་ཆོད་པར་འགྱུར་བ་སོགས་ཀྱི་དགོས་པ་ཡོད་ལ། དེ་ལྟར་ཤེས་བཞིན་དུ་ཉམས་སུ་བླངས་པས། འགྲོ་བ་ནད་པ་རྣམས་ལ་ཕན་ཐོགས་ཤིང་རང་ཉིད་ལའང་རྙེད་པ་དང་བཀུར་སྟི་འབྱུང་བ་ནི་ཉིང་དགོས་དང༌། ཕྱི་མ་ལྷ་མིའི་ལུས་ལ་བརྟེན་ནས་མྱ་ངན་ལས་འདས་པའི་ས་ཐོབ་པ་ནི་མཐར་ཐུག་གི་དགོས་པ་ཡིན་ནོ། །གཉིས་པ་བསྡུས་དོན་ནི། གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་པའམ། དང་པོ་གསོ་བར་བྱ་བའི་ཡུལ་བསྟན་པ། ཞེས་པ་ནས། དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོ། །ཞེས་པའི་བར་དང༌། རྩ་བ་བཞི་ལ་ཡན་ལག་བཅུ་གཅིག་སྟེ། །ཞེས་པ་འདི་གཅིག་པུས་ཀྱང་གཞུང་འདིའི་དོན་མ་ལུས་པར་བསྡུས་པ་ཡིན་ནོ། །གསུམ་པ་བརྗོད་བྱ་ནི། སྤྱིར་ལུས་ལ་སོགས་པའི་ཡན་ལག་བརྒྱད་པོ་བརྗོད་བྱར་བྱས་པ་ཡིན་མོད་ཀྱང༌། འདིར་གསོ་ཡུལ་གྱི་ཡན་ལག་བརྒྱད་དང་འབྲེལ་པའི་དངོས་པོ་གཞན་དང་ཆོ་གའི་རིམ་པ་དང༌། དེའི་བྱེད་པ་པོ་རྣམས་ཁྱད་པར་དུ་སྟོན་པའོ། །

བཞི་པ་འབྲེལ་པ་ནི། གནས་བཅུ་གཅིག་གི་འབྲེལ་བཤད་པས་ལེའུའི་འབྲེལ་ཤུགས་ལ་རྟོགས་པར་བསམས་ནས་བརྗོད་པར་བྱའོ། །དེའང་རྩ་བ་མདོའི་གནས་ཐོག་མར་འབྱུང་བའི་རྒྱུ་མཚན་ནི། གནས་གཞན་རྣམས་འདི་ལ་བརྟེན་ནས་བསྐྱེད་པ་ཡིན་པའི་ཕྱིར་དང་པོར་བཞག་ནས་དེའི་རྗེས་སུ་ལུས་ཀྱི་ཆགས་ཚུལ་དང༌། འདྲ་དཔེ་དང༌། གནས་ལུགས་དང༌། མཚན་ཉིད་དང༌། ལས་དང༌། འཇིག་ལྟས་རྣམས་རིམ་པ་བཞིན་དུ་སྟོན་པས་གྲུབ་པ་ལུས་གནས་མ་བཤད་ན་ནད་འཇུག་པའི་གཞི་དང་སྨན་དཔྱད་བྱ་བའི་ཡུལ་ངོ་མི་ཤེས་པས་གྲུབ་པ་ལུས་ཀྱི་གནས་དང་པོར་བཤད། དེ་དག་ཁོང་དུ་ཆུད་ནས་དེ་ལ་བརྟེན་པའི་ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་མཚན་ཉིད་དབྱེ་བ་རྣམས་རིམ་པ་བཞིན་སྟོན་པ་འཕེལ་འགྲིབ་ནད་ཀྱི་གནས་བཤད་ཅིང༌། དེ་ལྟ་བུའི་ལུས་དང་ནད་ཀྱི་རྣམ་པར་གཞག་པ་ཇི་ལྟ་བ་ཁོང་དུ་ཆུད་པའི་རྗེས་སུ། ལུས་འདི་ཉིད་མི་ན་བར་གནས་པའི་ཐབས། རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་ཀྱི་སྤྱོད་པ་བསྟན་པ་བྱ་བ་སྤྱོད་ལམ་གྱི་གནས་དང༌། ཟས་ཚུལ་ཟས་བརྡམ་ཟ་ཚོད་རན་པར་བཟའ་བའི་འཚོ་བ་ཟས་ཀྱི་གནས་གཉིས་རིམ་པ་བཞིན་བསྟན། དེའི་རྗེས་སུ་འཕེལ་འགྲིབ་ནད་ཀྱི་གཉེན་པོར་རོ་དང་ནུས་པ་སྦྱར་ཐབས་སྟོན་པ་སྦྱོར་བ་སྨན་གྱི་གནས་དང༌། ཆ་བྱད་དཔྱད་ཀྱི་གནས་བསྟན། དེ་ལྟ་བུའི་བྱེད་པས་ལུས་དེ་ཉིད་ནད་མེད་པར་གནས་པ་ཞིག་འབྱུང་བ་ལ་བསམས་ནས་ཐ་མལ་ནད་མེད་ཀྱི་གནས་བསྟན། གལ་ཏེ་གློ་བུར་གྱི་རྐྱེན་སྣ་ཚོགས་པས་ན་བའི་ཚེ་སོ་སོར་བརྟག་པ་ལ་ཉེས་པ་དངོས་སྟོན་པ་དང༌། ངན་གཡོ་སྐྱོན་དང་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་ངོས་བཟུང་རྟགས་ཀྱི་གནས་བསྟན། དེས་ནད་ཀྱི་དམིགས་ཕྱི་ནས་ཇི་ལྟར་གསོ་བ་ལ་སྤྱིའི་གསོ་ཚུལ་དང་ཁྱད་པར་གྱི་གསོ་ཚུལ་གཉིས། གསོ་ཐབས་ལ་ཐུན་མོང་བ་དང་གསོ་ཐབས་དངོས་ཏེ་བཞི་པོའི་སྒོ་ནས་གསོ་བྱེད་ཐབས་ཀྱི་གནས་བསྟན། དེ་དག་ཐམས་ཅད་གསོ་བ་པོ་སྨན་པ་ལ་རག་ལས་པས་བྱ་བྱེད་སྨན་པའི་གནས་ཀྱིས་ཀུན་བསྡུས་པའི་ཚུལ་དུ་བསྟན་པ་ཡིན་ནོ། །

གསུམ་པ་མཐའ་དཔྱད་པ་ནི། དེང་སང་གི་སྨན་པ་ཕལ་ཆེར་གྱི་ཡིད་ལ་འདི་ལྟར་སྣང་སྟེ། བཤད་པའི་རྒྱུད་འདི་ཉིད་ཤེས་པས་ཁ་བཤད་ཙམ་མ་གཏོགས་དོན་ལག་ཏུ་བླང་བྱའི་རིམ་པ་ལ་མི་ཕན་ནོ་བསམ་པ་དང༌། མི་འདི་དག་བཤད་པ་ལ་ཤིན་ཏུ་མཁས་ཀྱང་ལག་ལེན་གྱི་ཕྱོགས་ལ་རྨོངས་པའོ་སྙམ་པ་དང༌། དེའི་དོན་གྱིས་བཤད་པའི་རྒྱུད་འདི་ལ་མི་སློབ་པར་ཐོག་མ་ནས་རྒྱུད་ཕྱི་མ་ལ་སློབ་ཅིང༌། དེའི་ལག་ལེན་འགའ་ཞིག་གིས་ཕྱོགས་ཙམ་མཐོང་བས་ཆོག་པར་འཛིན་ཅིང༌། སླར་བཤད་པའི་རྒྱུད་དང་མན་ངག་གི་རྒྱུད་སོགས་བལྟ་མི་དགོས་པར་རློམ་པ་ཞིག་སྣང་ཡང༌། ལག་ལེན་སྟོན་བྱེད་ཀྱི་ཚིག་མ་ཤེས་པར་དོན་རྟོགས་འདོད་པ་རྣམས་ནི་ངོ་མཚར་བའི་གནས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་བཤད་པའི་རྒྱུད་མི་ཤེས་པ་དེས་ནི་ལུས་ཀྱི་མཚན་ཉིད་མི་ཤེས་སོ། །ལུས་ཀྱི་མཚན་ཉིད་མི་ཤེས་པ་དེས་ནི་ནད་ཀྱི་རང་བཞིནམི་ཤེས་སོ། །ནད་ཀྱི་རང་བཞིན་མི་ཤེས་པ་དེས་ནི་སྨན་དཔྱད་ཟས་སྤྱོད་ཀྱི་ཚུལ་མི་ཤེས་སོ། །སྨན་དཔྱད་ཟས་སྤྱོད་ཀྱི་ཚུལ་མི་ཤེས་པ་དེས་ནི་གསོ་བ་རིག་པ་ཕྱོགས་ཙམ་ཡང་མི་ཤེས་པ་ཡིན་ནོ། །དེས་ན་གསོ་བ་རིག་པ་མི་ཤེས་པ་དེས་གསོ་ཐབས་ཀྱི་ལག་ལེན་ཇི་ལྟར་ཤེས། དཔེར་ན་མིག་གི་དབང་པོ་མེད་པར་གཟུགས་ཀྱི་ལྟད་མོ་མཐོང་བར་འདོད་པ་བཞིན་མུན་པའི་གནས་སུ་རྣམ་པར་འཁྱམས་པ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཐོག་མ་ཉིད་ནས་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་འདི་ཁོ་ན་ལ་ཡང་དག་པར་སྦྱངས་ནས། གནས་བཅུ་གཅིག་པོའི་དོན་ཐམས་ཅད་ཁོང་དུ་ཆུད་པའི་ཚེ་མན་ངག་རྒྱུད་དང་ཕྱི་མ་སོགས་ལའང་འཇུག་པར་བྱ་ཞིང༌། རིམ་པས་ལག་ལེན་རྣམས་གཞུང་ཚིག་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་དགོས་པ་ཡིན་ནོ། །ད་ནི་གཞུང་འདི་ཐོག་མ་ཉིད་དུ་དེ་ནས་ཞེས་འབྱུང་བའི་རྒྱུ་མཚན་ནི་གང༌། དེ་ལ་དགོས་པ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། འདིའི་སྐབས་ཀྱི་རྒྱ་དཔེ་ལ་ཨ་ཐཱ་ཞེས་བྱ་བ་ཡོད་ཅིང༌། ཨོཾ་སྔ་མ་ཅན་གྱི་ཡི་གེ་གཉིས་པོ་དེ་ལ་བརྟེན་ནས་སྔོན་ལྷ་ཆེན་པོ་ཚངས་པས་ཚེའི་རིག་བྱེད་དམ་གསོ་དཔྱད་འབུམ་པ་ཞེས་བྱ་བ་དྲན་པས་ན་བཀྲ་ཤིས་པ་དང༌། འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དབང་དུ་བྱ་བ། བྱ་བ་སྔ་མ་འགའ་ཞིག་གྲུབ་ཚར་པའི་དེ་མ་ཐག་པ་རྣམས་ཀྱི་དོན་ཡིན་ཏེ། འགྲེལ་པ་ཟླ་ཟེར་དུ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པ་དང༌། དབང་དུ་བྱ་བ་དང༌། དེ་མ་ཐག་པའི་དོན་གྱི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང༌། ཡི་གེ་ཨོཾ་དང་ཨ་ཐཱའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ནས་ངེས་པར་བྱུང༌། །དེས་ན་འདི་ཉིད་བཀྲ་ཤིས་ཡིན། །ཞེས་སྨོས་པ་ཡིན་ལ། བཀྲ་ཤིས་པ་ལ་སོགས་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་རབ་ཏུ་འཇུག་ཅིང་མངོན་པར་འདོད་པའི་དོན་འགྲུབ་པ་འབྱུང་བར་འགྱུར་བ་ཡིན་ནོ། །དབང་དུ་བྱ་བ་ནི། ཚེ་འདོད་པ་ལ་ཕན་པའི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གང་འདི་ནས་ཉེ་བར་བརྩམས་ཏེ་གཞུང་ཡོངས་སུ་རྫོགས་པ་དེ་ཐམས་ཅད་ནི་ཚེ་འདོད་པ་རྣམས་ལ་ཕན་པ་ཡིན་ནོ། །དེ་མ་ཐག་པ་ཡང་ལྷ་ལ་ཕྱག་བྱས་པའི་རྗེས་ཐོག་ཉིད་ལ་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པར་བཤད་པར་བྱའོ། །ཞེས་གསུངས་ལ། གཞན་ཡང་རབ་ཏུ་བསྔགས་པ་དེ། སྲུངས་ཤིག་ཅེས་དང༌། བསོད་ནམས་ལེན་པ་དང༌། དམ་བཅའ་བ་རྣམས་ཀྱི་དོན་ཡིན་ཏེ། སྒྲོལ་མར། སྭཱཧཱ་ཨོཾ་དང་ཡང་དག་ལྡན་མ། །ཞེས་པའི་རྒྱ་དཔེ་ལ། སྭཱ་ཧཱ་པྲ་ཎ་ཝ་སཾ་ཡུཀྟ་ཞེས་ཡོད་པའི། པྲ་ཎ་ཝ་ནི། ཨོཾ་གྱི་མངོན་བརྗོད་ཡིན་པ་དྲང་ཐད་དུ་བསྒྱུར་ན་རབ་ཏུ་བསྔགས་པ་ཞེས་བྱ་བའི་དོན་དང༌། ཨ་ཝ་རཀྵ་སྲུངས་ཤིག་ཅེས་པའི་སྒྲ་ལས་དྲངས་ན་ཤིས་པ་བརྗོད་པའི་དོན་དང༌། ཟླ་གྲགས་ཞབས་ཀྱི་སྒྲོན་གསལ་ལས། ཨོཾ་ནི་བསོད་ནམས་ལེན་པ་པོ། ཞེས་འབྱུང་བས་འདོད་པའི་ལྷ་ལ་འདུད་པར་བྱ་བའི་དོན་དང༌། བཤད་པར་དམ་བཅའ་བ་སོགས་དོན་གཞན་ཡང་མང་པོ་ལ་འཇུག་པར་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཨོཾ་ནི་ཅི་ཞིག་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དག་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་འབྱུང་བ་སོགས་དེ་ལྟར་བཤད་པའི་དོན་ཐམས་ཅད་འདིར་ཡང་བཤད་དུ་ཡོད་མོད། འོན་ཀྱང་བོད་སྐད་དུ་བསྒྱུར་ཟིན་པའི་དེ་ནས་ཤེས་པའི་དངོས་བསྟན་གྱི་སྒྲ་ནི་སྔ་ཕྱི་མཚམས་སྦྱར་བ་དང༌། དེ་མ་ཐག་པ་དང༌། དམ་བཅའ་བ་དང༌། དབང་དུ་བྱ་བ་རྣམས་ཀྱི་དོན་ཡིན་ནོ།།

གཉིས་པ་ཚིག་སོ་སོའི་དོན་ལ་གསུམ་སྟེ། རགས་པ་ཙམ་རྟོགས་པའི་སླད་དུ་མདོར་བསྟན་པ་དང༌། མཐའ་དཔྱོད་པའི་ཆེད་དུ་རྒྱས་པར་བཤད་པ་དང༌། དུམ་བུ་འདི་ཉིད་ཀྱི་རྫོགས་ཚིག་སྨོས་པའོ། །

 

ལེའུ་དང་པོ། སྡོམ་ཚིག་བསྟན་པ། 

དང་པོ་ལ་བཞི། འཆད་པ་པོའི་སྟོན་པ་སྤྲུལ་ཚུལ། འཁོར་གྱིས་དྲི་ཚུལ། དེའི་ལན། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་དགག་པ་དང༌། རང་ལུགས་འཐད་ལྡན་དུ་རྣམ་པར་གཞག་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་སྨྲ་བའི་སེང་གེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་ཇི་ལྟར་གསུང་ཞེ་ན། གསོ་བ་རིག་པའི་དོན་འགྲེལ་པའི་དོན་བསྟན་པར་བྱེད་པ་ལ་འཇིགས་པ་མེད་པའི་ཕྱིར་སྨྲ་བའི་སེང་གེ་ཞེས་བྱ་བའམ། ཡང་ན་འདིར་འཆད་པར་འགྱུར་བའི་བཤད་པའི་རྒྱུད་ཀྱི་ཚིག་དོན་ལ་ཕྱི་རྒོལ་གྱི་སྨྲ་བ་གང་ལའང་འཇིགས་པ་མེད་པའི་ཕྱིར་སྨྲ་བའི་སེང་གེ་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ཞེས་བྱ་བའོ། །ཞེས་ཟེར་རོ། །འདི་ནི་སྔ་རབས་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཅལ་སྒྲོག་ཙམ་མ་གཏོགས་ལེགས་པར་བཤད་པ་མ་ཡིན་ཏེ། དངོས་བསྟན་དུ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའི་ཚེ་དེ་དང་དེ་འདྲ་བའི་དོན་ལ་འཇིགས་པ་མེད་ཅེས་པའི་ཚིག་འདིས་ཤུགས་ལ་དེ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་པའི་སྐབས་སུ་གསོ་བ་རིག་པའི་སྤྱི་ཁོག་འགྲེལ་པའི་དོན་སྟོན་པའི་བཤད་པའི་རྒྱུད་ཀྱི་ཚིག་དོན་ལ་ཕྱིར་རྒོལ་གྱི་འཇིགས་པ་ཡོད་པ་ཁས་བླངས་པས་སངས་རྒྱས་ལ་སྐུར་པ་བཏབ་པ་ཡིན་ནོ། །གཉིས་པ་རང་གི་ལུགས་འཐད་ལྡན་དུ་རྣམས་པར་གཞག་པ་ནི། དེ་ནས་ཞེས་པ་ནས། བར་སྣང་ལ་བཞུགས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་དབུས་ཀྱི་གཞལ་མེད་ཁང་ཆེན་པོར་འཁོར་སྡེ་བཞི་འདུས་པ་ལ་དཔལ་ལྡན་རྩ་བ་ཐུགས་ཀྱི་རྒྱུད་བསྟན་ཚར་བའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པའི་དེ་མ་ཐག་པ་དེ་ནས། ཆོས་སྨྲ་བ་པོའི་འཇིག་རྟེན་པའི་ལེགས་ལྡན་རྣམས་ལས་ཁྱད་པར་དུ་འཕགས་པའི་སྟོན་པ་ཉོན་མོངས་པ་ལ་སོགས་པའི་བདུད་མཐའ་དག་བཅོམ་པའོ། །ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་ཀུན་དང་ལྡན་ཞིང༌། མྱ་ངན་གྱི་གནས་ལས་ཡོངས་སུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ། བྱེ་བྲག་ཏུ་གདུལ་བྱ་རིགས་ཅན་གསུམ་གྱི་སྲོག་འཚོ་བར་མཛད་པས་ན། གནས་སྐབས་སུ་མཚན་སྨན་གྱི་བླ་མ་ཞེས་བྱ་བ་དེའི་གཟུགས་སྐུའི་ཁྱད་པར་ནི་ཡིད་བཞིན་གྱི་ནོར་བུ་བཻ་ཌཱུརྱ་སྔོན་པོ་ལྟར་གསལ་ཞིང་དྭངས་ལ་ཉི་མ་ལ་སོགས་པ་འཇིག་རྟེན་ན་འོད་ཆེ་བར་གྲགས་པ་ཐམས་ཅད་ཀྱི་རྒྱལ་པོ་ལྟར་གཟི་བརྗིད་ཀྱི་ཕུང་པོ་མཚན་དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པ་སྟེ། དེ་འདྲ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་དེས་རྩ་བའི་རྒྱུད་གསུངས་པའི་དུས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། སླར་ཡང་དུམ་བུ་གཉིས་པ་བཤད་པ་སྐུའི་རྒྱུད་འདི་ཉིད་གསུང་བའི་སླད་དུ་སྨྲ་བའི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཡང་དག་པར་བཞག་གོ། ཏིང་ངེ་འཛིན་གྱི་ཁྱད་པར་དེ་ལྟ་བུ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་མཆོག་ཏུ་མཐོ་ཞིང་ཟླུམ་པའི་དབུས་ནས་འོད་ཟེར་ཁ་དོག་མི་འདྲ་བ་བརྒྱ་སྟོང་འབུམ་ཕྲག་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུ་པོ་དེ་རྣམས་ན་གནས་པའི་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཉེས་པ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་བླངས་པ་དང༌། མི་ཚངས་པར་སྤྱད་པའི་སྡིག་པའི་སྐྱོན་ཐམས་ཅད་ཕྱིར་བསལ། ཁྱད་པར་དུ་རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་སོགས་མདོར་ན་ལུས་ཀྱི་ཟུག་རྔུ་ཐམས་ཅད་ཞི་བར་བྱས་ནས། འོད་ཟེར་དེ་རྣམས་སླར་ཡང་རང་གི་གནས་དབུའི་གཙུག་ཏོར་ཉིད་དུ་འདུས་པར་གྱུར་ཏོ། །དེ་ལྟར་འདུས་མ་ཐག་ཏུ་དབུའི་གཙུག་ཏོར་གྱི་དབུས་དེ་ནས་བཅོམ་ལྡན་འདས་རང་ཉིད་ཀྱི་སྤྲུལ་པའི་སྟོན་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཟད་པར་སྤངས་པ་ལས་བྱུང་བའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཐ་སྙད་དུ་མཚན་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་སྐུའི་རང་བཞིན་གཙུག་ཏོར་གྱི་དབུས་ལས་མངོན་པར་སྤྲུལ་ཏེ་རང་ཉིད་ཀྱི་མདུན་གྱི་བར་སྣང་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་རྫུ་འཕྲུལ་མངོན་སུམ་དུ་བསྟན་པ་ལས་ཞེས་བྱ་བའི་དོན་ཏོ། དེ་ཡང་ཆོས་སྟོན་པའི་དྲང་སྲོང་སྐུ་ལས་སྤྲུལ་ཞེས་པའི་ཚིག་འདིས། བཤད་པའི་རྒྱུད་འདི་ཉིད་རྒྱ་ཆེ་བ་སྐུའི་རྒྱུད་དུ་ཤེས་པར་བྱ་བའི་ཆེད་ཡིན་ནོ། །

གཉིས་པ་འཁོར་གྱིས་ཇི་ལྟར་དྲིས་པའི་ཚུལ་བཤད་པ་ནི། གསུང་ལས་ཞེས་པ་ནས་ཞུས་པ་དང་ཞེས་པའི་བར་གྱིས་བསྟན་ཏེ། སྔར་རྩ་རྒྱུད་གསུངས་པའི་སྐབས་སུ་བཅོམ་ལྡན་འདས་ཀྱི་གསུང་ལས་སྤྲུལ་པའི་ཞུ་བ་པོ་ཐ་སྙད་དུ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་བཤད་པའི་རྒྱུད་གསུང་བ་ལ་མངོན་དུ་ཕྱོགས་པའི་སྐབས་འདིར་ཡང་སྟོན་པ་བཅོམ་ལྡན་འདས་རིག་པའི་ཡེ་ཤེས་དང་བཅས་པ་ལ་འཁོར་གཞན་རྣམས་ཀྱང་གུས་པ་བསྐྱེད་པའི་ཆེད་དུ་ཕྱག་དང་སྐོར་བ་ལན་གསུམ་དུ་བྱས་ནས་གཡོན་ཕྱོགས་སུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དྲི་བའི་ཚིག་འདི་སྐད་ཅེས་ཞུས་སོ། །ཞེས་པའོ། །དེ་ཡང་ཇི་ལྟར་ཞུས་ཞེས་ཤེ་ན། ཀྱེ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། ཞེས་གུས་པའི་ཞེ་ས་དང་བཅས་པས་མཚན་ནས་བོས་ཏེ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་བསྡུས་དོན་དཔལ་ལྡན་རྩ་བའི་རྒྱུད་དེ་ལྟར་གསུངས་པ་བདག་ཅག་རྣམས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་ལགས་ནའང༌། དེའི་སྐབས་སུ་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། མན་ངག་རྒྱུད་དང༌། ཕྱི་མ་རྒྱུད་དང༌། དེ་ལྟར་རྒྱུད་བཞི་རུ་ཤེས་པར་བྱའོ། །ཞེས་གསུངས་པའི་ནང་ནས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ལ་ཇི་ལྟར་བསླབ་ཅིང་ཉམས་སུ་བླང་བར་བགྱི་ཞེས་འདྲི་ན། ལུས་ཅན་རྣམས་ཀྱི་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་བདག་ཅག་རྣམས་ལ་བཀའ་སྩོལ་ཞིག་ཞུས་པའོ། །དང་ཞེས་བྱ་བ་ནི་ཕྱི་མ་འདྲེན་པའི་ཚིག་ཡིན་ནོ། །གསུམ་པ་དེའི་ལན་བཤད་པ་ལ་བཞི། གསོ་བ་རིག་པའི་དགོས་པ་བཤད་པ། དགོས་པ་དེ་དང་ལྡན་པའི་དོན་མདོར་བསྟན་པ། དེ་ལས་གྱེས་པའི་ཡན་ལག་རྒྱས་པར་བཤད་པ་དང༌། སླར་ཡང་དེའི་མཇུག་བསྡུ་བའོ། །དང་པོ་ནི། སྐུ་ལས་སྤྲུལ་པའི་ཞེས་པ་ནས་གསོ་བ་རིག་པའི་ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་དྲང་སྲོང་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཞེས་པའོ། །དེའང་ཇི་ལྟར་གསུངས་ཤེ་ན། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ནས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ལ་བསླབ་པར་འདོད་པ་རྣམས་ཀྱིས་ནི་འདི་ལྟར་ཤེས་པར་བྱ་དགོས་ཏེ། དེའང་གསང་སྔགས་བླ་ན་མེད་པའི་དགོངས་པ་བཞིན་ལས་ཀྱི་སར་སྐྱེས་ཤིང་ཁམས་དྲུག་དང་ལྡན་པས་དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་མི་ལུས་ནི་ལྷ་ལ་སོགས་པའི་འགྲོ་བ་གཞན་རྣམས་ཐམས་ཅད་ཀྱིས་བསྔགས་ཤིང་སྨོན་པའི་གནས་ཡིན་པས་ན། འགྲོ་བ་རིག་དྲུག་གི་གཙོ་བོར་གྱུར་པ་ཞེས་སྨོས་པ་ཡིན་ལ།

དེ་འདྲ་བའི་ཁྱད་ཆོས་དང་ལྡན་པའི་མིའི་ལུས་དེ་ལ། རླུང་མཁྲིས་བད་ཀན་གསུམ་རང་བཞིན་གྱིས་གནས་པས་ནད་ཀྱི་ངོ་བོར་གྲུབ་ཀྱང་རྐྱེན་དང་མ་ཕྲད་པའི་སྐབས་སུ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པས་མི་ན་བ་ཡིན་ཞིང༌། ལུས་མི་ན་བ་དེ་ཉིད་ཀྱི་ངང་ལ་ཡུན་རིང་དུ་གནས་པ་དང༌། གལ་ཏེ་དུས་གདོན་ཟས་སྤྱོད་ཀྱི་དབང་གིས་ན་བའི་ཚེ་ན་མྱུར་དུ་གསོ་བ་དང༌། ཇི་སྲིད་ཚེའི་འཕེན་པ་མ་རྫོགས་ཀྱི་བར་དུ་གནས་པ་ཚེ་རིང་བ་དང༌། འཇིག་རྟེན་མི་དང༌། དམ་པའི་ཆོས་ལུགས་ཀུན་དང༌། ཟང་ཟིང་དང་འཕགས་པའི་ནོར་རྣམས་དང༌། ཚེ་འདི་དང༌། ནམ་བཞག་གཏན་གྱི་བདེ་བ་དང༌། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་ཅིག་ཅར་དུ་བསྒྲུབ་པར་བྱ་བའི་ཕྱིར། གསོ་བ་རིག་པའི་གནས་འདི་ཉིད་ལ་བསླབ་པར་བྱའོ་ཞེས་འབྲེལ་ལོ། །དེ་ལས་ཀྱང་ཕྱོགས་རེ་རེ་ཙམ་སྒྲུབ་པའི་ཐབས་ནི་ཤིན་ཏུ་མང་མོད། བཤད་མ་ཐག་པའི་དོན་ཐམས་ཅད་ཆོས་གཅིག་གིས་བསྒྲུབ་པའི་ཐབས་ནི་གསོ་པ་རིག་པ་ལས་གཞན་དུ་མེད་དོ་ཞེས་རིག་པའི་གནས་གཞན་རྣམས་ལས་ཕུལ་དུ་བྱུང་བར་སྟོན་པའི་ཚིག་གོ །གཉིས་པ་དགོས་པ་དེ་དང་ལྡན་པའི་དོན་མདོར་བསྟན་པ་ལ། དགག་གཞག་གཉིས་ལས། དང་པོ་ནི་ཁ་ཅིག་ན་རེ། བཤད་རྒྱུད་སྔ་འགྱུར་ལས། གསོ་བྱ་གཉེན་པོ་ཇི་ལྟར་གསོ་བ་དང༌། །ཞེས་པ་ཡོད་པས་དེ་ནི་འཐད་ལ། འདིར་གསོ་བྱེད་ཅེས་པ་གསོ་བ་པོ་སྨན་པ་དང་བཟློས་པའི་སྐྱོན་ཡོད་དོ་ཞེས་ཟེར་རོ། །འདི་ནི་རྣམ་དཔྱོད་རྩིངས་པའི་སྐྱོན་ཡིན་པས་མི་རིགས་ཏེ། གསོ་བྱེད་ཅེས་པ་དང་གཉེན་པོ་ཞེས་པ་དོན་གཅིག་སྟེ། ཇི་སྐད་དུ་ཕྱི་མ་རྒྱུད་ལས། ནད་དང་གཉེན་པོ་གསོ་བའི་ཐབས་གསུམ་ལས། །ཞེས་པ་དང༌། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཡོད། །མདོ་རུ་བསྡུས་པས་སྨན་དཔྱད་ཟས་སྤྱོད་བཞི། །ཞེས་གསུངས་པས་ཀྱང་ཤེས་སོ། །དེས་ན་གནོད་བྱ་གསོ་བའི་སྒོ་ནས་གསོ་བྱེད་ཅེས་དང༌། ཟུག་རྔུ་འཇོམས་པའི་སྒོ་ནས་གཉེན་པོ་ཞེས་བཏགས་པ་ཙམ་མ་གཏོགས། དོན་སྨན་དཔྱད་ཟས་སྤྱོད་ཀྱི་མིང་དུ་གཅིག་པ་དང༌། གསོ་བར་བྱེད་པ་པོ་ཞེས་བདག་པོའི་སྒྲ་སྦྱར་བ་ནི་སྨན་པ་དང་དོན་གཅིག་ལ། གསོ་བྱེད་ཅེས་བདག་པོའི་སྒྲ་མ་སྦྱར་བ་ནི་སྨན་པ་མ་ཡིན་ཏེ། དཔེར་ན་སྨན་དང་སྨན་པ་ཞེས་པ་ལྟ་བུའོ། །

གཉིས་པ་རང་ལུགས་ནི། དོན་རྣམས་མདོར་བསྡུས་ན་ཞེས་པ་ནས། བཞི་རུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་སྒྲུབ་པའི་རྒྱུའི་གཙོ་བོ་གསོ་བ་རིག་པའི་དོན་མ་ལུས་པ་རྣམས་མདོར་ཧྲིལ་གྱིས་བསྒྲིལ་ནས་བསྡུས་ན། གསོ་བྱའི་ཡུལ་དང༌། གསོ་བར་བྱེད་པའི་གཉེན་པོ་དང༌། ཇི་ལྟར་གསོ་བར་བྱེད་པའི་ཚུལ་དང༌། གསོ་བ་པོ་སྨན་པ་སྟེ། དེ་ལྟར་རྣམ་པ་བཞི་རུ་འདུས་པར་བཤད་པ་ཡིན་ནོ། །གསུམ་པ་དེ་ལས་གྱེས་པའི་ཡན་ལག་རྒྱས་པར་བཤད་པ་ནི། དང་པོ་ཞེས་པ་ནས་གསོ་བ་པོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གསོ་བ་རིག་པའི་དོན་ཐམས་ཅད་རྣམ་པ་བཞི་རུ་བཤད་པའི་དང་པོ་གསོ་བར་བྱ་བའི་ཡུལ་བསྟན་པ་ལ་གཉིས་ཏེ། གང་གི་ཞེས་པ་ཚེ་རིང་ཆོས་ནོར་བདེ་བ་སོགས་ལ་སྤྱི་ཁྱབ་ཀྱི་སྒྲ་དེ་རྣམས་སྒྲུབ་པའི་དོན་དུ་གསོ་བ་ལུས་ཉིད་དང་ནི། གང་གསོ་བར་བྱ་བའི་ལུས་དེ་ལས་བྱུང་བའི་ནད་དང༌། གནས་རྣམ་པ་གཉིས་སུ་བསྟན་ཏོ། །གཉིས་པ་ནད་དེ་ལ་གསོ་བར་བྱེད་པའི་གཉེན་པོ་ནི་རྣམ་པ་བཞི་སྟེ། སྤྱོད་ལམ་དང༌། ཟས་དང༌། སྨན་དང༌། དཔྱད་ཀྱི་གནས་རྣམས་སོ། །གསུམ་པ་ནད་དེ་ལྟ་བུ་ལ་གཉེན་པོ་བཞི་པོས་ཚུལ་ཇི་ལྟར་གསོ་བར་བྱ་བ་ལའང་གཉིས་ཏེ། ལུས་ནད་མེད་ཐ་མལ་དུ་གནས་ཤིང་ཡུན་རིང་དུ་གནས་པར་བྱ་བའི་ཚུལ་དང༌། རྣམ་པར་གྱུར་ནས་ན་བ་དེ་ཉིད་གསོ་བར་བྱ་བའོ། །འདིའི་ཕྱི་མ་རྣམ་འགྱུར་ན་བ་དེ་ལའང་སོ་སོར་ངོས་བཟུང་བ་བརྟག་པའི་ཐབས་དང་ནི། འཁྲུལ་མེད་དུ་རྟོགས་ནས་ཇི་ལྟར་གསོ་ཚུལ་དང༌། གཉེན་པོ་གང་གིས་གསོ་བའི་གསོ་ཐབས་དང་རྣམ་པ་གསུམ་དུ་བཤད་དོ། །བཞི་བ་དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོ་སྨན་པ་ཁོ་ན་སྟེ་གཅིག་པུ་ཉིད་དོ། །བཞི་པ་སླར་ཡང་མཇུག་བསྡུ་བ་ནི། རྩ་བ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་པོ་སྟེ་རྩ་བ་བཞི་དང༌། དེ་ལས་གྱེས་པ་ལུས་དང་ནད་གཉིས། ཟས་སྤྱོད་སྨན་དཔྱད་བཞི། ནད་མེད་རིང་དུ་གནས་པ། ནད་ཀྱི་བརྟག་ཐབས། གསོ་ཚུལ། བཅོས་ཐབས་བཞི། སྨན་པའི་བྱ་བ་སྟེ་ཡན་ལག་བཅུ་གཅིག་གོ་སྟེ་ཞེས་པ་ལྷག་མ་འདྲེན་པའི་སྒྲ་སྟེ་བཤད་མ་ཐག་པའི་རྩ་བ་ཡན་ལག་དང་བཅས་པ་འདི་དག་བཤད་པའི་རྒྱུད་ཀྱི་སྡོམ་ཚིག་ཡིན་ནོ། །ཞེས་པའི་ཚིག་འདྲེན་པར་བྱེད་དོ། །བཞི་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྡོམ་ཚིག་བསྟན་པའི་ལེའུ་སྟེ་དང་པོའོ། །

ཞེས་ཐོག་མའི་དོན་ཏོ། ལེའུའི་ལྡང་ཚད་ནི། ཡི་གེ་དུ་མ་འདུས་པ་ལས་མིང༌། མིང་དུ་མ་འདུས་པ་ལས་ཚིག ཚིག་དུ་མ་འདུས་པ་ལས་རྐང་པ། རྐང་པ་བཞི་འདུས་པ་ལ་ཤླཽ་ཀ། ཤླཽ་ཀ་མང་དུ་འདུས་པ་ལས་ལེའུ་གྲུབ་པའོ། །དེའང་ཤླཽཀ་འདི་ཙམ་ལ་ལེའུ་གྲུབ་པའི་ཚུལ་ནི་ངེས་པ་མེད་དེ། ལེའུ་ཉིད་ལ་མང་ཉུང་གི་ཁྱད་པར་ཤིན་ཏུ་ཆེ་བ་ཡང་མཐོང་བས་སོ། །དེ་ལྟར་གནས་ཐམས་ཅད་དང་རྒྱུད་འདི་ཉིད་ཀྱི་འགོ་ལྟ་བུའི་གནས་དང་པོ་ལེགས་པར་བཤད་ཟིན་ཏོ། །འདི་ལ་མདོའི་གནས་ཞེས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། འཆད་འགྱུར་གྱི་དོན་ཐམས་ཅད་ཤིན་ཏུ་ཉུང་བར་མདོར་བསྡུས་ཏེ་བསྟན་པས་ན་དེ་སྐད་ཅེས་བྱ་བ་ཡིན་ནོ། །ཚིག་དོན་ཟླ་བའི་འོད་ཟེར་དུ། མདོའི་གནས་རྫོགས་ཀར། འདིར་དོན་ཕྲ་བ་མདོར་བཤད་ཀྱི་རྒྱ་ཆེར་དུ་བསྟན་པ་མིན། གང་འདིར་འཕྲོས་དོན་ཕྲ་བ་བློ་ཞིབ་པའི་སྐྱེས་བུས་རྟོགས་པར་བྱ་བ་ནི་གཞུང་ཉུང་ངུས་དོན་མང་པོ་ཞིག་མདོ་ཙམ་དུ་བསྟན་པ་ཡིན་གྱི། མ་ལུས་པ་ཐམས་ཅད་བསྟན་པ་ནི་མ་ཡིན་ནོ། །དེ་བས་ན་སྨན་དཔྱད་ཀྱི་རྒྱུད་མ་ལུས་པའི་དོན་གྱི་མདོ་ཞེས་པ་ཙམ་ཞིག་བསྟན་པས་ན་དེ་ནི་མདོའི་གནས་ཡིན་ལ། ཞེས་བཤད་པའི་ཕྱིར་རོ། །

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 12:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།