སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་དང་པོ། སྡོམ་ཚིག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



༄༅། །སྡུག་བསྔལ་ཞི་བྱེད་གསོའ་(གསོ་) བྱེད་དཔྱད་འབུམ་ཁྲ་བོ་

ཞེས་བྱ་བ་བཞུགས་པའི་དབུས་ཕྱོགས་ 

ལེགས་སོ།།

 

 

ལེའུ་དང་པོ།  སྡོམ་ཚིག་བསྟན་པ།

 

ཞང་ཞུང་སྐད་དུ། མཚོ་ཅི་སྐྱིད་བྷ་ཤི་སྲི་ཞལ་བིན།

བོད་སྐད་དུ།  འཚོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ་ཞེས་བྱ་བ།

ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། སྟག་གཟིགས་(གཟིག་)གི་ཡུལ་ལ་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། ཤིང་འཛམ་བུ་སྲིག་(སིག་)ཤའི་ཚལ། རྩི་མ་ཀུན་དྷ་རའི་གསེབ། སྨན་གྱི་ནེ་(ནེའུ་)སེང་རྒྱས་པའི་དབུས། འགྲོ་བ་ལྷ་དང་མི་དང་ལྷ་མ་ཡིན། རིགས་དྲུག་གི་སེམས་ཅན་མཐའ་ཡས་མང་པོའི་ནང་ན། གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ལ་སོགས་གཡུང་དྲུང་སེམས་དཔའི་འཁོར་དུ་མ་དང་བཅས་པས་བསྐོར་ནས་བཞུགས་སོ། །དེ་ནས་སྟོན་པས་སྡུག་བསྔལ་ཡོངས་སུ་འདུལ་བའི་བདུད་རྩི་སྨན་དཔྱད་ཀྱི་ཏིང་ངེ་འཛིན་ལ་བཞུགས་ནས། སྨྲ་བའི་སེང་གེ་ཞེས་བྱ་བའི་དགོངས་པ་ལ་ཐང་བཅད་པས། དབུ་ཡི་གཙུག་རུམ་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཉེས་པའི་སྐྱོན་བསལ། རླུང་མཁྲིས་བད་ཀན་གྱི་ནད་ཐམས་ཅད་ཞི་བར་བྱས། འོད་ཟེར་དེ་རྣམས་ཀྱང་སླར་དབུ་རུ་ཐིམ་མོ། །དེ་ནས་སྟོན་པ་དེ་ཡང་སེམས་ཅན་གྱི་ནད་རྣམས་ཐམས་ཅད་ཞི་བའི་དོན། སངས་རྒྱས་སྨན་གྱི་ལྷ་བེེ་ཌཱུརྱའི་གཟི་བརྗིད་འོད་འཆང་རྒྱལ་པོ་ལ་ཆས་སུ་བཞུགས་ཏེ། སྐུ་ལ་དར་དང་མཛེས་སྡུག་གི་རྒྱན་སྣ་ཚོགས་བནབ་(མནབས་)པ། གཡས་པས་སྨན་མཆོག་རྣམ་པར་རྒྱལ་བ་ཐུགས་ཀར་འཛིན་པ། གཡོན་པས་བདུད་རྩི་སྨན་གྱི་ཟ་མ་ཏོག་མཉམ་གཞག་(ཏུ་)བསྣམས་པ། སྐུ་བལྟ་བས་ཆོག་མི་ཤེས་པ། ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་བདག་(བཏགས་)པ་འདྲ་བ་ཞིག་ཏུ་སྤྲུལ་ནས། འགྲོ་བ་སེམས་ཅན་ཀུན་གྱི་སྣང་ངོར་མངོན་པར་བཞུགས་སོ། །དེ་ནས་ཡང་སྟོན་པ་དེ་ཡི་སྐུ་ལས་སྤྲུལ་པའི་དཔྱད་བུ་ཁྲི་ཤེས་ཞེས་བྱ་བ་དེ་གདན་ལ་(ལས་)བཞེངས་ནས། སྨན་གྱི་རྒྱལ་པོ་ཨ་རུ་རྣམ་པར་རྒྱལ་ཟུར་བརྒྱ་རྩ་བརྒྱད་པའི་སྡང་(སྡོང་)པོ་གཅིག་སྟོན་པ་ལ་ཕུལ་ནས་ཞུས་པ། ཐམས་ཅད་མཁྱེན་པའི་སྟོན་པ་(འཚོ་)འཛད་(མཛད་)ལགས། །སྐུ་ཡི་ཆ་ལུགས་མི་འདྲ་བསྒྱུར་བ་འདི། །ཐུགས་ཀྱི་དགོངས་པས་གངས་(གང་)ཟག་གང་ལ་གཟིགས་པ་ལགས། །འཚོ་མཛད་སྨན་གྱི་རྒྱལ་པོས་གསུངས་པར་ཞུ། །དེ་སྐད་ཞུས་པས་སྟོན་པས་བཀའ་བསྩལ་པ། དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར་རྣམས་ཀུན། །ལུས་ཐུད་དབང་པོ་མ་ཡེང་(གཡེང་)དབང་པོ་བརྟེན་(བརྟན་)པར་ཉོན། །འགྲོ་དྲུག་སེམས་ཅན་མ་རིགས་(རིག་)འཁྲུལ་བ་ཡིས། །དུག་ལྔ་བརྟེན་(རྟེན་)བཅས་མི་དགེ་བཅུ་ལ་བཅད(སྤྱད)། །ལུས་ངན་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་རྒྱས། །བདེ་བའི་སྐབས་མེད་སྡུག་བསྔལ་ནད་ཀྱིས་གདུང་། །སེམས་ཅན་སྡུག་བསྔལ་བསལ་བའི་ཕྱིར་དུ་བཞུགས་པ་ཡིན། །ཞེས་གསུངས་ཏེ(པས)། གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་ཡར་(ཡང་)ཞུས་པ། ཀྱེེ་འཚོ་མཛད་སྨན་གྱི་རྒྱལ་པོ་ཆེན་པོ་ལགས། །མདོ་གནས་གཉིས་པ་དཔྱད་འབུམ་ཁྲ་བོ་གསུངས་པ་འདི། །བདག་ཅག་འཁོར་རྣམས་ཀུན་ལ་གསུངས་སུ་གསོལ། །ཞེས་ཞུས་པས། དཔྱད་བུ་ལ་སོགས་རིག་པ་འཛིན་པ་ཀུན། །ཞུ་དོན་རྣམས་ལ་བསྟན་གྱིས་དབང་པོ་མ་ཡེངས་(གཡེང་)བསྟན་(བརྟན་)པར་ཉོན། །མདོ་གནས་གཉིས་པ་དཔྱད་འབུམ་ཁྲ་བོ་སྟོན། །འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་པ(ལ)། །མི་ན་གནས་དང་ན་བ་གསོ་བ་དང༌། །ཚེ་རིང་བོན་ནོར་བདེ་བ་བསྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུས་ནས(ན)། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །དང་པོ་གསོ་བར་བྱ་བའི་ཡུལ་བསྟན་པ། །གང་གི་དོན་དུ་གསོ་བ་ལུས་དང་ནི། །གང་གསོ་དེ་ལས་བྱུང་བའི་ནད་དུ་བསྟན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །སྤྱོད་ལམ་ཟས་དང་སྨན་དང་དཔྱད་རྣམས་སོ། །ནད་དེ་གཉེན་པོས་ཇི་ལྟར་གསོ་བ་ལ། །ནད་མེད་གནས་ཤིང་རིང་དུ་འཚོ་བར་བྱ། །རྣམ་གྱུར་ན་བ་གསོ་བར་བྱ་བའོ། །དེ་ལ་ངོས་བཟུང་བརྟག་པའི་ཐབས་དང་ནི། །རྟོགས་ནས་ཇི་ལྟར་གསོ་བའི་གསོ་ཚུལ་དང༌། །གང་གིས་གསོ་བའི་གསོ་ཐབས་གསུམ་དུ་བཤད། །དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོ། །རྩ་བ་བཞི་ལས་(ལ་)ཡན་ལག་བཅུ་གཅིག་སྟེ། །འདི་དག་དཔྱད་འབུམ་ཁྲ་བོའི་སྡོམ་ཚིག་ཡིན། །ཞེས་གསུངས་སོ།།

གསོ་བྱད་(བྱེད་)ཀྱི་དཔྱད་འབུམ་ཁྲ་བོ་ལས་དཔྱད་འབུམ་ཁྲ་བོའི་སྡོམ་ཚིག་བསྟན་པའི་ལེའུ་སྟེ་དང་པོའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།