ལེའུ་དང་པོ། སྐོར་འགོ་སྤྱིའི་རྣམ་བཞག |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2015 |
ལེའུ་དང་པོ། སྐོར་འགོ་སྤྱིའི་རྣམ་བཞག
༄༅། །ཙནྡྲསྱརསྨིནཱམོདཡསྱགཎིཏོཡདེཤབིཧརཏིསྨ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།།
མཚན་དོན། གཞུང་དོན། མཇུག་དོན་གསུམ་ལས་དང་པོ་ནི། འབྱུང་རྩིས་ཞེས་པ་ནི། འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱིས་འཁོར་འདས་ཀྱི་འཇུག་ལྡོག་ཐམས་ཅད་གསལ་བའི་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ། མི་ཕམ་གྱིས་འབྱུང་རྩིས་ཟླ་ཟེར་ཀྱང་ཞལ་གསལ་ལ་ནག་ནོག་མེད་ཅིང་སྤྱི་ཁོག་བཻཌཱུར་དང་འདྲ་བས་གསལ་བྱེས་གཞན་མི་དགོས་གསུངས། གཉིས་པ་ལ་གཞུང་ལ་འཇུག་པའི་ཡན་ལག་དང་གཞུང་དོན་དངོས་གཉིས། དང་པོ་ལ། མཆོད་བརྗོད་དང་། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་ནི།
བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཇི་ལྟའི་གནས་ལུགས་མངོན་གཟིགས་ནས་མཁྱེན་པ། །ཇི་སྙེད་ཐུགས་རྗེའི་གཞན་དབང་གིས་བརྩེ་བ། །འགྲོ་ལ་ཕན་བདེའི་ཕྲིན་ལས་ཅན་ནུས་པ། །གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཁྱེན་བརྩེའི་ཐུགས་ཀྱི་ཡོན་ཏན་ཆུ་སྐྱེས་ཀེ་ས་རར། །རབ་སྙན་ལེགས་བཤད་བུང་བའི་དབྱངས་གསུང་གི་ཡོན་ཏན། །བསྒྱུར་མཁས་རྒྱལ་སྲས་གཞོན་ནུའི་སྐུ་ཡི་ཡོན་ཏན་ཏེ་གང་བློ་མ་ལྟར་ཡོན་ཏན་བརྗོད་པར། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞུ་བ་པོའམ་གསོལ་བ་འདེབས་པོ་པོ་བཞི་ནི། ལྷ་མོ་རྣམ་རྒྱལ་མ་དང་། བྲམ་ཟེ་སེར་སྐྱ། ལྷ་ཚངས་པ། ཀླུ་འཇོག་པོའོ།། འཕྲུལ་མི་བཞི་ནི་ཀོང་ཙེ་འཕྲུལ་རྒྱལ། གྱི་གོང་འཕྲུལ་རྒྱལ། གྱི་ནོང་འཕྲུལ་རྒྱལ། ཝང་ཐེ་འཕྲུལ་རྒྱལ། ལྔ་བརྩིས་ན་པུ་དེ་འཕྲུལ་རྒྱལ་རེད་གསུངས། ལེན་པོ་པོ་བཞི་ནི། དྲང་སྲོང་ཀུན་ཏུ་ལེན་དང་། དྲང་སྲོང་ཡང་དག་ལེན་དང་། དྲང་སྲོང་བདེ་བར་ལེན་དང་། དྲང་སྲོང་ཉེ་བར་ལེན་བཞིའོ།། འཆང་བ་པོ་བཞི་ནི། དྲང་སྲོང་ནག་པོ་དང་། ཕུར་བུ། ལྕེ་ནག ཐོར་ལྕོག་སྟེ་དྲང་སྲོང་བཞི། ཞུ་ཆེན་རྣམ་ཐར་དུ། དྲང་སྲོང་ཕུར་བུ། ལྕེ་མུར། མུར་ཏི། ཐོར་ཅོག་ཏེ་འཆང་བ་མི་བཞི་ཡིན། གསུངས། སྐྱེས་བུ་ནི། །བཞི་ཚན་བཞི་དང་དུ་ཧ་ར་སྟེ་དར་ཆེན་ཐིག་ལེ་དང་། །ལོ་པཎ་དམར་ནག་ཁྲ་སྟེ་པཎ་ཆེན་རཱ་ཧུ་དམར་པོ། པཎ་ཆེན་ཟླ་བ་ནག་པོ། ལོ་ཙཱ་བ་ཁམ་ཁྲ་གཉིས་པ་བཅས་གསུམ་དང་། །ཁྱུང་ཕུག་ནི་ཁྱུང་ནག་ཤཱཀ་དར་རྒྱས་དང་། ཕུག་པ་མེ་ཉག་པ་རྒྱལ་མཚན་དཔལ་བཟང་བརྒྱུད་པར་བཅས་ཀུན་རྒྱལ། །བདག་བློའི་ཡོལ་གོ་སྟེ་སྣོད་ལ་དཀར་ནག་གི། །རྩིས་རིག་བདུད་རྩིས་འགེངས་མཛད་པ། །གཅེན་པོ་རྒྱལ་སྲས་བསྟན་པའི་ཉི་མ་མཆོག་དང་ཟླུམ་ཆེན་དོན་གྲུབ་དབང་རྒྱལ་རྗེ། །རྒྱ་སྟོན་ནུབ་རི་བ་དང་ཀརྨ་ཀུན་མཁྱེན་རྣམས་ལའང་དྲིན་ཕྱག་འབུལ།། གཉིས་པ་རྩོམ་པར་དམ་བཅའ་བ་ནི།
མང་ཐོས་ཉི་མ་དང་བྲལ་བའི། །འགྲོ་བློའི་མཚན་མུན་བསལ་བའི་ཆེད། །འབྱུང་བ་རྩིས་ཀྱི་མན་ངག་གནད། །ཅེས་བཏུས་ཟླ་བའི་འོད་ཟེར་སྤྲོ། །
གཉིས་པ་གཞུང་དོན་ལ་བསྐོར་མགོ་སྤྱི། སོ་སོ། དང་པོ་ནི། དེ་ལ་རྩིས་གང་ལ་ཡང་སྔོན་འགྲོ་བྱང་ཆུབ་པ་གལ་ཆེ་བས་སྤྱི་ཡི་རྣམ་གཞག་དང་། །བྱེ་བྲག་སོ་སོའི་བསྐོར་འགོ་སྟེ། །རྣམ་པ་གཉིས་ལས་དང་པོ་འདི་པའི་ལུགས་ཀྱི་སྣོད་བཅུད་གྲོལ་ཚུལ་དང་། རྩིས་ཀྱི་གཙུག་ལག་དར་ཚུལ་སྐབས་དོན་གྱི་གཏན་ལ་དབབ་བྱ་ངོས་བཟུང་བ་གཉིས་ལས། དང་པོ་ནི། །གཙུག་ལག་འབྱུང་བའི་རྒྱུད་སྡོང་པོ་དགུ་འདུས་ཤིང་གི་རྒྱུད། །སྣང་གསལ་སྒྲོན་མེ་མེ་ཡི་རྒྱུད། །རིན་ཆེན་ཀུན་འདུས་ས་ཡི་རྒྱུད། །བ་ལ་པ་ཏྲ་ལྕགས་ཀྱི་རྒྱུད། །བདུད་རྩིའི་བུམ་པ་ཆུ་ཡི་རྒྱུད། རྣམས་སུ། (སྡོང་པོ་དགུ་འདུས་ལས། །ཀྱཻ། ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །རང་བཞིན་གནས་པའི་རུས་སྦལ་དང་། །ཆགས་དང་སྲིད་པའི་རུས་སྦལ་དང་། །དེ་ལས་སྤྲུལ་པའི་རུས་སྦལ་བཤད་པ་ཡི། །རུས་སྦལ་རྣམ་པ་ལྔ་རུ་བསྟན། ཞེས་སོ།།) །གནས་ ༡ རང་བཞིན། རང་བཞིན་ཆོས་ཉིད་དོན་གྱི་དབྱིངས་དུས་གསུམ་འདུ་འབྲལ་མེད་པ་གནས་པའི་རུས་སྦལ་ཡན་ལག་མེད་ཅིང་བརྩི་བྱ་རྩི་བྱེད་ལས་འདས་པ་སོ་སོའི་རང་རིག་པའི་ཡེ་ཤེས་སོ།། ཆགས་༢ སྦལ། འཁྲུལ་སྣང་འབྱུང་བ་ཆགས་པའི་རུས་སྦལ་ནི་སེམས་ཅན་རྣམས་ཀྱི་ལས་སྣང་ལས་གྲུབ་པའི་ནམ་མཁའ་ལས་འབྱུང་བཞི་རིམ་པར་ཆགས་པའོ།། སྲིད་ ༣ སྣོད། པ་བཅུད་ཀྱི་རུས་སྦལ་སྣ་ཚོགས་གཟུགས་ཅན་དུ་བསྐྱེད་པ། མཧཱ་གསེར་སྦལ་སེར་པོ་ལས་ལོ་སྐོར་སྤར་སྨེ་སོགས་སྲིད་པའི་ཁམས་རྣམས་རིམ་པར་གྲོལ། སྣོད་བཅུད་ཕྱོགས་དུས་བླང་དོར་གྱི་གནས་རྣམས་བྱུང་བ་དང་། སྤྲུལ་ ༤ བཅུད། བཤད་ ༥ པ་ཡི། །རུས་སྦལ་སྲིད་པའི་ཆོས་ཚུལ་མཐའ་དག་མ་འདྲེས་བླང་དོར་རྩིས་ཐབས་ཀྱི་གཞུང་རྣམ་པ་ལྔ་རུ་བཤད། །དེ་ལས་སྣང་ལུགས་ཆགས་སྲིད་དེ། །མཚོན་བྱེད་བརྡ་ཡི་སྤྲུལ་པའི་རུས་སྦལ་གྱིས། །སྲིད་པའི་རུས་སྦལ་ཇི་བཞིན་མཚོན་ལས་སྟོན་པ་འཇམ་པའི་དབྱངས་ཀྱིས་འཇིག་རྟེན་སྣང་བར་བྱེད་པའི་མཆོག་སྲིད་པའི་ཆོས་ཚུལ་རྣམས་མ་འདྲེས་བླང་དོར་གསལ་བའི་གཙུག་ལག་བསྟན། །
གཉིས་པ་སྐབས་དོན་གཏན་ལ་དབབ་པ་ལ་གསུམ་ལས་དང་པོ། བརྩི་གཞི་འབྱུང་བའི་སྐོར་མགོ་དངོས་དང་། འབྱུང་དོན་གཏན་ལ་དབབ་པ། འབྱུང་རྩིས་ཀྱི་གོ་དོན་བསྟན་པ་གསུམ་ལས། དང་པོ་ནི། དེ་ཕྱིར་དགོས་དོན་སྙིང་པོ་ནི། །རྩིས་ཀུན་རུས་སྦལ་ལུས་ལས་རྩི་སྟེ། རྩ་བ་སྲིད་པའི་རུས་སྦལ་དེ། །གན་རྐྱལ་དག་ཏུ་གནས་པ་ཡི། །བྱེ་བྲག་ཀུན་རྫོབ་རྩིས་ཀྱི་གདུལ་བྱ་གཙོ་བོ་རྒྱ་ནག་ཡིན་ཞིང་སྤྱི་ཙམ་དུ་ལྷོ་གླིང་ཡིན་པས། མགོ་བོ་ལྷོར་བསྟན་མེ་ཡི་ཁམས། །གློ་གཡས་ཤར་བསྟན་ཤིང་གི་ཁམས། །གློ་གཡོན་ནུབ་བསྟན་ལྕགས་ཀྱི་ཁམས། །མཇུག་མ་བྱང་བསྟན་ཆུ་ཡི་ཁམས། །ཡན་ལག་མཚམས་བཞིན་ས་ཡི་ཁམས། །སྐབས་འདིར་ལྷོ་ནུབ་ངོས་འཛིན། སྲིད་པའི་རུས་སྦལ་འབྱུང་ཁམས་ལྔ་ཡི་བདག་ཉིད་ཅན། དེ་ལ་བརྩི་བྱ་རྩི་བྱེད་ཀྱི། །གཙུག་ལག་ཐམས་ཅད་གྲུབ་པ་ཡིན། །
བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ། །རྩི་བྱེད་མ་བུ་དགྲ་གྲོགས་ཏེ་ཤིང་མེ་ས་ལྕགས་ཆུ་ལྔ་པོ། །དེ་རྣམས་མ་བུ་དགྲ་གྲོགས་རྩི། ཀེག་རྩིས་དང་། གཤིན་རྩིས། ཚེ་རྩིས་སོགས་རྩིས་གང་བརྩི་བའི་ཇི་སྙེད་ཀྱི་སྐོར་མགོ་ཀུན། རྩི་བྱེད་མ་བུ་དགྲ་གྲོགས་ཏེ། བརྩི་བྱ་འབྱུང་ལྔ། རྩི་བྱེད་མ་བུ་དགྲ་གྲོགས་ཟེར་བའང་ཡོད། །ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མེ་མེ། །མེ་ཡི་མ་དེ་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་དེ་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་དེ་ཤིང་ཡིན་ནོ། །ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས། །ལྕགས་ཀྱི་གྲོགས་དེ་ཤིང་ཡིན་ནོ། །མ་བུ་དགྲ་གྲོགས་དེ་ནི་འབྱུང་བའི་སྐོར་འགོ་སྟེ། །སྐོར་འགོ་ཀུན་གྱི་སྔོན་འགྲོ་སྤྱི་རུ་བཞག །
གཉིས་པ་འབྱུང་དོན་གཏན་ལ་དབབ་པ་ནི། འབྱུང་བ་ལའང་ངོ་བོ་དང་། །ངེས་ཚིག་དབྱེ་བ་དེའི་མཚན་ཉིད། །བྱེད་ལས་ལྔ་ལས་དང་པོ་ནི། །བརྟགས་ན་དབེན་ཕྱིར་རང་བཞིན་གྱིས་མ་གྲུབ་སྟེ། །སྟོང་ཉིད་དེ་ཡི་ངང་ལས་རང་བཞིན་ཏེ་ངང་གིས་འབྱུང་ཕྱིར་ངེས། །འབྱུང་བའི་དབྱེ་བ་ཤིང་མེ་སོགས་ལྔ་འམ་དེ་ཡི་སྟེང་། །མཁའ་རླུང་རི་བསྣན་བདུན་བརྒྱད་སྲིད། །ཤིང་སོགས་རིམ་བཞིན་བསྐྱོད་ཅིང་གཡོ་ཚ་ཞིང་སྲེག་པ་དང་། །སྲ་ཞིང་འཐས་པ་གཅོད་ཅིང་འབིག་པ་བརླན་ཅིང་གཤེར་བ་ལྔའི་མཚན་ཉིད་འཛིན། །ལྕགས་དང་ནམ་མཁའ་མཚུངས། ཤིང་དང་རླུང་མཚུངས། རི་ནི་ས་ཡིན། འབྱུང་བའི་བྱེད་ལས་མ་འཁྲུགས་པར་ཆ་སྙོམས་ན་བདེ་སྟེར་ཞིང་། །དེ་ལྡོག་མ་སྙོམས་པར་འཁྲུགས་ན་ཆུང་ན་ན་ཆེ་ན་འཆི་བའི་སྡུག་བསྔལ་བསྐྱེད།།
གསུམ་པ་འབྱུང་རྩིས་ཀྱི་གོ་དོན་ལ། བརྩི་བྱ་དང་རྩི་བྱེད་ཀྱི་བསྐོར་མགོ་གཉིས་ལས། དང་པོ་ནི། རྒྱུ་མཚན་དེ་ཕྱིར་འབྱུང་བ་འདུས་པའི་ཕུང་པོ་ལ། །མ་རིག་རྣམ་རྟོག་༡ ལས་བསྐྱེད་འོག་ཏུ་ནད་རྩིས་སྐབས། འབྱུང་བ་འཁྲུགས་དང་རྣམ་རྟོག་ཀྱིས། །བསྐྱེད་པའི་ནད་འདྲེས་གདུང་བ་འམ། ཞེས་གསུངས་པས་སོ།། འདུ་བ་༢ཡི། །ནད་དང་ཡེ་འབྲོག་༣ གཤེད་བཞིས་༤ སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །འབྱུང་བ་འཁྲུགས་པ་དེ་རྣམས་ཕར་བསལ་བའི་ཕྱིར་ན་དེ་དག་བླང་དོར་སྟོན་པའི་རྩིས་འདི་གཅེས། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། །ཇི་སྲིད་གཉིས་འཛིན་འཁྲུལ་པའི་ཆ། །དབྱིངས་སུ་ནུབ་པ་གྱུར་གྱི་བར། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི །བསླུ་མེད་ལམ་ལ་བསླབ་པ་གཅེས། ཞེས་དང་། །བདེན་མེད་ཡིན་ནོ་སྐད་པ་ཡི། །ཕོ་རུས་གཟིངས་པའི་རྣལ་འབྱོར་ཡང་། །བཟང་ངན་རྐྱེན་དང་འཕྲད་པ་ཚེ། །སྲང་མདའ་བཞིན་དུ་དགའ་སྡུག་བྱེད། ཅེས་དང་། དེ་ཕྱིར་དྲང་དོན་རྒྱལ་བའི་བཀའ། །འབྲེལ་མེད་སྐུར་པ་མི་འདེབས་འཚལ། །ཞེས་གསུངས་སོ།།
གཉིས་པ་རྩི་བྱེད་གཙུག་ལག་རྣམ་དབྱེ་ནི། རྩི་བྱེད་གཙུག་ལག་རྣམ་གཉིས་ཏེ། །རང་བཞིན་གཞི་ཡི་གཙུག་ལག་དང་མ་རིག་འཁྲུལ་སྣང་ངོ་། །
དོན་འགྱུར་མེད་རང་བཞིན་གཞི་ཡི་གཙུག་ལག་ནི། །སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་འབྱུང་བ་ལྔར་སྣང་བ། །ཀུན་ཀྱང་ནམ་མཁའི་རང་བཞིན་ཏེ། །མཐའ་དབུས་མེད་ཅིང་འདུས་མ་བྱས། །ཡེ་ནས་ལྷུན་གྱིས་གྲུབ་པའི་གནས་ལུགས་སྟོང་པ་ཉིེད་དོ། གནས་ལུགས་སྟོང་པ་ཉིད་ཆོས་རྣམས་ཀུན་གྱི་རང་བཞིན། སྤྲོས་པའི་དྲྭ་བ་སྤངས་པ། དེ་རྟོགས་ན་རྩིས་ལས་འདས་པའི་དོན་རྟོགས་པ་དེ་རྩིས་མཁན་ཡོངས་ཀྱི་རྒྱལ་པོ་ཡིན།
མ་རིག་འཁྲུལ་བའི་སྣང་ངོར་ཤར་བའི་གཙུག་ལག་ལ། །སེམས་ཀྱི་རང་སྣང་ལ་ཆོས་ཅན་རྟེན་ཅིང་འབྲེལ་འགགས་སྣ་ཚོགས་སྣང་སྲིད་ཆོས་སུ་ཤར་པ་ཕན་གནོད་བླང་དོར་བྱེད་པ། རྩི་བའི་གཞི་དང་རྩི་བྱེད་ཐབས་གཉིས། །དང་པོ་རྩི་གཞི་ལ་འང་རྣམ་བཞི་སྟེ། །འབྱུང་བ་རང་རྒྱུད་སྣང་བ་ཡུལ། །སྤྱོད་བྱེད་ཡིད་དང་འཛིན་པ་སེམས། །འབྱུང་བ་ཕྱི་ས་སོགས་འབྱུང་བ་ནང་ ནང་གི་ཁམས་སྙིང་མེ་ཁམས། གློ་བ་ལྕགས་ཁམས། མཆིན་པ་ཤིང་ཁམས། མཆེར་པ་ས་ཁམས། མཁལ་མ་ཆུ་ཁམས། བར་གསུམ་གྱི།(ནང་གི་ཁམས་ལྔ་སྙིང་མེ་ཁམས། གློ་བ་ལྕགས་ཁམས། མཆིན་པ་ཤིང་ཁམས། མཆེར་པ་ས་ཁམས། མཁལ་མ་ཆུ་ཁམས།) །དབྱེ་བས་རང་རྒྱུད་གཏན་ལ་འབེབས། །མིག་དང་རྣ་བ་སོགས་དབང་ཡུལ་གཟུགས་སོགས་ཅིར་སྣང་ཐམས་ཅད་འབྱུང་བ་རུ། །ཤེས་པ་དེ་ནི་སྣང་བ་ཡུལ་གྱི་གབ་རྩེ། །འབྱུང་བ་དེ་དག་ཕན་ཚུན་འབྱུང་བ་ཡི། །གཅོད་འདྲལ་བསམ་པ་སྤྱོད་བྱེད་ཡིད་ཀྱི་གབ་ཚེ། །དེ་ཡི་ཉེས་པའི་སྐྱོན་དང་ལེགས་པའི་ཡོན་ཏན་དག །སོ་སོར་འཛིན་པ་སེམས་ཀྱི་གབ་རྩེར་གྲགས། །
གཉིས་པ་རྩི་ཐབས་སྙིང་པོར་བསྡུས་པ་བརྩི་ཐབས་ཐམས་ཅད་བསྡུ་ན་རྣམ་པ་དགུ་ཡོད་དེ། །ཁམས༡ ལོ་༢ སྨེ་བ་༣ སྤར་ཁ་༤ དང་། །ཟླ་༥ ཞག་༦ དུས་ཚོད་༧ གཟའ་༨ སྐར་༩ རོ། །
དང་པོ་ཁམས་ནི་བཻ་དཀར་ལས༥ ༡༢ ༩ ༨ ༡༢ ༣༠ འགའ་ཞིག་སྐྱེས་སྤར་ཁམས་བརྩི་བའི། ༡༢ ༨ ༢༨ །ལུགས་ལ་བཞེད་པ་ཡོད་ན་ཡང་། །རྣམ་པར་དག་པའི་རིང་ལུགས་མིན། ཞེས་གསུངས་ཀེག་ཤིང་དང་། །ཇི་མེ་ཀུངས་ས་གཤང་ལྕགས་ཏེ། །འུ་ཆུ་རུས་ཆེན་ལྔ་རུ་འཇིག་རྟེན་ན་གྲགས།། མི་ཕམ་གྱིས། ཀུན་ཀྱང་འབྱུང་ལྔར་འདུས་པའི་ཕྱིར། །འབྱུང་ལྔའི་མཐའ་ལ་རྣམ་པར་དཔྱད། ཅེས་གསུངས། རུས་ཆེན་དེ་དག་སོ་སོའི་ངོས་འཛིན་ཀྱང་། །རྒྱུན་དུ་སྐད་འགགས་གྲེ་བ་འདར་སྐད་འདོན་པ་ཀེག་ཤིང་། །སྒྲ་སྐད་བྱེད་སྐབས་སོ་བར་སྒྲ་འདོན་ཇི་མེ་སྟེ། །ལྟེ་བའི་ཁུང་ནས་དབུགས་སྡུད་པ་ལྟ་བུའི་རྣམ་པ་བྱེད་པ་འཇིག་རྟེན་ན་ཀུང་ས་དང་། །ཁ་གདངས་ལྕེ་འཕྱར་སྣ་ནས་དབུགས། །འོང་བ་དེ་ནི་ཤང་ལྕགས་ཁམས། །མཆུ་ཡས་མས་སྡུད་མཆུ་འཛུམ་པ་འུ་ཆུར་བཤད། །རུས་ཁམས་བརྩི་ཚུལ་སྐྱེས་སྨེ་དཀར་གསུམ་ལྕགས་ལྟ་བུ་དེས་འགྲེ། ཐམས་ཅད་ཀུང་ས་ས་ལ་བསྡུ་བའང་ཡོད། རུས་དང་ཁམས་ལོ་རྟགས་སྦྱར་བའི་མཐུན་སྡེབས་ནི། །ཤིང་ཁམས་ཀེག་ལ་དཔེར་མཚོན་ན། །རང་གི་ལོ་རྟགས་སྟག་ཡོས་བྱུང་ན་སྲོག་དབང་མཐུན་པས་དབང་ལོ་སྟེ། །བྱི་ཕག་མ་ལ་རྟ་སྦྲུལ་བུ། །ཁྱི་འབྲུག་གྲོགས་ལ་བྱ་སྤྲེལ་དགྲ། །ཤིང་དུར་ལུག་ནི་ཆད་ཆེན་ཆད་ཆུང་དེ་ཡི་བདུན་ཟུར་གླང་། །དབང་ཐང་གི་གཟའ་ནི་ཕུར་བུ་དང་དབང་སྐར་ནི། །སྨིན་དྲུག་སོགས་ཤར་སྐར་དྲུག་ཡིན་ཀུན་ལ་འགྲེ། །ཆུ་ཁམས་འུ་ལ་བྱི་ཕག་དབང་ལོ། བྱ་སྤྲེལ་མ། སྟག་ཡོས་བུ། རྟ་སྦྲུལ་གྲོགས། གླང་ལུག་དགྲ། འབྲུག་ཆད་ཆེན། ཁྱི་ནི་ཆད་ཆུང་གཞན་ལའང་འགྲེ།
གཉིས་པ་ལོ་འགྲོས་བཅུ་གཉིས་ཏེ། །འབྱུང་རྩིས་ཐོག་མར་གསུངས་པའི་ཚེ། །ས་བདག་གི་རྒྱལ་པོ་ཐེ་སེ་བྱང་སྨད་བྱི་བའི་སྟེང་། །གནས་ཕྱིར་བྱི་བ་ལོ་འགོར་བཞག །ལོ་ཡི་ཐོག་མ་བྱི་བ། ཟླ་བའི་ཐོག་མ་དཔྱིད་ར་སྟག །དུས་ཚོད་ཐོག་མ་ནམ་ལང་ཡོས་ཡིན་ནོ། དེ་ནས་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེའུ་བྱ་ཁྱི་ཕག །ཕོ་ལོ་མོ་ལོའི་དབྱེ་བ་ནི། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །རེ་རའང་དབང་ཐང་ལྔ་ལྔ་རུ། །ཕྱེ་བས་ལོ་རྒན་དྲུག་ཅུར་འགྱུར། །དེ་རྣམས་གནས་ལུགས་ཕྱོགས་བསྟན་པ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་མཚམས་ན་འབྲུག་སྡེ་ལྔ། །ལྷོ་སྟོད་སྦྲུལ་ལ་ལྷོ་སྨད་རྟ། །ལྷོ་ནུབ་མཚམས་ན་ལུག་གནས་སོ། །ནུབ་སྟོད་སྤྲེའུ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ཡི་གནས་ལུགས་ཡིན། །བྱང་སྟོད་ཕག་ལ་བྱང་སྨད་བྱི། །བྱང་ཤར་མཚམས་ན་གླང་སྡེ་ལྔ། །
བགྲང་བྱ་ཀུན་ལའང་སྲོག་ལུས་དབང་ཀླུང་བཞི། །སྲོག་ནི་གནས་ཕྱོགས་འབྱུང་བ་སྟེ། །སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །གླང་ལུག་ཁྱི་འབྲུག་བཞི་སྲོག་ས། །ལུས་ཀྱི་མ་བླ་རུ་བརྩི་བ་གྲགས་ཀྱང་རྒྱུད་ཀྱི་དོན་ སྲོག་ཤིང་གི་མ་ཆུ་ནི་བླ་རུ་གྲགས། །འཐབ་དུས་སྲོག་གི་མ་དེས་གནམ་ལོའི་སྲོག་མར་འཐབ། མ་འཕྲད་ན་རྡེལ་དཀར་གསུམ་སོགས་འགྲེའོ།། དེས་འགྲེ། སྲོག་གིས་དབང་ལ་འཐབ། དཔེར་ན་བྱ་སྤྲེལ་ལྕགས་ཡིན་ལ་ལྕགས་ཀྱི་མ་ས་དེ་བརྩི་བྱའི་བླ་ཡིན། གནམ་ལོ་ཡོས་ཡིན་ན་ཡོས་ཀྱི་སྲོག་ཤིང་ཡིན། ཤིང་མ་ཆུ་དེ་གནམ་ལོའི་བླ་ཡིན། དེས་ན་བརྩི་བྱའི་སྲོག་གི་མ་ས་ཡིས། གནམ་ལོའི་སྲོག་མ་ཆུ་ལ་འཐབ་པས་གྲོགས་འཕྲད་ལྟ་བུ་སྟག་ཡོས་བླ་ཆུ། རྟ་སྦྲུལ་བླ་ཤིང་། བྱ་སྤྲེལ་བླ་ས། བྱི་ཕག་བླ་ལྕགས། གཤེད་བཞི་བླ་མེ་བཅས་ཡིན་ནོ།།
སྲོག་དང་དབང་ཐང་འབྱུང་བ་གཅིག་པ་སྟེ། །ཆུ་བྱི་ལྟ་བུ་ཁ་ཡན་ཡིན་ཏེ་དབང་ཐང་ནི། །སྲོག་གི་མར་སོང་ལྕགས་བྱི་ཁོང་ནོང་ལོ། །དབང་ཐང་བུར་གྱུར་ཤིང་བྱི་སེ་ཤིག་དང་། །དབང་ཐང་གྲོགས་གྱུར་མེ་བྱི་ཁ་རལ་ཏེ། །དབང་ཐང་དགྲར་གྱུར་ས་བྱི་བདུན་འཁུར་རོ། །
དེ་ནས་ལུས་ངོས་འཛིན་བྱེད་ཀྱི་ལྡེ་མིག་ནི། །སྟག་ཡོས་བྱ་སྤྲེལ་ཁམ་ཆུ་ནས་བསྐོར་མགོ་བླངས་ལ་རྩི། །གླང་ལུག་རྟ་བྱི་ཟིན་་་་ཤིང་ནས་རྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་་་་་ལྕགས་ནས་རྩི། །རྩིས་མགོ་ལེན་ས་དེ་ནས་ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །བརྩི་བྱའི་དབང་ཐང་དང་ལུས་གཉིས་བབས་ས་བསྟུན། །ས་གང་དུ་ཁེལ་བ་ལུས་སོ། །དེའི་བར་བརྩི་དགོས་ཏེ་དཔེར་ན་ཤིང་བྱའི་ལུས་ཆུ། མེ་བྱའི་ལུས་མེ། ས་བྱའི་ལུས་ས། ལྕགས་བྱའི་ལུས་ཤིང་། ཆུ་བྱའི་ལུས་ལྕགས་ལྟ་བུ། གཞན་ཡང་ཤིང་མ་ཆུ་ཡིན་པས་ཆུ་བྱི། ཆུ་གླང་། ཆུ་རྟ། ཆུ་ལུག་རྣམས་ཀྱི་ལུས་ཤིང་ཡིན། ཤིང་བུ་མེ་ཡིན་པས་མེ་བྱི། མེ་གླང་། མེ་རྟ། མེ་ལུག་རྣམས་ལུས་ཆུ། ཤིང་དགྲ་ལྕགས་ཡིན་པས་ལྕགས་བྱི། ལྕགས་གླང་། ལྕགས་རྟ། ལྕགས་ལུག་རྣམས་ལུས་ས། ཤིང་གྲོགས་ས་ཡིན་པས་ས་བྱི། ས་གླང་། ས་རྟ། ས་ལུག་རྣམས་ལུས་མེ་ཡིན། དེས་གཞན་ལ་འགྲེའོ། །ལུས་ཀྱི་ལྡེ་མིག་གཞན་ཡང་། ཤིང་གི་བྱི་གླང་རྟ་ལུག་དང་། །ཆུ་ཡི་སྟག་ཡོས་བྱ་སྤྲེལ་དང་། །ལྕགས་ཀྱི་ཁྱི་ཕག་འབྲུག་སྦྲུལ་བཅས། །བཅུ་གཉིས་པོ་འདིའི་ལུས་འདི་ལྕགས། །དེ་ནས་་་་གོང་གསལ་ལོའི། །དབང་ཐང་ནས་བརྩམས་ཏེ། །མ་ལུས་ཤིང་ལ་བུ་ལུས་ཆུ། །དགྲ་ལུས་ས་ལ་གྲོགས་ལུས་མེ། དེ་ལྟར་ལོ་གྲོས་བཅུ་གཉིས་རེ་རེ་ལ་ཡང་འབྱུང་བ་ལྔ་ལྔ་ཡིས་ལོ་རྒན་དྲུག་ཅུ་ཡི། །ཤིང་གི་བྱི་གླང་ནས་ཆུ་ཡི་བྱི་ཕག་བར་གཉིས་གཉིས་ཁྱིམ་མཚེས་སོ་སོའི་ལུས་ཀྱི་ཁམས་དང་། །དབང་ཐང་གཅིག་ཕྱིར་ཁ་སྲོག་སུམ་ཅུར་གྲགས། །
དབང་ཐང་ལྡེ་མིག་བསྟན་པ་བརྩི་བྱའི་དབང་ཐང་ངོས་བཟུང་ལུགས་ནི། །བྱི་བ་དང་སྟག་ཕོ་ལོ་གནམ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །མོ་ལོ་གནམ་ལོ་ཤར་བའི་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་དང་བཅུ་ནི་བུ་ཡིན་གནམ་ལོའི་འབྱུང་བས་བསྐོར་ཏེ། །འབྱུང་ལྔའི་དབང་ཁམས་ཀྱིས་དབྱེ་བས་ལོ་རྒན་དྲུག་ཅུའི་ཕོ་མོ་གཉིས། །སྦྲགས་མ་རེ་རེ་དབང་ཐང་འབྱུང་བ་གཅིག་ཏུ་ཤར་བ། །དེ་ཕྱིར་བུ་འདེད་སུམ་ཅུར་འགྱུར་དེ་དག་གནམ་ལོ་དང་ཟླ་ཞག་དུས་ལའང་འཁོར་བ་ཡིན། །
དེ་ནས་ཀླུང་རྟའི་ལྡེ་མིག་བརྩི་བྱའི་ཀླུང་རྟ་ངོས་བཟུང་ལུགས་ནི། །སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ཀླུང་ཁམས་ལྕགས། །མཐུན་གསུམ་ཀླུང་རྟའི་སྲོག་སྨེ་སྦྱར་སྐབས་ལྕགས་སྤྲེལ་གྱི་སྲོག་སྨེ་ལ་སྦྱར་དགོས་པ་ལྟ་བུའོ།། བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །དེ་དག་མཐུན་གསུམ་སྡེབས་པ་སྟེ། །མི་ཕམ་གྱིས། མཐུན་གསུམ་ཀླུང་རྟའི་སྐྱེས་སྨེར་སྦྱོར། །གསུངས། ལྕགས་ཤིང་ཆུ་མེའི་ཀླུང་རྟ་བཞི་ལས་འབྱུང་བ་ས་ཡི་ཀླུང་རྟ་མེད། །རྩིས་གཞུང་གཞན་དུ་གཤེད་བཞི་ས་ཡིས་གསབ་པའང་ཡོད་ཅེས་གསུངས། སྤོར་ཐང་བརྡ་མཚོན་རི་མོ་རུ། །སྲོག་ནི་མགོ་ལ་ལུས་ནི་ཐོད། །དབང་ཐང་གོས་ལ་ཀླུང་རྟ་རྐེད། །ཁམས་ཉིད་གདན་དུ་བཏིང་བར་འདོད། །ཅེས་འབྱུང་། ཡང་། སྲོག་མགོ ལུས་གོས། དབང་ཐང་རྐེད་རགས། ཀླུང་རྟ་གདན། ཟེར། དེ་ལྟར་བཤད་མ་ཐག་པའི་སྲོག་ལུས་དབང་ཀླུང་བཞིའི་སྟེང་། །རང་ཀླུང་ལུས་ཀྱི་བུར་བྱེད་པ་ཡོད་ཀྱང་སྐྱེས་པའི་སྨེ་བ་ལ་འཛིན་པ་རྒྱུད་ཀྱི་དོན་དང་འབྱོར་བས་དེ་དང་། །མ་ཀླུང་རང་སྐྱེས་པའི་སྤར་ཁ་བསྣན་ནས། །དྲུག་དྲུག་དག་ཏུ་རྩི་བའང་ཡོད། །
ལོ་ལའང་དཀྱུས་ལྡོག་དང་ལོག་མེན་རྣམ་པ་གཉིས། །ལོ་རྒན་དྲུག་ཅུའི་དཀྱུས་མ་ཐད་གྲངས་ཤིང་བྱི་ཤིང་གླང་དང་། །མེ་སྟག་ལ་སོགས་བུ་འདེད་ཀྱིས། །རིམ་བཞིན་ཆུ་ཕག་བར་དུ་སྦྱར། །
ལྡོག་པ་ལོ་ཡི་བསྐོར་འགོ་ལོག་མེན་ནི། །སྐྱེས་པ་རང་ཁམས་ཀྱི་བུ་ལྔ་སྟག་ནས་མར་ཐུར་དུ་སྦུབ། །བུད་མེད་རང་ཁམས་ཀྱི་མ་ལྔ་སྤྲེ་འུ་ནས། །གྱེན་དུ་བཀན་ལ་བརྩི་བྱའི་ལོ་གྲངས་བགྲང་། །དཔེར་ན་བརྩི་བྱ་ཤིང་ཕོ་བྱི་བ་ལ། །བརྩི་བྱ་ཕོ་ནི་ཤིང་བུ་མེ་སྟག་ནས་བརྩི་བྱ་མོ་ཤིང་མ་ཆུ་སྤྲེལ་ནས། །བསྐོར་མགོ་བྱས་ནས་གྱེན་ཐུར་བརྩི་བྱའི་ལོ་གྲངས་རྩི། །གང་བབས་དམིགས་བཟུང་ལོག་མེད་སོ་སོའི་བཟང་ངན་འགྲེལ་པ་བལྟ། །ཕོ་ཁྱི་གནམ་སྒོ་ཕག་ས་སྒོ། །མོ་གནམ་སྒོ་འབྲུག་ལ་ས་སྒོ་སྦྲུལ། །ས་སྒོ་གནམ་སྒོ་འདི་གཉིས་ལ་ཕོ་མོར་ཕྱེ་བ་ནི། གཉན་པའི་དབང་དུ་སྟེ། སྤྱི་ཙམ་དུ། ཁྱི་འབྲུག་གནམ་སྒོ ཕག་སྦྲུལ་ས་སྒོ་སྟེ། གཞན་དུ་ཕོ་ལོག་མེན་འབྲུག་ལ་བབས་པ་ལྟ་བུ་འབྲས་བུ་མེད་པར་གྱུར་རོ། །དགེ་རྩེས། སྐྱེས་པ་གནམ་ལོའི་བུ་ཐོག་ནས། །སྟག་ནས་དུ་ལོན་ཐུར་དུ་སྦུབ། །བུད་མེད་མ་ཡི་སྤྲེལ་ནས་བཀན། །དུ་ལོན་ཕོ་མོ་གཉིས་སྦྲགས་ལ། །བུད་མེད་གཅིག་ཏུ་མ་ལོང་བ། །གང་བབས་དེ་ཡི་སོགས་གསུངས། གླང་ལུག་གཉིས་ནི་ཕུང་གྱོད་ལྔ། །བྱ་སྤྲེལ་གཉིས་ནི་བྱེ་བྲལ་ལྔ། །བྱི་རྟ་གཉིས་ཀྱི་སྟེང་དུ་བབས་པ་ནི་རུས་ཆོད་ལྔ། །སྟག་ཡོས་གཉིས་ཀྱི་སྟེང་དུ་བབས་པ་ནི་འབྱོར་བ་ལྔ། །ལོག་མེན་དེའི་སྟེང་ནས་ཡར་ལྔ་བགྲངས་པ་ལ་ཁེལ་དུས་འཇུ་ཐག་སྟེ་དེའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ། །མར་ལྔ་ས་ཡི་རྟེན་ཕུར་ཡིན་ལུས་ལ་ལུས། །ཡར་བརྒྱད་བགྲངས་པ་གནམ་བརྒྱངས་ལ་དེའི་དབང་ལ་དབང་། །མར་བརྒྱད་བགྲངས་པ་ས་བརྒྱངས་དེའི་ཀླུང་ལ་ཀླུང་འཐབ། འདི་རྣམས་ལོག་མེན་གྱི་ཡན་ལག་ཡིན། །བདུད་གཅོད་བླ་འཁྱམས་འདི་ཚངས་པ་སྤྱི་རྒྱུད་ལས་འབྱུང་གསུངས། རང་གི་ལོག་མེན་གང་ཁེལ་གྱི་སྲོག་དབང་གཉིས་ཀ། །རང་ལོའི་སྲོག་དབང་གཉིས་ཀ་ཡི། །དགྲ་རུ་གྱུར་ཚེ་ཕོ་ལོ་ཕོ་ལོ་འཕྲད་པ་དང་། །མོ་ལོ་མོ་ལོ་དང་འཕྲད་པ་སོ་སོ་ཕན་ཚུན་དུ། །ནང་འཕྲད་པ་རང་བདུད་ཆད་ཅིང་གཞན་ཕོ་མོ་འཕྲད་ན་བླ་འཁྱམས། །དཔེར་ན་ལོག་མེད་ཤིང་སྟག་ལ་བབས་ན། །བརྩི་བྱ་ས་ཁྱི་ས་འབྲུག་ཡིན་ན་བདུད་གཅོད་དང་། །ཡིན་ཏེ་ཕོ་མོ་ནང་འཕྲད་དེ་རང་ཡིན་པའི་ཕྱིར་རོ། །མོ་ལོ་ས་ཡི་གླང་ལུག་བླ་འཁྱམ་མོ། །ཤིང་སྟག་སྲོག་ཤིང་། དབང་ཤིང་། ས་ཁྱི་སྲོག་ས། དབང་ས། འདིར་ཤིང་སྟག་ལོག་མེན་དང་། བརྩི་བྱ་སའི་ཁྱི་འབྲུག་སོགས་བཞག་མོད་གཞན་རྣམས་སྲོག་དབང་གཅིག་དགོས་སམ་མི་དགོས། །དེ་བཞིན་ལོག་མེན་ཤིང་ཡོས་ཚེ། །བརྩི་བྱ་ས་གླང་ས་ལུག་བདུད་ཆད་ཅིང་། །ས་ཡི་ཁྱི་འབྲུག་བླ་འཁྱམ་འགྱུར། །དཔེར་བརྗོད་དེ་ཡིས་ལོག་མེན་དང་བརྩི་བྱ་ཀུན་ལ་འགྲེ་བར་བྱ། །ཤིང་གིས་་ཁམས་ལོག་མེན་གྱིས་ཕ་ཁུ་མེས་གསུམ་བརྩི། །ལོག་མེན་ཤིང་ཁྱི་ལ་བབས་ན་ཕ་ཁུ་མེས་གསུམ་གྱི་ས་ན་གནམ་སྒོ་བྱེ་བ་ལྟ་བུའོ།། གསུངས། མེ་ཡི་བུ་ཚ་མ་མད་བརྩི། །ས་ཡིས་ས་ཞིང་ཡུལ་མཁར་བརྩི། །ལྕགས་ཀྱིས་ཞང་ཉེ་ནོར་དང་གྲོགས། །ལྷ་དང་སྲུང་མ་བརྩི་བར་བྱ། །ཆུ་ཡི་གཉེན་ལམ་མཐའ་བཞི་ནི་གཅེན་པོ་གཅུང་པོ་གཉིས། གཅེན་མོ་གཅུང་མོ་གཉིས་ཏེ་བཞི་བརྩི། །དེ་ལས་གཞན་ཡང་སྐབས་འདིར་བཤད་པར་བྱ། །རང་ལོ་གནམ་ལོ་དང་ལོག་མེན་ཤར་དུས་གཅིག་པ་རང་ཀེག་དེའི་གཡས་གཡོན་གཉིས་པ་ནད་དགྲ། །གསུམ་པ་བྱེ་བྲལ་བཞི་བཞི་གཤེད། །ལྔ་པ་ལྔ་མཐུན་དྲུག་དྲུག་འགྲས། །བདུན་པ་བདུན་ཟུར་ཤེས་པར་བྱ། །རང་ལོ་ནས་གྱེན་དུ་བཞི་བགྲངས་པ་ཡར་གྱི་བཞི་གཤེད་གནམ་ལོ་ཤར་དུས་ན་རེས་དང་། །རང་ལོ་ནས་མར་གྱི་བཞི་གཤེད་ལ་སླེབས་དུས་འཆི་རེས་ཏེ། །ཡར་བཞི་འཆི་རེས་དེ་ལ་ལོ་སྐར་ཆེ་བའང་ཟེར། །སྐར་ཆེན་དེ་ཡི་བདུན་ཟུར་སྐར་ཆུང་ཡིན། །དཔེར་ན་བརྩི་བྱ་བྱི་བ་ལོ་པ་ཡི། །གནམ་ལོ་མར་གྱི་བཞི་པ་ཡོས་ཤར་གཤེད་བབས་སྐར་ཆེན་ཏེ། །དེའི་བདུན་ཟུར་བྱ་གནམ་ལོར་ཤར་བ་སྐར་ཆུང་སྟེ་སྐབས་གཞན་དུ་ན། །ཕྱི་ཡི་རོ་འདོད་ཆེ་ཆུང་ཟེར། །དཔེར་བརྗོད་དེ་ཡིས་ལོ་ཀུན་ལ་རིགས་འགྲེ་སྦྱར་བར་བྱ། །དེ་བཞིན་གླང་གི་འབྲུག་དང་ཁྱི། སྟག་གི་སྦྲུལ་དང་ཕག ཡོས་ཀྱི་རྟ་དང་བྱི། འབྲུག་གི་ལུག་དང་གླང་། སྦྲུལ་གྱི་སྤྲེལ་དང་སྟག །རྟེའི་བྱ་དང་ཡོས། ལུག་གི་ཁྱི་དང་འབྲུག སྤྲེལ་གྱི་ཕག་དང་སྦྲུལ། བྱ་ཡི་བྱི་དང་རྟ། ཁྱི་ཡི་གླང་དང་ལུག ཕག་གི་སྟག་དང་སྤྲེལ་བཅས་གོ་རིམ་བཞིན་སྐར་ཆེན་སྐར་ཆུང་ངོ།། མེ་དང་ཆུ་ཡི་སྟག་སྦྲུལ་༤ དང་། །ཤིང་ལྕགས་མེ་སྤྲེལ་༣ མེ་ལྕགས་བྱ༢ ། །ལྕགས་ཆུ་ཤིང་ཕག་༣ མེའི་བྱི་བ༡ ། །དེ་རྣམས་ནག་འཐུས་ལོ་༡༢ རུ་གྲགས། །མེ་སྟག་ནས་མེ་བྱའི་བར་མེ་བརྒྱད་མེ་ཡི་སྟག་ཡོས་རུས་གཅོད། མེ་ཡི་འབྲུག་སྦྲུལ་མདུན་བསྡེབས། མེ་ཡི་རྟ་ལུག་གྲུ་ཁྱེར། མེ་སྤྲེལ་བྱ་བྱེ་བྲལ་དང་། །ལྕགས་ཁྱི་ནས་ལྕགས་གླང་བར་ལྕགས་བཞིའི་ལྕགས་ཀྱི་ཁྱི་ཕག་རྔ་ཟོར། ལྕགས་ཀྱི་བྱི་གླང་རོ་ཁུར་ལོ། །ལྕགས་ཀྱི་བྱ་ཁྱི་ས་གླང་འབྲུག །མེ་སྤྲེལ་ཆུ་སྦྲུལ་སྐར་ཆུང་དྲུག ཚེ་མ་ལོ་དྲུག་ཀྱང་ཟེར། ཤེལ་བྱ་གཤོག་སྡེབ་ལྕགས་བྱ། བདུད་ཁྱི་གནམ་ཟུགས་ལྕགས་ཁྱི། ཟངས་རྔ་གཡབ་པ་ས་གླང་། མི་སེར་གླུ་ལེན་ས་འབྲུག །མི་དམར་གར་བྱེད་མེ་སྤྲེལ། མཐིང་སྦྲུལ་ལྕེ་ལྡེབ་ཆུ་སྦྲུལ་དེ་རྣམས་དཀར་པོ་ལོ་དྲུག་གོ། །མེ་ཆུའི་སྟག་དང་ལྕགས་ཆུ་སྦྲུལ། །ཆུ་ཤིང་སྤྲེ་འུ་ཤིང་ཕག་རྣམས། །གདུག་པ་ཅན་གྱི་ལོ་བདུན་ཞེས་རྩུབ་པ་ཡིན་ནོ། །མེ་བུས་ཤུལ་མེད་མེ་སྦྲུལ་བྱ་ལམ་རྗེས་མེད་ཆུ་ཡི་བྱ་ཆུ་བཅུས་རྗེས་མེད་ཆུ་ཕག་དང་། །རྨང་ལོ་སྒབ་ཆད་ཤིང་བྱ་སྲིད་པའི་རྔ་ཟོར་ལྕགས་ཀྱི་ཕག་ཁ་ཉེས་གཟོང་བརྡར་ལྕགས་ལུག་སྟེ། །གནམ་སའི་རུ་འཛིན་ས་བྱ་བདུན་ནི་ལྟས་ངན་ལོ། །ས་འབྲུག་ལྕགས་ལུག་ས་སྤྲེལ་དང་། །ལྕགས་བྱ་ལྕགས་ཁྱི་མེ་མོ་ཕག །མེ་གླང་ཐན་པ་ལོ་བདུན་ནོ། །མེ་རྟ་གནམ་དང་ཆུ་བྱིའི་ས་ཏེ་ལོ་གཉིས་ལ། །གནམ་སའི་བྱ་ར་ཞེས་སུ་གྲགས། །ལྕགས་བྱི་ནས་བཟུང་ལྕགས་ཕག་བར། །ཐན་སྐྱེས་ལོ་ནི་བཅུ་གཉིས་སོ། །ལྕགས་གླང་ཤིང་ལུག་མེ་ཁྱི་དང་། །ཆུ་འབྲུག་དུར་མི་ནག་པོ་བཞི། །ཆུ་ཡི་སྟག་སྦྲུལ་ལྕགས་སྤྲེལ་གསུམ། །ལྡིང་ནག་བུ་གསུམ་བྱ་བ་ཡིན། །སྐྱེས་པའི་སྨེ་བ་གཉིས་ནག་ལ་སྐྱེས་པའི། །སྟག་སྤྲེལ་ཕག་སྦྲུལ་ལོ་བཞི་ལ། །ལོ་ནག་མཆེ་བ་ཅན་དུ་གྲགས། །ཆུ་ཡི་ཁམས་ཅན་གྱི་བྱི་རྟ་བྱ་ཡོས་བཞི། །ས་ཡི་ཕག་འབྲུག་བྱ་དང་ཡོས། །མེ་འབྲུག་མེ་བྱ་ཆུ་གླང་རྣམས། །སྲིན་ཁྱེར་ལོ་ནི་བཅུ་གཅིག་ཡིན། །མེ་རྟ་ཆུ་བྱ་ཤིང་ཡོས་དང་། །ལྕགས་བྱ་ཐེར་འདྲེ་མི་བཞི་ཡིན། །སྨེ་ཕྲེང་དང་པོའི་ཤིང་གླང་དང་། །སྨེ་ཕྲེང་བར་པའི་ས་སྦྲུལ་ཤིང་ཕོ་ཁྱི། །སྨེ་ཕྲེང་འོག་མའི་ཆུ་ལུག་སའི་བྱི་ཕག །ཤིང་ལུག་ལྕགས་བྱི་རྣམ་པ་བརྒྱད། །སྲོག་ལུས་དབང་ཀླུང་སྨེ་བ་འབྱུང་བ་ལྔ་ལྡན་ལོ་ཡིན་ནོ། །ཁྱོ་གཉེར་ཁྱོ་ལ་མཆེ་བ་གཉེར། ཞེས་ཤིན་ཏུ་རྩུབ་པས་བག་མ་སོགས་ལ་ངན་པར་བཤད། སྨེ་ཕྲེང་དང་པོའི་མེ་ཡོས་དང་། །ཆུ་བྱ་ས་ལུག་ལྕགས་སྤྲེལ་བཞི། །བར་པའི་ཆུ་སྦྲུལ་འོག་མ་ཡི། །མེ་ཡོས་ལྕགས་སྟག་ལྕགས་ཁྱི་གཉིས། །ཆུ་ཡི་བྱི་ཕག་བཅུ་པོ་ནི། །འབྱུང་བ་གཉིས་ལྡན་ལོ་ཡིན་ནོ།། བུ་བརྒྱ་ཡོད་ཀྱང་མཐར་རབས་ཆད། །ཅེས་པས་ངན་ནོ།། ལོ་ཆེན་རང་གི་དཔེ་རིས་ལ་སྨེ་ཕྲེང་དང་པོར་ས་ལུག་མེད་པ་དང་། སྨེ་ཕྲེང་གཉིས་པ་ལ་ཤིང་སྤྲེལ་བྲིས་འདུག །སྨེ་ཕྲེང་གསུམ་པ་མེ་ཡོས་མི་འདུག་པས་དཔྱད། ལྕགས་སྤྲེལ་ལྕགས་ཕག་མེ་འབྲུག་སྦྲུལ། །ས་ལུག་ལྕགས་ཁྱི་ཤིང་སྦྲུལ་དང་། །མེ་བྱ་ཡུགས་ས་ལོ་བརྒྱད་དོ། །ཤིང་སྟག་ལྕགས་སྤྲེལ་མེ་ཕོ་སྟག །ཆུ་ཡི་སྟག་སྦྲུལ་ཕག་སྤྲེལ་བཞི། །ས་ཁྱི་དྭ་ཕྲུག་ལོ་བརྒྱད་ཡིན། །ངན་པ་གོང་བསྡེབས་བག་མར་ངན། །ཞེས་གསུངས། གླང་ལུག་ཁྱི་འབྲུག་ཐ་ཆུང་ལོ་བཞིར་རྭ་རུ་དང་། །སྟག་སྤྲེལ་ཕག་སྦྲུལ་ར་བ་བཞི་ནི་བསེ་རུ་སྟེ། །བྱི་རྟ་བྱ་ཡོས་འབྲིང་པོ་བཞི་ལ་འཆོལ་བུར་གྲགས། །
གསུམ་པ་སྨེ་བ་དགུ་ཡིན་ཏེ། །གཅིག་དཀར་གཉིས་ནག་གསུམ་མཐིང་དང་། །བཞི་ལྗང་ལྔ་སེར་དྲུག་དཀར་དང་། །བདུན་དམར་བརྒྱད་དཀར་དགུ་དམར་ཏེ། །ལྷ་༡བདུད་༢བསེན་མོ་༣ཀླུ་༤ས་བདག༥ ། །རྒྱལ་༦བཙན་༧ལྷ་༨དང་མ་མོ་༩ཡི།། ཨུཏྤལ་སྔོན་པོ་ལས། གཅིག་དཀར་ལྷ་སྨན་དང་། བརྒྱད་དཀར་ཡུལ་ལྷའི་མེ་ལོང་ཞེས་བཀོད་འདུག མེ་ལོང་ཞེས་པ་རིམ་བཞིན་སྦྱར། །དཀར་༡-༦-༨ གསུམ་ལྕགས་ལ་ནག་༢-༣མཐིང་གཉིས་ནག་ཀུན་གྱི་ནག་པོ་ཆེ། གསུམ་མཐིང་ལ་ནག་ཆུང་ཞེས་བྱ།ཆུ། །བཞི་༤ལྗང་ཤིང་ལ་ལྔ་སེར་༥ ས། །དགུ་དམར་༩བདུན་དམར་༧མེ་ཡིན་ནོ། །བརྒྱད་དཀར་གཉིས་ནག་ལྔ་སེར་གསུམ། །སྟག་སྤྲེལ་ཕག་སྦྲུལ་བཞི་ལ་ལོ་ཉི་ཤུ་དབང་། །བདུན་དམར་བཞི་ལྗང་གཅིག་དཀར་གསུམ། །བྱི་རྟ་བྱ་ཡོས་བཞི་ལ་ལོ་ཉི་ཤུ་དབང་། །དགུ་དམར་དྲུག་དཀར་གསུམ་མཐིང་གསུམ། །གླང་ལུག་ཁྱི་འབྲུག་བཞི་ལ་ལོ་ཉི་ཤུ་དབང་། །དེ་ཡང་ལོ་རྒན་དྲུག་ཅུ་ལ། །སྲོག་ལུས་དབང་ཐང་དབྱེ་བ་ཡིས། །སྨེ་བ་དྲུག་ཅུ་ཚན་གསུམ་སྟེ། །ཁྱོན་བསྡོམས་སྨེ་བ་བརྒྱ་དང་བརྒྱད་ཅུ་ཐམ་པ་འབྱུང་། །དེ་ཕྱིར་བརྒྱད་ཅུ་སྐོར་ཞེས་གྲགས། །སྨེ་ཕྲེང་གོང་མའི་ཤིང་ཕོ་བྱི་བའི་ལུས་སྨེ་གཅིག་དཀར་ནས། །མགོ་བཟུང་ཕྱི་འགྲོས་བགྲངས་པས་དྲུག་ཅུ་གྲངས་ལྡོག་སྨེ་བ་ལྔ་རུ་ཟད། །དེ་ནས་སྨེ་ཕྲེང་བར་པའི་ཤིང་བྱིའི་དབང་སྨེ་བཞི་ལ་བགྲོངས། །ཐ་མ་བརྒྱད་དཀར་ལ་ཟད་སྨེ་ཕྲེང་འོག་མའི་ཤིང་བྱིའི་སྲོག་སྨེ་བདུན་དམར་ལ་འཁོར། །དེ་ཡི་ཐ་མ་ཆུ་ཕག་གི་གཉིས་སུ་སྟེ་གཉིས་ནག་ཏུ་ཟད། །དེ་ནས་སྨེ་ཕྲེང་གསུམ་རྫོགས། སླར་ཡང་སྨེ་ཕྲེང་གོང་མ་ཡི། །ཕོ་བྲང་དང་པོའི་གཅིག་ལ་འཁོར། །དེ་ལྟར་སྐལ་པའི་བར་དུ་ཡང་། །ཆད་ལྷག་མེད་པར་འཁོར་བ་ཡིན། །དེ་ཡང་ཡར་བཞི་སྲོག་སྨེ་སྟེ། །རུས་སྦལ་གན་རྐྱལ་དུ་གནས་པའི་ཕྲག་པ་གཡོན་ལ་གནས། མར་བཞི་དབང་སྨེ་རུས་སྦལ་གྱི་རྐང་པ་གཡས་ལ་གནས། གང་སྐྱེས་ལུས། །མཐུན་གསུམ་ཀླུང་རྟའི་སྲོག་སྨེར་སྦྱར། །འདི་ལ། མཐུན་གསུམ་ཀླུང་། སྲོག་སྨེ་དང་ལུས་སྨེ་སྦྱར་བའི་ལུགས་གཉིས་ཡོད། དཔེར་ན་ད་ལྟའི་ཤིང་བྱི་ཡི། །ལུས་སྨེ་གཅིག་དཀར་ལ་བབས་དུས། །མར་བཞི་གཡས་སྐོར་བུ་འདེད་བྱ། །ཡར་བཞི་གཡོན་སྐོར་མ་འདེད་བྱ། །དེ་ཡིས་གཞན་ལ་འགྲེ་བར་བྱ། །ཡར་བཞི་བདུན་དམར་སྲོག་སྨེ་དང་། །མར་བཞི་བཞི་ལྗང་དབང་སྨེ་སྟེ། །ཀླུང་སྨེ་ཤིང་སྟག་གི་སྲོག་སྨེར་ལྔ་སེར་སྦྱར། །ཀླུང་སྨེ་ནི་དཔེར་ན། སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །ཞེས་པས་དེ་དག་གི་ཀླུང་སྨེ་ནི་ལྕགས་སྤྲེལ་གྱི་སྲོག་སྨེ་ཡིན། མི་ཕམ་གྱིས་སྐྱེས་སྨེར་སྦྱོར་གསུངས། དེ་དག་གླིང་དགུ་ལས་འཚོལ་ན། །སྐྱེས་པའི་སྨེ་བ་དབུས་བཞག་པས། །སྲོག་ནི་ལྷོ་ནུབ་མཚམས་ན་གནས། །དབང་ཐང་བྱང་ཤར་ལུས་ནི་དབུས། །རུས་སྦལ་གྱི་ལྟོ་བར་གནས་བསྐོར་སྨེ་ཁྲ་བོ་གླིང་དགུ་སྟེ། །ལྔ་སེར་རུས་སྦལ་ལྟོ་ལ་གབ། །ལི་ལ་དགུ་དམར་ཁོན་གཉིས་ནག །དྭ་ལ་བདུན་དམར་ཁེན་ལ་དྲུག །ཁམ་ལ་གཅིག་དང་གིན་བརྒྱད་དཀར། །ཟིན་མཐིང་ཟོན་ལ་བཞི་ལྗང་སྟེ། །གོ་རིམ་ཇི་བཞིན་བྱ་འཕུར་ནི། །དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་ནས་དབུས། །བབས་སྨེ་འཚོལ་ན་གང་ཟག་ཕོ་མོ་ཁྱད་མེད་སྐྱེས་སྨེ་དབུས་བྱས་བྱ་འཕུར་ལྟར། །བརྒྱད་བརྒྱད་ཀྱིས་བསྐོར་དགུ་ཚན་དགུ། །གཅིག་བཅུ་བཅུ་དགུ་ཉེར་བརྒྱད་དང་། །སོ་བདུན་ཞེ་དྲུག་ང་ལྔ་སྟེ། །རེ་བཞི་དོན་གསུམ་གྱ་གཉིས་དང་། །གོ་གཅིག་རྣམས་ལ་དབུས་སུ་འཚོག །བསྐོར་ལུགས་དབུས་ནས་ཤར་དུ་ཐོན། །ཕོ་ལོ་དྲུག་པོ་སྨེ་བའི་སྐབས་ཕོ་ལོ་ཞེས་པ་ལོ་རྟགས་ཕོ་མོ་ཡིན། གཡོན་བསྐོར་དང་། །མོ་དྲུག་གཡས་བསྐོར་བརྩི་བྱའི་ལོ་དུ་ལོན་བགྲང་། །རང་རང་རྒྱབ་ནས་ཏེ་གཡས་སྐོར་སྐབས་བྱང་ཤར། གཡོན་སྐོར་སྐབས་ཤར་ལྷོ་ནས་དབུས་སུ་འཇུག །དེ་ཡང་མྱུར་དུ་བརྩི་བའི་ཕྱིར་གཅིག་དང་བཅུ་གཅིག་ཉེར་གཅིག་དང་། །སོ་གཅིག་སོགས་སུ་བགྲང་བཞིན་མཆོངས། ཞེས་གསུངས། སླར་ཡང་དབུས་ནས་བྱ་འཕུར་གྱིས། །གང་བབས་སྨེ་བ་ངོས་བཟུང་བྱ་བབས་སྨེ་ཡིན། །བརྩི་བྱའི་སྐྱེས་སྨེ་བདེ་བླག་འཚོལ་འདོད་ན། །གནམ་ལོའི་སྨེ་བ་དབུས་བཞག་ནས། །བྱ་འཕུར་ཁོ་ནས་སྨེ་བ་རེར། །ལོ་གྲངས་བཅུ་དང་ཉི་ཤུ་སོགས་བཅུ་ཚན་རེ་རེ་བགྲང་བྱ་ཞིང་། །བཅུ་ཁ་མ་ལོངས་ཉེར་གཅིག་ལྟ་བུ། རེ་རེ་རྩི། །དཔེར་ན་མེ་ལུག་ལོ་པ་ལོ་ཉེར་གཅིག་ཡིན་ན་སྐྱེས་སྨེ་དྲུག་དཀར་ཡིན་པ་ལྟ་བུའོ། །མེ་ཡོས་གནམ་ལོའི་སྨེ་བ་བཞི་ལྗང་རེད། ཡང་ན་དབུས་འཚོག་ལོ་ལོངས་དང་། །ད་ལྟའི་གནམ་མོའི་སྨེ་བ་སྤྲད། །དེ་ནས་དབུས་འཚོག་མ་ལོངས་པའི། །ལོ་གྲངས་གནམ་ལོའི་སྨེ་བ་ནས། །བཟུང་སྟེ་ལུགས་འབྱུང་བགྲངས་པའི་གྲངས། །གང་བབས་སྐྱེས་སྨེར་ཐེ་ཚོམ་མེད། །གཞན་ཡང་ར་བསེ་ལ་སོགས་བཤད། །མེ་ལྕགས་ཆུ་གསུམ་རྭ་རུ་དང་། །ས་ཤིང་གཉིས་པོ་བསེ་རུ་སྟེ། །ནག་མཐིང་དམར་གཉིས་སྟེང་བབས་ན། །བར་གྱི་རོ་འདོད་ཞེས་སུ་བཤད། །གཅིག་དཀར་ལ་སོགས་རིམ་པ་བཞིན། །གཅིག་དཀར་བུ་ཆུང་གཉིས་ནག་ཡིན། ཞེས་པས། གཅིག་དཀར་བྱིས་པ་ལ་གཉན་པས་བྱིས་པའི་གཉིས་ནག་ལྟ་བུའོ།། བྱིས་པ་༡སྐྱེས་དར་༢ཤར་པོ་༣དང་། །ཡུགས་ས་༤བན་བོན་༥བུད་མེད་༦དང་། །ཞང་བློན་༨དང་ནི་རྩད་པོ་༩ལ། །གཉན་པས་གཉིས་ནག་ཅེས་སུ་བཏགས། །གནམ་སྒོ་ཕོའི་བབས་སྨེ་དྲུག་དཀར་དང་མོའི་བབས་སྨེ་གཅིག་དཀར། །ས་སྒོ་ཕོའི་གཉིས་མོའི་བཞི་ལྗང་། །སྨེ་བ་ཚེས་ལ་འཆར་བའི་ཚུལ། ར་བ་སྟག་སྤྲེལ་ཕག་སྦྲུལ་བཞི་པོ་གཅིག་དཀར་ཚེས། །འབྲིང་པོ་བྱི་རྟ་ཡོས་བཞི་ལ་བཞི་ལྗང་ཚེས། །ཐ་ཆུང་གླང་ལུག་ཁྱི་འབྲུག་བཞི་ལ་བདུན་དམར་ཚེས། །རིམ་པར་དེད་པས་ཚེས་ལ་འཁོར། །དུས་ཚོད་སྨེ་བ་བརྩི་བ་ནི་ཉིན་མཚན་དུས་གཉིས་ཐོག་མ་ནམ་ལངས་དང་ཉི་ནུབ་ལ། །ཚེས་དེའི་སྨེ་སྦྱར་ནས་རིམ་པར་དེད་པ་ཡིས། །ཉིན་དགུ་མཚན་དགུ་དུས་ལ་འཆར། །ཆུ་ཚོད་གཅིག་དང་སྐར་ཉི་ཤུ་རེ་སྨེ་བ་རེའི་དུས་ཡུན་ཡིན། རྩིས་ཀྱི་ཆུ་ཚོད་གསུམ་དང་སྐར་ཉི་ཤུ་རེ་ཡོད།
བཞི་པ་སྤར་ཁ་བརྒྱད་ཡིན་ཏེ། །དྭ་ཁེན་ཁམས་གིན་བཞི་ལྷོ་བཞི་ལ་ཕོ་དང་ལི་ཁོན་ཟིན་ཟོན་བཞི་ལ་མོའོ།། ལྷོ་ནས་གཡས་བསྐོར་རིམ་པ་བཞིན། །ལི་མེ་ཁོན་ས་དྭ་ལྕགས་དང་། ཁེན་གནམ་ཁམ་ཆུ་གིན་རི་དང་། །ཟིན་ཤིང་ཟོན་རླུང་སྤར་ཁ་བརྒྱད། །མཁའ་རི་རླུང་ཡང་སར་བྱས་པས། །མདོ་དོན་འབྱུང་བ་ལྔ་རུ་འགྱུར། །གོང་དུ་མཁའ་ལྕགས་སུ་བསྡུས་ཤིང་འདིར་ནམ་མཁའ་སའི་གནས་ཡུལ་གྱི་དབང་གིས་ཡིན་པས་སྐྱོན་མེད་དོ། །ལི་ནི་ཁོང་སྟོང་ཁཽན་གཞུང་རལ། །དྭ་ནི་རྩེ་རལ་ཁེན་ཤད་གསུམ། །ཁམ་ནི་གྲོག་སྐེད་གིན་ཕུགས་རྡུགས། ཟིན་ནི་མདོ་རལ་ཟོན་ཁ་གཡེལ། །སྐྱེས་པ་ལྷོ་ལི་ནས་ལྷོ་ནུབ་ཁོན་ཕྱོགས་བསྐོར། །བུད་མེད་བྱང་ཁམ་ནས་ནུབ་བྱང་ཁེན་ཕྱོགས་བསྐོར། །ལོ་རེར་སྤར་ཁ་རེ་སྦྱར་ནས་བརྩི། དེ་གཉིས་གང་ལྟར་ཡང་། བཅུ་ཁ་མ་ལོངས་རེ་རེ་སྟེ། །བཅུ་ཁ་ལོངས་ནས་ཟུར་བཞི་ལ་མཆོངས། །ལོ་གྲངས་སྟེང་གང་བབས་དེ་བབས་སྤར། སྤར་ཁ་བརྒྱད་སོ་སོའི་བཟང་བཞི་ངན་བཞི་ནི། །ལི་མེ་ཁམ་ཆུ་གཉིས་དང་ཁེན་ཁོན་གཉིས། །དྭ་གིན་གཉིས་དང་ཟིན་ཟོན་གཉིས། །ཕན་ཚུན་གནམ་སྨན་ཏེ་དེའི་ཕྱོགས་སུ་ཟས་ནོར་བཙལ། དོན་གཉེར། རབ་ཀྱི་རབ་རྡེལ་དཀར་གསུམ། །ལི་ཟིན་ཁམ་ཟོན་དྭ་ཁེན་དང་། །གིན་ཁོན་གཉིས་གཉིས་ཕན་ཚུན་དུ། །སྲོག་འཚོའི་སར་བགྲོད་བགྲོས་གཉེན་ཉེ། སྔས་བསྟན་གནས་པ་རབ་ཀྱི་འབྲིང་རྡེལ་དཀར་གཉིས། །རླུང་མེ་ས་ལྕགས་རི་གནམ་དང་། །ཆུ་ཤིང་ཕན་ཚུན་གཅིག་གིས་གཅིག །བསྐྱེད་པ་དཔལ་བསྐྱེད་ལྷ་གསོལ་རབ་ཀྱི་ཐ་རྡེལ་དཀར་གཅིག །ཕྱྭ་ལོན་གཡང་ལེན། སྤར་ཁ་རང་རང་གནས་པའི་ཕྱོགས་ན་ཡོད་པ་སྟེ། །ཕྱེ་ན་ལྕགས་མེ་གནམ་རི་བཞི། །ཕྱྭ་ལོན་འབྲིང་རབ་རྡེའུ་དཀར་ནག་ཕྱེད་ས་ཆུ་དང་། །ཤིང་རླུང་ཕྱྭ་གཡང་གཡང་འབོད་འབྲིང་གི་འབྲིང་དཀར་ནག་ཕྱེད། །མེ་རི་རླུང་གནམ་ལྕགས་ཆུ་དང་། །ཤིང་ས་གནོད་པ་བཟློག་པ་འབྲིང་གི་ཐ་རྡེལ་ནག་གཅིག །ལྕགས་མེ་ས་རླུང་གནམ་ཤིང་དང་། །རི་ཆུ་འདྲེ་ལྔ་གླུད་གཏོང་ཐ་མའི་རབ་རྡེལ་ནག་གཅིག །ལི་ཁེན་དྭ་ཟིན་ཁོན་ཁམ་དང་། །གིན་ཟོན་བདུད་གཅོད་ཟོར་འཕེན་ཐ་མའི་འབྲིང་རྡེལ་ནག་གཉིས། །གནམ་ཆུ་མེ་ས་རླུང་ལྕགས་དང་། །ཤིང་རི་ཕན་ཚུན་ལུས་ཆད་པ་བླ་བླུ། །བླ་འགུགས་ཐ་མའི་ཐ་རྡེལ་ནག་གསུམ་སྟེ་ངན་བཞིའོ། །ཉེར་བུམ་ལས། ཁེན་ཁོན་གནམ་སའི་བྱེ་བྲལ། དྭ་ཟིན་གྲི་ཕུར། ལི་ཁེན་ཕྱིངས་ཐུམ། ཁེན་ཁམས་མྱ་ངན་ཞེས་སོ།། ར་རུ་ཕྱོགས་བཞི་བསེ་རུ་མཚམས། །བརྩི་བྱ་ཕོ་ལི་མོ་ཁམ་ལ་བབས་པའི་དུས་ན། །སྤར་ཁའི་དགུ་མིག་ཏུ་ཚུད་པས་ནང་གི་རོ་འདོད་ཅེས་པར་གྲགས། །བལྟ་བའི་མིག་བཞི་ཕྱོགས་བཞི་བརྡུངས་རྭ་བཞི། །ཟུར་བཞི། བཻ་དཀར་ལས། ལི་ཁམ་དྭ་ཟིན་བལྟ་མིག་བཞི། ཁེན་ཁོན་གིན་ཟོན་རྡུང་ར་བཞི། ལི་ཁམ་གིན་ཟོན་བན་བཞི་དང་། ཁེན་ཁོན་དྭ་ཟིན་བོན་བཞི་ཡིན། ཞེས་སོ།། བན་བཞི་བོན་བཞི་ཕྱོགས་བཞི་བན་བཞི་མཚམས་བཞི་བོན་བཞི་ཟེར་བའམ་འདུག ལ་སོགས་པ། །ཕྱོགས་བཞི་སེ་བཞི་མཚམས་བཞི་ས་བཞི། སྤར་ཁ་སོ་སོའི་འབྲས་བུ་བརྗོད་པའི་སྐབས་སུ་ཤེས་པར་འགྱུར། །བབས་སྤར་ཁེན་ལ་བབས་ན་གནམ་སྒོ་ཁོན་ལ་ས་སྒོ། །དེ་ནི་ཕོ་མོ་ཁྱད་མེད་སྤྱི་ཡིན་བྱེ་བྲག་ནི། །ཕོ་མོ་ཁྱད་མེད་བརྩི་བྱའི་སྲོག་རང་གི་མར་གྱུར་པའི། །སྤར་ཁ་ལ་བབས་གནམ་སྒོ་སྟེ། །སྲོག་གི་བུ་ནི་ས་སྒོ་སྲོག་གི་དགྲ་གཤེད་སྒོ་ཕྱེ་བ་ཡིན། །བྱིས་པའི་སྐྱེས་སྤར་མ་ཀླུང་སྟེ། །དེ་ཉིད་དཀའ་ཚེམས་མེད་པར་བདེ་བླག་འཚོལ་འདོད་ན། །མ་ལོ་ཇི་ཙམ་སོང་བའི་སྟེང་ནས་བུ་དེ་ཡི་ལོས། །འཕྲི་བའི་ལྷག་མ་ཇི་ལུས་ཀྱི་སྟེང་དུ་མན་ངག་གཅིག་བསྣན་པའི། །གྲངས་དེར་མ་ཡི་སྤར་ཁ་བསྐོར། །མ་དེ་གར་བབས་སྤར་ཁ་དེ། །བུ་དེ་སྐྱེས་པའི་སྤར་ཁ་ཡིན། །སྟག་ཟླ་བཅུ་གཅིག་པ་དང་རྟ་ཟླ་གསུམ་པ་ཁྱི་ཟླ་བདུན་པ་གསུམ་གྱི་ཚེས་གཅིག་ལ་སྤར་ཁ་ལི་ཡིས་ཚེས། །བྱི་ཟླ་དགུ་པ་དང་འབྲུག་ཟླ་དང་པོ་སྤྲེལ་ཟླ་ལྔ་པ་གསུམ་གྱི་ཚེས་གཅིག་ལ་སྤར་ཁ་ཁམ་གྱིས་ཚེས། །བྱ་ཟླ་དྲུག་པ་དང་གླང་ཟླ་བཅུ་པ་སྦྲུལ་ཟླ་གཉིས་པ་བཅས་གསུམ་གྱི་ཚེས་གཅིག་ལ་སྤར་ཁ་དྭ་ཡིས་ཚེས། །ཕག་ཟླ་བརྒྱད་པ་དང་ལུག་ཟླ་བཞི་པ་ཡོས་ཟླ་བཅུ་གཉིས་པ་གསུམ་གྱི་ཚེས་གཅིག་ལ་སྤར་ཁ་ཟིན་གྱིས་ཚེས། །རིམ་བཞིན་དེད་པས་ཚེས་གང་ཚེས་དེ་དགུ། བཅུ་བདུན། ཉེར་ལྔ་རྣམས་ལ་ཉིན་སྤར་འཆར། །དུས་སྤར་གང་ཚེས་སྤར་ཁ་ཉིན་དེ་མཚན་ཐོག་མ་ནས། །རིམ་པར་ཉིན་བརྒྱད་མཚན་བརྒྱད་དུས་ལ་སྦྱར། །དུས་ཚོད་དུམ་བུ་བཞིར་གསིལ་བའི། །བཞི་ཆ་གསུམ་ནི་སྤར་ཁ་རེ། །རྒྱུ་བའི་ཡུན་དུ་རགས་པར་བཤད།
ལྔ་པ་ཟླ་བ་བཅུ་གཉིས་ཏེ། །དཔྱིད་ཟླ་ར་བ་བཅུ་གཅིག་སྟག །བཅུ་གཉིས་དཔྱིད་འབྲིང་ཡོས་སུ་རྩི། །ཟླ་བ་དང་པོ་དཔྱིད་ཐ་འབྲུག །དེ་བཞིན་དབྱར་ར་གཉིས་པ་སྦྲུལ། །དབྱར་འབྲིང་གསུམ་པ་རྟའི་ཟླ་བ། །བཞི་པ་དབྱར་ཟླ་ཐ་ཆུང་ལུག །ལྔ་པ་སྟོན་ཟླ་ར་བ་སྤྲེལ། །དྲུག་པ་སྟོན་འབྲིང་བྱའི་ཟླ་བ། །བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། །བརྒྱད་པ་དགུན་ཟླ་ར་བ་ཕག །དགུན་འབྲིང་དགུ་པ་བྱི་བའོ། །བཅུ་པ་དགུན་ཐ་གླང་དུ་འདོད། །དགུན་ཉི་ལྷོ་བགྲོད་ཐར་ཐུག་ནས་དཔྱིད་ར་སྟག་༡༡ ལ་ལྡོག །དེ་ཡང་ཞིབ་པར་མགོ་ཡིས་ཉ་ན་སྐར་ཕྱེད། ལོ་དེར་ཟླ་བཤོལ་མེད། །དབྱར་ཉི་བྱང་བགྲོད་ཐར་ཏུག་ནས་སྟོན་ར་༥ སྤྲེ་འུར་ལྡོག །ཞིབ་པར་སྣྲོན་གྱིས་ཉ་ན་ལོ་དེར་ཟླ་བཤོལ་མེད། །ཞིབ་པར་དབུགས་ཐོབ་སྒང་བཤོལ་ཚིགས་དང་སྦྱོར། །
དྲུག་པ་ཚེས་གྲངས་ཟླ་གཅིག་ལ། །ཞག་ནི་སུམ་ཅུ་ཐམ་པ་ཡོད། །ཕོ་ཟླ་དྲུག་པོ་སྟག་གིས་ཚེས། །མོ་ཟླ་དྲུག་པོ་སྤྲེ་འུས་ཚེས། །ཚེས་གཅིག་བཅུ་གསུམ་ཉེར་ལྔ་ལ། །སྟག་དང་སྤྲེའུ་གང་ཚེས་དེ་ཡི་ཉི་མ་འཆར། །ཕོ་ཟླ་འབྲུག་ཉ་བ་དང་གནམ་སྟོང་ལ་ལུག །མོ་ཟླ་ཁྱིས་ཉ་སྟོང་ལ་གླང་། །ཞག་རེ་ལོ་འགྲོས་རེ་རེ་བཞིན། །རིམ་པར་སྦྱར་བས་ཆད་ལྷག་མེད་པར་འཁོར་རོ། །
བདུན་པ་དུས་ཚོད་ཞག་རེ་བཞིན། །ཉིན་དུས་དྲུག་དང་མཚན་མོ་དུས་དྲུག་རྣམ་པར་བཞག །ཉི་མོའི་ཐོག་མ་ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ། །ཕྱེད་ཡོལ་ལུག་ལ་ཉི་མྱུར་སྤྲེལ་དྲུག །འདི་ནི་མཚན་གྱི་ཐོག་མ་འཛིན་ཉི་ནུབ་བྱ་ལ་ས་སྲོད་ཁྱི། །སྲོད་འཁོར་ཕག་ལ་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་ལ་ཐོ་རེངས་སྟག །ལོ་ཟླ་ཞག་དུས་དེ་དག་གི། །དབང་ཐང་ལོ་ཟླ་ཉིས་སྦྲགས་ཏེ་ཁམས་རེ་རེ་ལོ་རྟགས་གཉིས་རེ་ལ། །ཞག་དང་དུས་ཚོད་རྐྱང་བར་འདེད། །གནམ་ལོ་མ་ལ་ཟླ་བ་བུ། །ཟླ་བ་མ་ལ་ཞག་ནི་བུ། །ཞག་ནི་མ་ལ་དུས་ཚོད་བུ། །ཟླ་ཞག་དུས་ཀྱི་དབང་ཐང་རྣམས། །བདེ་བླག་བརྟག་པའི་མན་ངག་ནི། །གནམ་ལོའི་དབང་ཐང་གང་ཡིན་དེའི། །ཟླ་བ་སྟག་༡༡ ཡོས་༡༢ བྱི་༩ གླང་བུ་ཡིན་ལ། །འབྲུག་༡ སྦྲུལ་༢གྲོགས་ལ་རྟ་༣ལུག་༤ དགྲ། །བྱ་༦སྤྲེལ་༥མ་ལ་ཁྱི་༧ཕག་༨རང་། །ཟླ་བ་དེ་ཉིད་གཞིར་བྱས་ཏེ། །ཟླ་རེའི་ཞག་པོ་སུམ་ཚན་བཅུའི། །ཚེས་གཅིག་༣དྲུག་༣བུ་ལ་གཉིས་༣བདུན་༣གྲོགས། །གསུམ་༣བརྒྱད་༣དགྲ་ལ་བཞི་༣དགུ་༣མ། །ལྔ་༣བཅུ་༣རང་ཡིན་ཞག་དེ་ཡི། །དུས་ཚོད་ཡོས་སྤྲེལ་གླང་གསུམ་བུ། །འབྲུག་བྱ་སྟག་གསུམ་གྲོགས་ཡིན་ཏེ། །སྦྲུལ་ཁྱི་དགྲ་ལ་རྟ་ཕག་མ། །ལུག་དང་བྱི་བ་རང་ཡིན་ནོ། །ཟླ་ཞག་དུས་ཚོད་དེ་དག་རྣམས་ཀྱི་སྲོག་ལུས་དང་། །ཀླུང་རྟ་གསུམ་གནམ་པོ་ལོ་བཞིན་བརྩི་བར་བྱ། །
བརྒྱད་པ་གཟའ་ནི་བརྒྱད་ཡིན་ཏེ། །རེས་གཟའ་ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །སྤྱི་ཁྱབ་ཏུ་རཱ་ཧུ་ལ་དང་བརྒྱད་དུ་འདོད། །ཉི་མ་མིག་དམར་མེ་ཡིན་ལྷོ། །ཟླ་བ་ལྷག་པ་ཆུ་ཡིན་བྱང་། །ཕུར་ཤིང་ཤར་ཏེ་སངས་ལྕགས་ནུབ། །སྤེན་པ་ས་ཡིན་མཚམས་ལ་དབང་། །རཱ་ཧུ་སྤྱི་ཁྱབ་ཅིང་འབྱུང་བ་ལྔ་ཀ་ཚང་། །རྒྱ་གར་ལུགས་ལ་། ཉི་མ་མིག་དམར་མེ་ཡི་ཁམས། ཕུར་བུ་སྒྲ་གཅན་རླུང་གི་ཁམས། པ་སངས་སྤེན་པ་ས་ཡི་ཁམས། ཞེས་དང་། ཟླབ་མིག་དམར་ཕུར་སངས་ཕོ། །ཉི་མ་ལྷག་པ་སྤེན་པ་མོ། ཞེས་གསུངས། ཚེས་ཚུལ་རྒྱ་རྩིས་རྙིང་མའི་ལུགས་སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་དམར་པོས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །གང་ཚེས་དེ་དར་ཟླ་བ་དེར་བུ་ཡང་དར་རབ། །མ་ཞུད་དགྲ་གྱོད་ངན་གྲོགས་ནི་གུད་ཤིན་ཏུ་ངན་ནོ། །འདི་ནི་གསལ་སྒྲོན་ལྷན་ཐབས་ལུགས། །གཞན་དུ་སྤྱིར་གྲགས་ལག་ལེན་ནི། །སྐར་རྩིས་ལི་ཐོའི་འགྲེལ་ལེར་བཤད། །གསུངས། ཚེས་གཅིག་བརྒྱད་དང་བཅོ་ལྔ་དང་། །ཉེར་གཉིས་ཉེར་དགུ་གང་ཚེས་འཆར། །འབྱུང་རྩིས་ཀྱི་ལུགས་འདི་ཉིད་སྐར་རྩིས་ཀྱི་ལུགས་དང་མཐུན་པ་མ་ཡིན་ནོ། །གཞན་ཡང་བཏགས་པའི་གཟའི་བྱེ་བྲག །གཟའ་བརྒྱ་ཐམས་པ་སོགས་རྒྱས་བཤད་ལྟར་ན་ཕྱི་གཟའ་ལོ་རྒན་དྲུག་ཅུ། ནང་གཟའ་སྤར་ཁ་བརྒྱད་ལ་ཕོ་གཟའ་མོ་གཟའ་ཕྱེ་བའི་བཅུ་དྲུག བར་གཟའ་ལོ་བཅུ་གཉིས། རྒྱུ་བའི་གཟའ་བདུན་ཁར་རཱ་ཧུ་ལ་དང་བརྒྱད། ལྟས་ངན་གཟའ་བཞི་བཅས་བརྒྱ་སོགས་རྩི་ཡང་སྙིང་པོར་དྲིལ་བ། ཕྱི་གཟའ་བཞི་ནང་གཟའ་བཞི་བར་གཟའ༌བཞི་སྟེ་རྩིས་པས་གསུམ་བཅུ་གཉིས་སུ་བསྡུས། །ཕྱི་གཟའ་ལོ་རྒན་དྲུག་ཅུ་ཡི། །ས་ལྕགས་ལོ་རྣམས་སྤེན་པ་དང་། །ཤིང་ལོ་ཕུར་བུ་མེ་མིག་དམར། །ཆུ་ལོ་བཅུ་གཉིས་ལྷག་པར་ངོས་བཟུང་བ་སྟེ་ཕྱི་གཟའ་འོ། །འདི་ལ་དམར་ཆུང་སྟག་མགོ་ལས། །ཕུར་སྤེན་གོ་ལྡོག་སྦྱར་བ་ཡོད། །བར་གཟའ་ལོ་འགྲོས་བཅུ་གཉིས་ཀྱི། །བྱི་འབྲུག་སྤྲེལ་གསུམ་ལོ་མིག་དམར། །བྱ་གླང་སྦྲུལ་གསུམ་ཕུར་བུ་དང་། །སྟག་རྟ་ཁྱི་གསུམ་སྤེན་པ་སྟེ། །ཕག་ལུག་ཡོས་གསུམ་ལྷག་པ་སྟེ་བར་གཟའ་བཞིའོ། །ནང་གཟའ་སྤར་ཁ་བརྒྱད་ཡིན་ཏེ། །ལི་ཁམ་སྐྱེས་པ་ཕོ་ལ་སྤེན་པ་མོའི་མིག་དམར། །དྭ་ཟིན་ཕོའི་མིག་དམར་མོའི་སྤེན་པ། །ཁེན་ཟོན་ཕོའི་ཕུར་མོའི་ལྷག་པ། །གིན་ཁོན་ཕོའི་ལྷག་མོའི་ཕུར་བུ་སྟེ་བསྡོམས་པས་བཅུ་དྲུག་གོ། །
དགུ་པ་སྐར་མ་ཉི་ཤུ་བརྒྱད། །འཛམ་གླིང་བྱང་ཕྱོགས་སུ་མཏོང་བའི་མི་འགྱུར་སྐར་མ་བརྟན་པ་གདུགས་ཀྱི་ཏོག་ལྟ་བུ་གནས་པའི་མཐའ་སྐོར་དུ་གདུགས་ཀྱི་ཤམ་བུའི་ཚུལ་དུ་རྒྱུ་སྐར་ཉེར་བརྒྱད་གནས་པའི་སྨིན་དྲུག་སྣར་མ་བི་རྫི་མགོ་སྨལ་པོ་དང་ལག །ནབས་སོ་སེ་སྟོད། རྒྱལ་སྟོད་རྒྱལ་སེ་སྨད། རྒྱལ་སྨད་ཤར་དང་སྐག་ཝ་ཤར་ལྷོ། །མཆུ་ རྟ་ཆེན་ གྲེ་རྟ་ཆུང་དབོ་ཁྲ་དང་མེ་བཞི་བྱ་མ་ནག་བྱའུ། །ས་རི་ནམ་མཐོང་གོང་མ་ལྷོ་སྐར་ས་ག་ནམ་མཐོང་འོག་མ་ནི། །ལྷོ་ནུབ་ཡིན་ཏེ་ལྷ་མཚམས་ལག་སོར་སྣྲོན་གདུ་བུ། །སྣྲུབས་གྲུ་སོགས་དང་ཆུ་སྟོད་བྲེ་ཆུ་སྨད་ཕུལ་དང་། །གྲོ་བཞིན་བྱ་སྦོ་ནུབ་སྐར་ཉེར་གཅིག་རྗེས་མ་བྱི་བཞིན་ཀྲ་ནི། །ནུབ་བྱང་མཚམས་ཀྱི་སྐར་མ་ཡིན། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་དབྱུ་གུ་ཐ་སྐར་བྱང་སྐར་ཏེ། །བྲ་ཉེ་སྒྱེད་པུ་བྱང་ཤར་མཚམས༌སྐར་ཡིན། །ཤར་སྐར་དྲུག་ཤིང་ལྷོ་སྐར་མེ། །ནུབ་ལྕགས་བྱང་ཆུ་མཚམས་སྐར་ས། །སྐར་རྩིས་དང་མི་འདྲ། སྐར་རྩིས་ཀྱི་ལུགས་ལ་སྐར་ཆུང་ཉི་ཤུ་རྩ་བདུན་ཡོད། །མགོ་ལག་བར་ན་སྐར་ཆུང་མེད། །སྐར་ཁམས་རྒྱ་གར་ལུགས་ལ་ནི། །སྣར་མ་ལྷ་མཚམས་སྣྲོན་ཆུ་སྨད། བྱི་བཞིན་གྲོ་བཞིན་མོན་གྲུ་ས། །ལག་སྐག་ཆུ་སྟོད་སྣྲུབས་མོན་གྲེ། །ཁྲུམ་སྨད་ནམ་གྲུ་ཆུ་ཡི་ཁམས། །བྲ་ནེ་སྨིན་དྲུག་རྒྱལ་ས་ག །མཆུ་གྲེ་ཁྲུམས་སྟོད་མེ་ཡི་ཁམས། །ནབས་སོ་མགོ་དབྱུགས་དབོ་མེ་བཞི། །ནག་པ་ས་རི་རྣམས་ནི་རླུང་། །གཟའ་དང་རྒྱུ་སྐར་ཁམས་བསྟུན་པའི། །འབྲས་བུ་རྒྱ་གར་ལུགས་སུ་བརྗོད། ཞེས་སོ།། དཔྱིད་ཟླ་ར་བ་༡༡ནས་བརྩམས་ཏེ། །མགོ་རྒྱལ་མཆུ་དབོ་ནག་པ་དང་། །ས་ག་སྣྲོན་དང་ཆུ་སྟོད་དང་། །གྲོ་བཞིན་ཁྲུམས་དབྱུག་སྨིན་དྲུག་རྣམས། །ཟླ་བ་བཅུ་གཉིས་ཉ་སྐར་ཏེ། །གང་ཉ་དར་བ་བཟང་སྟོང་སྐར་གུད་ངན། །གཞན་རྣམས་གྱོད་འབྲིང་། དེ་རྗེས་ཞར་བྱུང་དར་གུད་དགུ་དུར་གསུམ། །
དང་པོ་འབྱུང་བའི་དར་གུད་ཇི་ལྟར་རྩི་བ་ནི། །ར་བ་བཞི་ནས་སྐོར་འགོ་བྱ་སྟེ། །དེ་ཡང་ཤིང་རྣམས་སྟོན་ར་སྤྲེལ་ནས་མགོ་བརྩམས། །མེ་རྣམས་དགུན་ཟླ་ར་བ་ཕག་ནས། །ལྕགས་རྣམས་དཔྱིད་ར་སྟག་ནས་མགོ་བཟུང་། །ས་ཆུ་གཉིས་དབྱར་ར་སྦྲུལ་ནས་བརྩམས། །དབུགས་ལེན་ནས་རིམ་བཞིན་མངལ་གནས་ལུས་རྫོགས་གསུམ། །བཙས་པ་ཁྲུས་བྱེད་གོས་གྱོན་གསུམ། །ལས་བྱེད་ལང་འཚོ་དར་བ་གུད་པ་གསུམ། །ན་བ་ཤི་བ་དུར་ཞུགས་གསུམ། །གཡས་སྐོར་རིམ་པར་བགྲངས་བྱས་ནས། །ལོ་ཟླ་ཞག་དུས་བཞི་ཡི་སྟེང་། །སྐབས་དང་སྦྱར་ཏེ་བཞག་པར་བྱ།། ཀེག་རྩིས་སྐབས་དར་གུད་སོགས་བརྩི་དུས། སྲོག་ལུས་དབང་ཀླུང་ཚང་མ་གནམ་ལོའི་སྟེང་དང་། ཚེ་རྩིས་སྐབས། སྲོག་གནམ་ལོ། ལུས་ཟླ་བ། དབང་ཞག ཀླུང་རྟ་སོགས་གཏུགས་དགོས་པས་སྐབས་དང་སྦྱར། དར་བ་༡ལས་བྱེད་༢བཟང་པོའི་རབ་རྡེལ་དཀར་གསུམ། །ཁྲུས་བྱེད་༣གོས་གྱོན་༤བཟང་པོའི་འབྲིང་རྡེལ་དཀར་གཉིས། །ལུས་རྫོགས་༥བཙས་པ་༦བཟང་པོའི་མཐའ་རྡེལ་དཀར་གཅིག། །དབུགས་ལེན་༧མངལ་གནས་༨ངན་པའི་རབ་དཀར་ནག་ཕྱེད། །གུད་པ་༩ན་བ་༡༠ངན་པའི་འབྲིང་ནག་གཅིག །ཤི་བ་༡༡དུར་ཞུགས་༡༢ངན་པའི་ཐ་ནག་གཉིས། །དེ་དག་རྣམས་ཀྱང་རིམ་པ་བཞིན། །དང་པོ་གཏེར་ཆེན་རྙེད་༡དང་རྒྱུན་རིང་༢བ། །བསམ་གྲུབ་༣གསོ་ཐུབ་༤བདེ་བ་ལྡན༥ ། །ལོངས་སྤྱོད་ཆེ་ཐོབ་༦བཅས་ནི་བཟང་དྲུག་སྐལ་ཟད་༧ དང་། །བྱུར་ངན་ལྷུང་༨དང་བྱེ༌བྲལ་༩དང་། །ཕུང་གྱོད་༡༠གཡང་ཉམས་༡༡རྒྱུན་ཆད་༡༢ངན་དྲུག་ཅེས། །དེ་ལྟར་བཟང་དྲུག་ངན་དྲུག་པོ། །བརྩི་བྱའི་སྲོག་ལུས་དབང་ཀླུང་ཀུན་ལ་སྦྱོར། །སྤར་ཁའི་དར་གུད་ནི་སྟག་ཡོས་ཟིན་ཤིང་ནས་བརྩི་བ་དང་རྟ་སྦྲུལ་ལི་མེ། །བྱ་སྤྲེལ་དྭ་ལྕགས་དང་མཚམས་བཞི་ས་ཆུ་བྱི་ཕག་ཡི། །ལོ་དྲུག་ཁམ་ནས་དབུགས་བླངས་སྟེ། །བསྐོར་བ་སྤར་ཁའི་དར་གུད་ཡིན། །སྟག་ཡོས་ཟིན་ནས་ཞེས་ཟིན་ཤིང་ཡིན་པས་ཤིང་དབུགས་སྤྲེལ་ནས་ལེན། གནམ་ལོར་ཕབ་དགོས། རྡེའུ་འཇོག་ཚུལ་ལ་མོས། དར་གུད་ལ་རབ་འབྲིང་ཐ་མའི་དབྱེ་བ་མེད་པར་བཟང་དྲུག་རྡེལ་དཀར་རེ། ངན་དྲུག་རྡེལ་ནག་རེ་བཀོད། གཞན་མ་འཕྲད་དཀར་གསུམ། གྲོགས་དཀར་གཉིས། བུ་ལ་ཕྱེད་མ། དགྲ་ལ་ནག་གཉིས། ས་ཆུ་ནང་འཕྲད་དཀར་གཅིག མེ་ལྕགས་ཤིང་ནང་འཕྲད་ནག་གཅིག་བཅས།
གཉིས་པ་དགུ་མིག་སྐོར་འགོ་ལ། །རྐྱང་སྦྲགས་སྤར་སྨེ་རུས་ཁམས་ལྔ། །
དང་པོ་ལོ་འགྲོས་རྐྱང་པའི་དགུ་མིག་ནི། །ལོ་སྟག་ཕོ་ནི་རང་ལྔའི་བྱི་བ་དང་རང་ལྔའི་ཞེས་དབང་ཐང་ལྔའི་ནང་ནས། །རང་གི་དབང་ཐང་མཏུན་པའི་བྱི་བ་དང་། །མོ་ནི་རང་ལྔའི་བྱ་ནས་བཟུང་། །དགུ་ཚན་གྱེན་བགྲང་གནམ་ལོ་གཤེད་བཞིར་སྡོད། །གཤེད་བཞི་ནི་གླང་ལུག་ཁྱི་འབྲུག་བཞི་སྟེ་གླང་དུར་གྱི་གཤེད། ལུག་རྩི་ཐོག་གི་གཤེད། ཁྱི་བག་མའི་གཤེད། འབྲུག་བོན་པོའི་གཤེད་ཅེས་མི་ཕམ་གསུངས། དེ་ཡང་དགུ་དང་བཅོ་བརྒྱད་དང་། །ཉེར་བདུན་སོ་དྲུག་ཞེ་ལྔ་དང་། །ང་བཞི་རེ་གསུམ་བདུན་ཅུ་གཉིས། །གྱ་གཅིག་རྣམས་ལ་དགུ་མིག་འབབ། །ཁྱད་པར་དཔེར་ན་གནམ་ལོ་ཆུ་བྱ་ལ། །བུད་མེད་ལྕགས་འབྲུག་ང་བཞི་དང་། །སྐྱེས་པ་ཆུ་ཁྱི་དོན་གཉིས་པར། །དགུ་མིག་དུར་ཐོག་ཕྱིན་པ་ཡིན། །དེ་བཞིན་གནམ་ལོ་ཤིང་ཁྱི་ལ། །བུད་མེད་མེ་སྦྲུལ་བཅོ་བརྒྱད་དང་། །སྐྱེས་པ་ཆ་ཕག་དོན་གཉིས་པར། །དགུ་དུར་འཛོམས་སོགས་ཤེས་པར་བྱ། གནམ་ལོའི་མདུན་རྒྱབ་ཏུ། །གནམ་ལོ་བྱ་མདུན་ཁྱི་ལྟ་བུ། རྒྱབ་ནི་མདུན་ལོ་དེའི་བདུན་ཟུར་འབྲུག དགུ་དུར་གཉིས་འཛོམས་ཕོ་མོ་རེ་རེ་ཡོད། །དེ་ཡང་སྟག་ཡོས་ལོ་པའི་སྲོག་ཤིང་ཕོ། །སྐྱེས་པ་ལོ་བཅོ་བརྒྱད་བུད་མེད་སྟག་ཡོས་ལོ་སོ་དྲུག་པ་ཤིང་དུར་ཁོན། །རྟ་སྦྲུལ་ལོ་པ་མེ་སྐྱེས་པ་སོ་དྲུག་དང་། །བུད་མེད་རྟ་སྦྲུལ་བཅོ་བརྒྱད་མེ་དུར་ཁེན་བྱ་སྤྲེལ་ལྕགས་ནི། །ལོ་ང་བཞི་ཕོ་ལ་བྱ་སྤྲེལ་ལོ་པ་དོན་གཉིས་མོ་ལྕགས་དུར་གིན། །གཤེད་བཞི་བྱི་ཕག་བཅས་པ་ས་ཆུ་ལ། །སྐྱེས་པ་དོན་གཉིས་མོ་ང་བཞིར་ས་ཆུའི་དུར་ཟོན། །དགུ་མིག་དུར་ཐོག་ཕྱིན་པས་ངན། །ལོ་གྲངས་རྐྱང་པའི་དགུ་མིག་དང་། སྤར་ཁའི་དུར་མིག་ལ་སླེབས་པ་ཡིན། ལོ་འགྲོས་སྦྲགས་མ་འབྲིང་པོ་མགོ་བཟུང་ས་བྱི་རྟ་བྱ་ཡོས་བཞི་ནས་བསྐོར། །དཔེར་ན་གནམ་ལོ་ས་ཆུ་ལོ་དྲུག་བྱི་བ་ནས། །གྱེན་དུ་དགུ་སོགས་བགྲང་པས་འབྲུག་ལ་སྡོད། །དེ་བཞིན་སྟག་ཡོས་ཡོས་ནས་ལུག །རྟ་སྦྲུལ་རྟ་ནས་ཁྱི་ལ་སྡོད་པའོ། །བྱ་སྤྲེལ་བྱ་ནས་གླང་ཐོག་སྡོད། །དེ་དག་གནམ་ལོ་གང་ཤར་དེའི། །མར་གྱི་ལྔ་མཐུན་ལོ་བར་འབྱུང་། །དཔེར་ན་གནམ་ལོ་ཆུ་བྱ་ལ། ཤིང་གླང་ལོ་དགུ། ཆུ་གླང་ཉེར་གཅིག ལྕགས་གླང་སོ་གསུམ། ས་གླང་ཞེ་ལྔ། མེ་གླང་ང་བདུན། ཡང་ཤིང་གླང་རེ་དགུ་སོགས། དེ་ཕྱིར་ཁུག་པ་སྟེ་ལོ་དགུ་ཉེར་གཅིག་དང་། །སོ་གསུམ་ཞེ་ལྔ་ལྔ་བཅུ་བདུན། །རེ་དགུ་གྱ་གཅིག་རྣམས་ལ་སྟེ། །དེ་རྣམས་དུར་བཞིའི་ཐོག་ཕྱིན་པས། །སྦྲགས་མ་གནད་ཀྱི་དགུ་མིག་ཅེས་སུ་གྲགས། །སྤར་ཁའི་དགུ་མིག་ནི་ཕོ་ལི་མོ་ཁམ་ལ་བབས་པ་དང་། །སྨེ་བའི་དགུ་མིག་ནི་སྐྱེས་སྨེའི་སྟེང་དེར་བབས་སྨེར་བབས་པ་དབུས་ཚོགས་ཀྱི་ལོ་རྣམས་ལ་ཁེལ་བའོ། །རུས་ཁམས་དགུ་མིག་སྐོར་འགོ་ནི། །འུ་དང་ཀུངས་གཉིས་བྱི་བ་ནས། །ཀེག་ནི་ཡོས་དང་ཇི་ནི་རྟ། །ཤངས་ནི་བྱ་ནས་སྐོར་འགོ་བྱ། །གྱེན་བགྲང་དུར་བཞིའི་སྟེང་ཕྱིན་པས་ངན། །དོན་ལ་སྦྲགས་མའི་དགུ་མིག་ཁོ་ནའོ། །
གསུམ་པ་དུར་མིག་ཕྱི་དུར་ལོ་གཤེད་བཞི་དང་། །ནང་གི་སྤར་ཁ་དག་ལ་སྦྱོར། །བརྩི་བྱའི་སྲོག་དང་བབས་སྤར་སྤྲད། དེ་ཡང་ཤིང་དུར་ལུག་དང་ཁོན། །མེ་དུར་ཁྱི་དང་ཁེན་ལ་ཞུགས། །ལྕགས་དུར་གླང་དང་གིན་ལ་སྟེ། །ས་ཆུ་འབྲུག་དང་ཟོན་ལ་བཏབ། །
དུར་གྱི་ཁང་བུ་བརྒྱད་ཅུ་ནི། །མིག་གཅིག་ལ་བརྒྱད་ཅུ་འོང་བ་མིན་ཀྱང་སྤྱིར་རྣམ་གྲངས་ཏེ། དབང་ལྔས་ཕྱེ་བས། བྱི་རྟ་བྱ་ཡོས་བཞི་ནས་བསྐོར། །དེ་བཞི་ལ་འབྱེད་པའི་ལྡེ་མིག་བཞི་ཞེས་བྱ། །དེ་ཡང་བརྩི་བྱའི་ལོ་རྟའི་དབང་ཐང་གང་ཡིན་དང་མཐུན་གྱི། །སྲོག་ས་ཆུ་ལོ་དྲུག་དབང་མཐུན་གྱི་བྱི་བ་ནས་རྩི་སྡེ་ལྔ་དང་། །དཔེར་ན་ས་གླང་ལ་རྩི་ན། དེ་ས་ཆུ་ལོ་དྲུག་གི་གྲས་ཡིན་པས་བྱི་བ་ནས་རྩི་དགོས། དེ་ཡང་དབང་ཐང་མཐུན་དགོས་པས་ས་བྱི་ནས་བསྐོར་དགོས་པ་ལྟ་བུ་རེད། ས་བྱི་ནས་གྱེན་དུ་ཉེར་གཅིག་པ་ས་ལུག? དེ་ནས་གནམ་ལོར་ཤར་ནས་ས? གླང་ལོ་པ་ནས་གནམ་ལོའི་དུར་དུ་ཚུད། སྲོག་ཤིང་སྟག་ཡོས་གཉིས་དབང་མཐུན་གྱི་ཡོས་བསྐོར་མགོ་ཡིན་དང་མེ་གཉིས་རྟ། །ལྕགས་གཉིས་བྱ་ལྔ་ནས་བསྐོར་ཕྱིར། །ཡང་དག་སྐོར་འགོ་ཉི་ཤུར་གྲགས། །ཐམས་ཅད་གྱེན་བསྐོར་བརྩི་བྱ་རང་རང་གི། །དབང་མཐུན་གནམ་ལོ་དུར་སྟེང་དཔེར་ན་གནམ་ལོ་ཆུ་བྱ་ནས་ཉེར་གཅིག་གྱེན་བསྐོར་ཆུ་གླང་ནི་བྱའི་ལྕགས་དུར་གླང་ལ་སླེབས་པ་ནི། །རང་དུར་ཆེ་སྟེ་རང་དུར་ཆེ་བ་དེའི་བདུན་ཟུར། །དབང་ཐང་མཐུན་པ་ཡི་རང་ལོ་ང་གཅིག་ལོ་རྟགས་ཆུ་ལུག་ཅན་དེ་ནི་རང་དུར་ཆུང་བར་ཞུགས་པ་རེད། །དཔེ་ཆུ་བྱ་གནམ་ལོ་ལ་རང་རང་དབང་ཐང་དགྲ་ཐོག་གི། །ས་གླང་ལོ་ཞེ་ལྔ་དུར་སྟེང་ཕྱིན་པ་གཤེད་དུར་ཆེ། །གཤེད་དུར་ཆེ་དེ་ཡི་བདུན་ཟུར་ལུག་གནམ་ལོའི་དབང་ཐང་གི་དགྲ་ཡིན་པ་ལོ་བཅོ་ལྔ་ས་ལུག་གཤེད་དུར་ཆུང་། །དེ་ཡང་གནམ་ལོ་བྱི་རྟ་བྱ་ཡོས་བཞི་བསྐོར་ཞེས་པ་དྲན་དགོས། བསྐོར་མགོའི་ལོ་བཞི་པོ་གང་ཤར་ཀྱང་། ཞེས་གོ་དགོས་འདྲ་ཟེར་བརྟག གང་ཤར་ཀྱང་། །སྐྱེས་བུའི་ལོ་གྲངས་ཉེར་གཅིག་རང་དུར་ཆེ་དང་། །ང་གཅིག་རང་དུར་ཆུང་ཞེ་ལྔ་བཅོ་གཤེད་དུར་ཆེ་ལྔའི་སྟེང། །སླེབས་པ་གཤེད་དུར་ཆུང་བ་བཅས་རང་དུར་ཆེ་དང་ཆུང་། །གཤེད་དུར་ཆེ་ཆུང་རིམ་པར་སྦྱར། །དེ་ལྟར་བྱི་རྟ་བྱ་ཡོས་སྡེ་ལྔ་རེར་སྦྱར་བའི་བསྐོར་འགོ་ཉི་ཤུ་ལ། །དུར་བཞི་བཞི་སྦྱར་བས་བརྒྱད་ཅུའོ། །
གཤིན་རྩིས་ལ་དུར་གྱི་ཉི་མ་སོ་དྲུག་ནི། །དྲུག་གསུམ་དུར་གྱི་ཉི་མ་ཞེས། །ཟླ་བ་ཀུན་ལ་གསུམ་གསུམ་ཡོད། །ཕོ་ཟླ་དྲུག་ཡིན་ན་ཚེས་གཅིག་ལ་སྟག་གིས་ཚེས་པས་ལ་ལུག་ཉི་དང་། །མོ་ཟླ་དྲུག་ལ་སྤྲེལ་གྱིས་ཚེས་པས་གླང་གི་ཉི་མར་ངེས། །ཟླ་བའི་ར་བ་བཞིའི་ཚེས་དྲུག་ལ་གནམ་དུར་ཡིན་པས་རོ་གནམ་ལ་མི་བསྟན་འབྲིང་པོ་བཞིའི་ཚེས་བཅུ་དྲུག་རྣམས་ལ་བར་དུར་ཡིན་པས་རོ་མེ་ལ་མི་བསྲེག་ཐ་ཆུང་བཞིའི་ཉེར་དྲུག་ལ་ས་དུར་ཡིན་པས་རོ་ས་ལ་སྦ་མི་རུང་གསུངས་པས་དེ་གསུམ་ལ། །རིམ་བཞིན་གནམ་དུར་བར་དུར་དང་། །ས་དུར་ཞེས་པའི་ཐ་སྙད་བཏགས། །འདི་ཉིད་བྱང་ཆུབ་པ་ཞིག་མེད་ན་རྩིས་བྱེད་པར་ནམ་ཡང་མུན་ནག་འདོམ་ལ་འཇལ་བ་དང་འདྲའོ། །
འབྱུང་རྩིས་ཡོངས་ཀྱི་དོན་བསྡུས་མན་ངག་སྙིང་པོར་དྲིལ་བ་ཟླ་བའི་འོད་ཟེར་ལས། རྩིས་ཀྱི་ཁོག་ཕུབས། སྐོར་འགོ་ཐམས་ཅད་ལ་འཇུག་པ་སྔོན་འགྲོ་སྤྱིའི་རྣམ་གཞག་བསྟན་པའི་ལེའུ་སྟེ་དང་པོའོ།། །།
མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 12:23 PM
<< སྔ་མ།