སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་ཕྱི་མའི་རྒྱུད་ཀྱི་བཀའ་ཆེན་ཐེམ་སྤང་མ་ཞེས་བྱ་བ་བཞུགས་སོ།།

ལེའུ་དང་པོ། རེག་པ་རྩ་ལ་ནད་ངོས་བཟུང་བ།

            ལེའུ་ཉེར་ལྔ་མདོ་བཞི་མཇུག་དོན་དང་ཡོངས་སུ་གཏད་པ་དང་བཅས་པ་དཀའ་གནད་མཆན་བུ་གསལ་བར་བྱས་པའོ།།

ཨཿ་ཐ་ཞེས་པ་དེ་མ་ཐག་པ་སྟེ་མན་རྒྱུད་གསུངས་པའི་དེ་མ་ཐག་པ་དེ་ནས་ཞེས་སྦྱར། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པ་དང་ཁྱང་པར་དུ་རྒྱུད་བཞིའི་སྟོན་པ་དང་བདུད་བཞི་སོགས་མི་མཐུན་པའི་ཕྱོགས་ཀུན་བཅོམ་པས་ན་བཅོམ་དེ་དང་དབང་ཕྱུག་སོགས་ཡོན་ཏན་དྲུག་ལྡན་ལ། ཞི་བ་མྱང་ངན་ལས་འདས་ཅིང་འཇིག་རྟེན་ལེགས་ལྡན་པ་འཚོ་བར་མཛད་པའི་སྨན་ཕན་པའི་བརྡ་སྙིང་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པར་སྨན་གྱི་བླ་ཨུདྷར་ཏེ་དེའི་སྒང་ལ་གཞན་མེད་པའི་ཕྱིར་ན་བླ་མ། བཻཌཱུརྱ་ཉོན་མོངས་པ་བརྒྱད་ཁྲིད་བཞི་སྟོང་དུག་གསུམ་གྱི་གཅོང་ནད་ཀུན་བསལ་བ་དེ་ཡང་སྔོན་པོ་སྟེ། ཁ་དོག་ལྟར་སངས་རྒྱས་འདིའི་སྐུ་མདོག་སྔོན་པོ་འཇིག་རྟེན་ན་ཆེ་བར་གྲགས་པ་སྟེ་ཐམས་ཅད་ཀྱི་རྒྱལ་པོ་ལྟར་སྣང་བ་ཡིད་བཞིན་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར། སངས་རྒྱས་འདིས་ཀྱང་འགྲོ་བའི་རེ་བ་བསྐོང་བས་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་ཏིང་ངེ་འཛིན་སྔ་མ་དེ་ལས་དེ་ལས་བཞེངས་ཏེ། ཆོས་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་གསང་བའི་གནས་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཞུམ་པ་དང་སྐྲག་པའི་ཉེས་སྐྱོན་ཐམས་ཅད་བསལ། །ལུས་དང་ཚེ་ལ་བར་དུ་གཅོད་པའི་ནད་དང་གདོན་ཐམས་ཅད་ཞི་བར་བྱས་ཏེ་སླར་སྐུའི་གསང་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཕྲག་དོག་དང་འདུ་བྱེད་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཞིག་ཕྲིན་ལས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་པ་ལས། འདོད་ཆགས་དང་འདུ་ཤེས་དག་པ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་གསུང་གི་སྤྲུལ་པ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། གསོ་བ་རིག་པའི་རྒྱུད་སྡེ་བཞི་ལ་བསླབ་པར་བྱའོ་གསུངས་པ་ལས། །རྩ་བའི་རྒྱུད་མདོར་བསྟན་པ་དང་བཤད་པའི་རྒྱུད་རྒྱས་པར་བཤད་པ་དང་མན་ངག་རྒྱུད་ལག་ལེན་དམར་ཁྲིད་དུ་བསྟན་པ་དང་གསུམཔོ་ནི །དབང་པོ་རབ་དང་འབྲིང་དང་ཐ་མའི་དོན་དུ་གསུངས་ལགས་ན། །ད་ནི་རྒྱུད་དེ་གསུམ་གའི་ཁ་སྐོང་ཞིང་དབང་པོ་རབ་འབྲིང་ཐ་གསུམ་ཐུན་མོང་གི་དོན་དུ་ཚིག་དོན་རྒྱས་བསྡུས་འཚམ་ཞིང་ལག་ལེན་གནད་དུ་དྲིལ་བ་མདོར་བསྡུས་པ་རྟགས་སླ་བར་ཕྱི་མའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་ལ་བཤད་དུ་གསོལ། །ཞེས་ཞུས་པ་དང༌།

སངས་རྒྱས་ཀྱི་མཐུས་ཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། རྒྱུད་བཞིའི་མཇུག་ཏུ་ཡོད་པས་ཐ་མ་ཕྱི་མའི་རྒྱུད་ལ་བསླབ་པ་ནི། །ནད་དང་དེའི་གཉེན་པོ་དང་གསོ་བའི་ཐབས་དང་གྲངས་རྣམ་པ་གསུམ་ཡོད་པ་ལས།

གསོ་བའི་ཡུལ་ནད་ཀྱི་གཞི་ལ་སྤྱིར་བཞི་བརྒྱ་རྩ་བཞིར་གསུངསཔ་དེ་དག །རྒྱས་པར་ཕྱེ་ན་ཉེས་པ་གཙོ་བོ་རིགས་གནས་བཞིའི་དབྱེ་བས་བཞི་བརྒྱ་རྩ་བཞིའི་རྣམས་གྲངས་གསལ་བར་བཤད་རྒྱུད་དུ་གསུངས་ལ། བཞི་བརྒྱ་རྩ་བཞི་རེ་རེ་ལའང་གཞན་དབག་ཀུན་རྟགས་ཡོངས་གྲུབ་ལྟར་སྣང་དང་སྦྱར་བས་བཞི་བརྒྱ་རྩ་བཞིར་འགྱུར་པ་ལས་གཞན་དབང་བཞི་བརྒྱ་དེའི་སྒོ་ནས་འཕྲོས། ཆིག་སྟོང་དང་ཉིས་བརྒྱ་བཅུ་གཉིས་སུ་འབྱུང་བ་ཡོད། དེ་རྣམས་མདོ་རུ་བསྡུས་པས་བཅོས་དགོས་གཞན་དབང་ཀུན་རྟགས་ལྟར་སྣང་གསུམ་ཕུད་པས་ཡོངས་གྲུབ་ཚེ་ཡི་ནད་ལ་བརྒྱ་རྩ་གཅིག

          དེ་ཉིད་གསོ་བྱེད་ཀྱི་གཉེན་པོ་སྟོང་ཕྲག་གཅིག་དང་རྩ་བཅུ་གཉིས་ཏེཐང་སྦྱོར་ལ་༧༧ ཕྱེ་མ་ལ་༡༦༥ རིལ་བུ་ལ་༢༢ ལྡེ་གུ་ལ་༢༠ སྨན་མར་ལ་༢༣ ཐལ་སྨན་ལ་༡༣ ཁཎྜ་ལ་༡༧ སྨན་ཆང་ལ་༡༩ རིན་པོ་ཆེ་ལ་༢༠ སྔོ་སྦྱོར་ལ་༤༢ བཤལ་ལ་༨༢  སྐྱུགས་ལ་༡༦ སྣ་སྨན་ལ་༧ འཇམ་རྩི་ལ་༩ ནེ་རུ་ཧ་ལ་༡༣ རྩ་སྦྱོང་ལ་༢ དུག་ལ་༣༠ ལུམས་ལ་༢༤ བྱུག་པ་ལ་༢༨ གཏར་ལ་༧༧ མེ་ལ་༧༡ ཐུར་མ་ལ་༡༡༠ ཟས་ལ་༡༠༡ སྤྱོད་ལ་༡༣ ཐམས་ཅད་བསྡོམས་པས་༡༠༠༣།  དེ་ཉིད་ཧྲིལ་གྱིས་མདོ་རུ་བསྡུས་པས་སྨན་དང་དཔྱད་དང་ཁ་ཟས་སྤྱོད་ལམ་དང་བཞིལ་འདུས་སོ དེའི་དང་པོར་སྨན་ལ་ཞི་བྱེད་དང་སྦྱང་བྱེད་གཉིས་ལས་ཞི་བྱེད་འང་་བསིལ་སྨན་དང་དྲོད་སྨན་གཉིས། །སྦྱོང་བྱེད་ཀུན་ལ་དྲག་པོ་དང་འཇམ་པ་གཉིས། །དཔྱད་ལ་འཇམ་པ་དང་རྩུབ་པ་གཉིས་ཁ་ཟས་ལ་ཕན་པ་དང་གནོད་པ་གཉིས། །སྤྱོད་ལམ་ལ་དྲག་པ་དང་དལ་བ་གཉིས་དེ་ཡང་ཟས་སྨན་ནི་སྤྱིར་འགྲོའོ། །དེ་ལྟར་གཉེན་པོ་བཅུ་ཡིས་ནད་ཀུན་འཇོམས

          གསོ་ཐབས་ལག་ལེན་བཤད་རྒྱུད་ལེའུ་ཉེར་བཞི་ནས་སུམ་ཅུའི་བར་བསྟན་ཏེ་རྩ་བའི་བརྟག་པ་ཉེར་གཉིས་དང་བྱེ་བྲག་བརྟག་པ་བརྒྱ་དང་གཅིག རྩ་བའི་གསོལ་ཚུལ་བཅོ་ལྔ་དང་བྱེ་བྲག་གི་གསོལ་ཚུལ་བརྒྱ་དང་གཅིག རྩ་བའི་གསོལ་ཐབས་ཉི་ཤུ་དང་བྱེ་བྲག་གི་གསོལ་ཐབས་བརྒྱ་དང་གཅིག་སྟེ་སུམ་བརྒྱ་དྲུག་ཅུ་ཡོད། དེ་དག་མདོར་བསྡུས་པ་ན་ནད་གང་ཡིན་བརྟག་ཐབས་དང་དེ་ཉིད་གསོ་པའི་ཚུལ་བཅོས་པའི་ཐབས་དང་གསུམ། བརྟག་ཐབས་ལ་ནི་ལག་པས་རེག་པ་དང་མིག་གིས་མཐོང་བ་གཉིས་ཀྱིསྒོ་ནས་ནད་ངོས་བཟུང༌ངོ་ མི་ཤེས་པའི་འཁྲུལ་པའི་གཞི་དང་གལ་ཆེ་བའི་འགག་དོན་དང་བཞི་ཡིས་གསོ་དཔྱད་སྤྱིའི་འཕྲང་བསལ། །གསོ་བའི་ཚུལ་བྱི་ལ་འཇབ་འདྲ། སྤོད་དར་འཕྱར་བ། རྟ་རྒོད་དཀྱུས་འཛུད། སྐྱར་མོ་ཉན་ལེན། མི་ཤ་འཕྲང་འཕྲད། སྐད་གདངས་མས་འཛེག དཔའ་བོ་དགྲ་འདུལ། གཙོ་བོ་དམེ་ཤོར། མཛོ་ཁལ་ལུག་ཁལ་ལྟ་བུ་དགུ་ཡིས་ནད་གང་ཡིན་དང་དེའི་གཉེན་པོ་ལེགས་པར་སྤྲད། དེ་ཡང་གསོ་ཐབས་ལག་ལེན་རྣམ་གྲངས་ནི་ཞི་བྱེད་ལ་ཐང་དང་། ཕྱེ་མ་དང་། རིལ་བུ་དང་། ལྡེ་གུ་དང་། སྨན་མར་ལྔ། སྦྱོང་བྱེད་ལ་སྣུམ་འཆོས་དང་། བཤལ་དང་། སྐྱུགས་དང་། སྣ་སྨན་དང་། འཇམ་རྩི་དང་། ནེ་རུ་ཧ་དང་། རྩ་སྦྱོང་དང་བདུན། དཔྱད་ལ་གཏར་ག་དང་། མེ་བཙའ་དང་། དུག་དང་། ལུམས་དང་། བྱུག་པ་དང་། ཐུར་མ་བཅས་བཅོ་བརྒྱད་རྟགས་པ་ཙམ་གྱིས་ནད་ཀྱི་དཔུང་གཞོམ དེ་བས་ན་སུམ་ཅུ་རྩ་གསུམ་གྱི་ལག་ལེན་ཐམས་ཅད་སྙིང་པོར་དྲིལབ་ཡིན་ནོ ཞེས་པ་འདི་དག་གིས་ནི་ཕྱི་མ་རྒྱུད་ཀྱི་སྡོམ་ཚིག་ཐམས་ཅད་ཚང་བར་བསྟན་པ་ཡིནནོ །དྲང་སྲོང་སྨན་པ་རྣམས་ཀྱི་སེམས་ལ་དེ་ལྟར་ཆོངསཤིག །ཞེས་གསུངས་སོ།

 

          དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། རྩ་ལ་རེག་པ་དང་ཆུ་ལ་མཐོང་བ་གཉིས་ཀྱིས་ནད་ཀྱི་ངོས་འཛིན་པགཉིས་ལས དང་པོ་རེག་པ་རྩ་ལ་ཇི་ལྟར་བརྟག་པར་བགྱིབ་དང་ གཉིས་པ་མཐོང་བ་ཆུ་ལ་ཇི་ལྟར་བརྟག་པར་བགྱིབ་དང་ །གལ་ཆེབའི་མདོ་འགག་རྣམ་པ་བཞི་ཡི་འཁྲུལ་པའི་སོ་ཇི་ལྟར་བསལབའི་ཚུལ་རྣམས སེམས་ཅན་ཐམས་ཅད་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བདག་ཅག་ལ་བཤད་དུ་གསོལཞིག།  །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེསམ་ཡེངས་པར་ཉོན་ཅིག།  །དང་པོ་རེག་པ་རྩ་ལ་བརྟག་པ་ནི། ནད་དང་སྨན་པ་གཉིས་ཀྱི་བར་དུ་ནད་འདི་ཡིན་ཞེས་བརྡ་སྦྱོར་བའི་འཕྲིན་པ་ལྟ་བུ་ནི་རྩཉིད་ཡིན་པས དེ་བརྟག་པའལང་ཐོག་མར་སྔོན་འགྲོ་ཟས་དང་སྤྱོད་ལམ་བསླབ་པ་དང་རྩ་བལྟ་བའི་དུས་བསྟནཔ་དང་ རྩ་བལྟ་བའི་གནས་བསྟན་པ་དང་མནན་པའི་ཚད་དང་ཇི་ལྟ་བུ་བལྟ་ཚུལ་ཤེས་པར་བྱ་བ་ཡིས། དེའང་དང་པོ་མི་ནད་མེད་དེའི་ཐ་མལ་གནས་པའི་དུས་ཀྱི་རྩ་ལ་ནི་རྩ་རྒྱུད་ཕོ་མོ་མ་ནིང་གསུམ་དུ་བརྟག ནམ་ཟླ་དུས་བཞིའི་རྩ་ལ་ཁམས་ལྔ་འབྱུང་བ་སོ་སོར་རྩིབས །ངོ་མཚར་བའི་རྩ་བདུན་ནི་ནད་མེད་ཀྱི་མི་ལ་བལྟ། །ནད་པ་དང་ནད་མེད་པའི་དབྱེ་བ་ལ་འཕར་བའི་གྲངས་ལས་དཔགས། དེའང་སྤྱིར་བཏང་དང་བྱེ་བྲག་སོ་སོར་དབྱེ་བ་རྩ་ཡིས་ནད་ངོས་བཟུང༌། །འཆི་རྩ་གསུམ་གྱིས་ནི་འཚོ་འམ་འཆི་ཞེས་ཁ་དམར་མ་འཕྱུགས་གདགས། །གདོན་རྩ་ངོས་བཟུང་ནས་གློ་བུར་ཡེ་འདྲོག་ལ་རིམ་འགྲོ་འདི་གྱིས་ཞེས་འབོགས། །ཚེ་རིང་ཐུང་གི་རྟགས་གསལ་བོར་སྟོན་པ་བླ་ཡི་རྩ་ལ་བརྟག་པ་ཡིན་སྟེ། དེ་ལྟར་སྤྱི་དོན་བཅུ་གསུམ་པོ་འདི་དག་ནི་རེག་པརྩའི་བརྟག་ཐབས་མདོར་བསྟན་པ་ཡིནནོ།

          ད་ནི་སྤྱི་དོན་བཅུ་གསུམ་པོའི་དང་པོ་སྔོན་འགྲོ་ཟས་སྤྱོད་བསླབ་པ་ནི། །ཤ་དང་ཆང་ལ་སོགས་པའི་བཟའ་བཏུང་དྲོད་ཅན་དང་བཅུད་ཅན་དྲག་པོ་དང༌། །འཇུ་དཀའ་བ་དང་བསིལ་ཆེས་པས་ནད་གཞི་འཁྲུག་པར་བྱེད་པ་དག་སྤང༌། ཧ་ཅང་འགྲངས་ཆེས་དྲག་པ་དང་ལྟོགས་ཆེས་དྲག་པ་དང་བུད་མེད་དང་ཉལ་པོ་སྤྱོད་པ་དང་གཉིད་ཆག་པ་དང༌། །སྨྲ་བརྗོད་དང་སེམས་ངལ་ཞིང་དུབ་པའི་ལས་དང་འགྲོ་འདུག་མང་བ་སོགས་སྤངས་ཏེ་རྩ་ལ་བརྟགདགོས་ལ།  །དེ་ཡིས་འདུ་བ་རླུང་མཁྲིས་བད་ཀན་རྣམ་གསུམ་མི་འཁྲུག་ཅིང་རྩ་གསལབར་བྱེད་པ་ཡིན་ནོ ཡང་གློ་བུར་དུ་རྩ་ལ་ལྟ་དགོས་ན་ཡང་དབུགས་རྒོད་པ་རང་མལ་དུ་ཚུད་པ་དང༌། །རྩ་དཔངས་རྐྱེན་གྱིས་མ་བཏེག་པ་ཤིན་ཏུ་གཅེས་པ་ཡིནནོ

          རྩ་བལྟ་བའི་དུས་ཚོད་ནི་ནམ་མཁའ་ལ་ཉི་མ་ཤར་ཞིང་ཆུ་ཀླུངས་ས་གཞི་ལ་ཉི་འོད་མ་ཕེབསཔ་དང་།སོ་མ་རཱ་ཛཱ་ར། དུས་ནི་སྣང་བ་འོང་བ་དང་། །མུན་པ་དག་སྟེ་རི་རྩེ་ལ། །ཉི་མ་མ་ཤཪ་བ་དག་ནི། །སྲིབས་ཀྱི་ངད་པ་གྱེས་པ་དང་། །བདག་གི་དང་པ་མ་གཡོས་པས། །དུས་ཀྱི་དབང་ཐང་དེ་རུ་རྒྱུ། །ཞེས་དང་ནད་རེག་པར། བཅུ་གཉིས་ཀྱི་རླུང་ཆ་མཉམ་པར་རྒྱུ་བར་རེག།  ནད་པ་དེའི་ནང་གི་དྲོད་དབུགས་དྲོན་མོ་ཕྱིར་མ་རྒྱུས་པ་དང༌། །ཕྱི་རོལ་གྱི་རླུང་གི་དབུགས་གྲང་མོ་ནང་དུ་མ་ཤོར་བདང་ །མལ་ས་ནས་མ་འགུལ་ཞིང་ཁ་ཟས་མ་ཟོས་པའིསྐབས་དེར ཕྱི་རྒྱུ་གདགས་དང་ནང་རྒྱུ་སྲིབས་ཀྱི་དབུགས་རིང་ཐུང་སྙོམས་ཤིང་རྩ་མལ་དུ་གནས་པའི་དུས་ཡིན་པས་བལྟའོ།

རྩ་བལྟ་བའི་གནས་ནི་ལག་པའི་མཁྲིག་མའི་གཉེར་མ་གཉིས་ཡོད་པས་དང་པོ་ནསནད་པ་རང་གི་ལག་པའི་མཐེ་བོང་གི་ཚིགས་དང་པོ་ནས་སེན་མོ་གཉིས་ཀྱི་བར། །མཚོན་གང་ལག་ཡུའི་ངོས་སུ་མར་བཅལ་བའི་སར་རུས་པ་འབུར་པོཞིག་ཡོད་པའི་ལྡེབསནས་བཟུང་སྟེ སྨན་པའི་མཛུབ་མོ་རྒྱ་ནག་གི་བརྡར་ཚོན་དང་གུང་མོ་ཀན་དང་སྲིན་ལག་ཆག་གསུམ་མ་འདྲུས་པ་སྟེ་བསྣོལ་བ་དང་རྩེགས་པ་མ་ཡིན་པར་ཡང་དོག་སྙོམས་པར་བཞགལ། དེ་ཡང་ཅིའི་ཕྱིར་ཞེ་ན་འཕར་རྩ་ལུས་ཀུན་ལ་ཡོད་མོད་དུ་ཟིན་ཀྱང༌། སྙིང་རྩ་སོགས་པའི་དོན་དང་ཐག་ཉེ་ན་ལུང་པ་གཅོང་རོང་གི་ཕུ་ཆུ་འབྲུབ་པ་དང་མཚུངསཔ་མ་ངེས་པས་མི་གསལ་ལ མཁྲིག་མ་ལས་རིང་བ་སར་རྩ་བལྟ་ན་ཐག་རིང་པོ་ནས་འོང་བའི་འགྲོན་པོའི་གཏམ་དང་འདྲསྟེ་བདེན་རྫུན་ཤན་མི་ཕྱེད དེ་ཕྱིར་ཐག་རིང་ཐུང་འཚམ་པས་ནི་གཞུ་འདོམས་ལྔ་བརྒྱ་ལ་རྒྱང་གྲགས་ཀྱི་སར་དབྱར་དུས་ཀྱི་སྐད་བཞིན་དུ་གང་ཡིན་གསལབར་འགྱུར་ཏེ་དཔེར་ན རྒྱ་བོད་ཐམས་ཅད་དུ་རྒྱུ་བས་ཚོང་དུས་ཀྱི་ཚོང་དཔོན་བརྒྱ་སྲང་དུ་བསྡད་ནས་གཏམ་དྲིས་པ་བཞིནདུ་ཐམས་ཅད་གསལ་ལོ འོ་ན་དོན་སྣོད་ཐམས་ཅད་རྩ་ནང་དུ་དེར་མི་རྒྱུ་བས་གསལ་བ་འགལ་ལོ་ཞེ་ནབདེན་མོད་ཀྱང་ །རླུང་དང་ཁྲག་ནི་རྩ་ནང་དེར་ཀུན་ཏུ་རྒྱུ་བས་རྒྱ་བོད་དུ་འགྲོ་བའི་ཚོང་དཔོན་ལ་ཡུལ་ཕྱོགས་དེ་དག་གི་གཏམ་སྣ་ཚོགས་གསལ་པོར་འོང་བ་བཞིན། ཚུལ་དེའང་དོན་རྩ་དྲུག་དང་སྣོད་རྩ་དྲུག་སྟེ་བཅུ་གཉིས་སོ་སོར་མ་འདྲེས་པར་ཕྱི་རྒྱུ་དོན་རྩ་དང་ནང་རྒྱུ་སྣོད་རྩ་ཡིན་པའི་ངེས་པ་གསལ་བོ་སྟོན་ནུས་པའི་དོན་ཡིན་ཏེ་ཕ་ཙེའི་ཐགས་ཀྱི་རྒྱུ་ཁ་དོག་མི་གཅིག་པ་བཏགས་པ་ན་རེ་སོ་རེ་ལ་ཁ་དོག་རེ་འབྱུང་བ་དང་འདྲ། དཔེར་ན། ཕ་རྩའི་རོ་སོའི་རྒྱུ་ཁ་དོག་དཀར་ནག་གི་གྲངས་མཉམ་པ་ཐག་ཏུ་བཏགས་ནས་བཀད་འཛིངས་པའི་དབང་གིས་སོ་སོར་མ་འདྲེས་པར་དཀར་པོ་སྟེང་དུ་དོན་ཚེ་ནག་པོ་འོག་ཏུ་འགྲོ་བ་མངོན་གསུམ་དུ་གསལ་བ་དང་འདྲ་བའོ་ཞེས་འཆད་པ་ལེགས་སོ། །བླ་རྩ་ནི་ལག་པའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་ཡོད་པས་དེར་བརྟག  རྩ་བསྡུ་བའི་ཚེ་མཐའ་ནས་སྡུད་པའི་ཕྱིར་འཆི་རྩ་བོལ་གོང་ལ་བརྟགགོ།།

          རྩ་སོར་མོས་མནན་པའི་ཚད་ནི་ཚོན་གྱིས་པགས་པ་ནོན་ཙམ་ཀན་གྱིས་ཤནོན་ཙམ། །ཆག་གིས་རུས་པ་ནོན་ཙམ་དུ་གསལ་བར་མནན། །ཅིའི་ཕྱིར་ཞེ་ན་རྩའི་དབྱིབས་དེ་ལ་ཕུག་ས་ལ་སྐྱེས་པ་དང་དབྱིབས་འདྲསྟེ དེ་རྒྱུ་ཤ་རྔམས་ཟབ་པ་དང་རན་པ་དང་མི་ཟབ་ལས་བྱུང་བ་ཡིནཔས་སོ དེ་ཡང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དུ། མནན་པས་གསལ་ན་མནན་ནས་བལྟ། །བཏེགས་པས་གསལ་ན་བཏེགས་ནས་བལྟ། །ཇི་ལྟར་གསལ་ན་དེ་ལྟར་བལྟ། །ཞེས་བཤད་པ་ལྟར་རྟོགས་པར་བྱའོ།།

རྩ་བལྟ་བའི་ཚུལ་ནི་ལག་པའི་སོར་མོ་མ་གྲང་པརང་དྲོད་དང་ལྡན་པའི། དེའང་འཇམ་ཞིང་མཉེན་པ་ལ་ནད་པའི་དྲོད་དང་མཐུན་པ་ཡིས། ནད་པ་ཕོའི་ལག་རྩ་གཡོན་ལ་འདུག་པར་བརྟག་པ་དང་མོ་རྩ་ལག་པ་གཡས་སུ་བརྟག དེའང་དང་པོ་ནད་པའི་ལག་པ་གཡོན་པ་ལ་སྨན་པའི་གཡསཀྱི་ལྟ་བའི་ཚེ །ཚོན་གྱི་འོག་ཏུ་ཡར་ཟུར་སྙིང་དང་མར་ཟུར་རྒྱུ་མའི་རྩ། །ཀན་གྱི་འོག་ཏུ་ཡར་ཟུར་མཆེར་པ་དང་མར་ཟུར་ཕོ་བའི་རྩ། །ཆག་གི་འོག་ཏུ་ཡར་ཟུར་མཁལ་མ་གཡོན་དང་མར་ཟུར་བསམ་སེའི་རྩ་ལ་བརྟག །ནད་པཕོའི་ལག་པ་གཡས་ལ་སྨན་པའི་ལག་པ་གཡོན་པས་བལྟབའི་ཚེ ཚོན་འོག་ཏུ་ཡར་ཟུར་གློ་བ་དང་མར་ཟུར་ལོང་དང་ཀན་གྱི་འོག་དུ་ཡར་ཟུར་མཆིན་པ་དང་མར་ཟུར་མཁྲིས་པའི་རྩ། །ཆག་གི་འོག་ཏུ་ཡར་ཟུར་མཁལ་མ་གཡས་དང་མར་ཟུར་ལྒང་པའི་རྩ་ལ་བརྟག །མོ་ལ་ཚོན་འོག་གི་རྩ་ཡར་ཟུར་གཉིས་པོ་གཡས་གཡོན་གོ་ས་ལྡོག དེ་ཅིའི་ཕྱིར་ཞེ་ན་གློ་བ་དང་སྙིང་ལ་གཡས་གཡོན་ཕྱོགས་སྤོས་མེད་ཀྱང༌། ཕོ་མོའི་སྙིང་གི་རྩེ་མོ་དེ་ལྟར་དུ་བསྟན་པ་ཡིན་པའི་ཕྱིརརོ ཆག་ཀན་སོགས་གཞན་རྣམས་གནས་ཀྱིས་སོ་སོར་བསྐལ་བའི་ཕྱིར་གོང་གི་རྩ་ཡི་སྐབས་ལྟར་ཡིན་པ་ངེསསོ།

          ནད་མེད་ཐ་མལ་པའི་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ནི། །ཕོ་རྩ་དང་མོ་རྩ་དང་བྱང་ཆུབ་སེམས་རྩ་ཀྱི་རྩ་གསུམ། །ཕོ་ཡི་རྩ་རྒྱུན་ནི་སྦོམ་ལ་འཕར་ཤེད་ཆེ་བས་རགས་པར་འཕར །མོ་ཡི་རྩ་རྒྱུན་ནི་གྲིམས་ཤིང་ཕྲ་ལ་མྱུར་བར་འཕར། མ་ནིང་བྱང་ཆུབ་སེམས་པའི་རིགས་ཀྱི་རྩ་རྒྱུད་ནི་རྒྱུད་རིང་ཞིང་འཇམ་ལ་མཉེནཔར་འཕར་རོི དེ་ལས་གོ་ལྡག་སྟེ་གང་ཟག་ཕོ་ལ་མོ་རྩ་ཆགས་ན་ཚེ་རིང་ཞིང༌། །མོ་ལ་ཕོ་རྩ་ཆགས་ན་ཆགས་པའི་བུ་དཔལ་ཆེ། ཕོ་མོ་གཉིས་ཀར་བྱང་ཆུབ་སེམས་དཔའི་རྩ་བྱུང་ན། །ཚེ་རིང་ནད་དཀོན་ཏེ་གོང་གི་ཡས་བྱམས་ཤིང་རང་ལས་ཞན་པའི་མས་ནས་སྡང་སྟེ། ཉེ་བའི་དྲུང་གསུམ་ཁོ་བོ་དང་ཕ་སྤུན་དང་ཞང་པོ་དགྲར་ལྡང་མཐའ་ཕུགས་རབ་ཀྱང་ཆདདེ་མ་ནིང་གི་རྩ་ཡིན་པའི་དབང་གིས་སོ ཕོ་མོ་གཉིས་ཀ་ཕོ་རྩ་ནང་ཕྲད་ན་ཕལ་ཆེར་བུ་མང་སྟེ། ཁྱོ་ཤུག་གཉིས་ཀ་མོ་རྩ་ནང་ཕྲད་ན་བུ་མོ་ཕལ་ཆེར་མང༌བ་འབྱུང་ངོ་ །བྱང་ཆུབ་སེམས་རྩ་ཕོ་མོ་གང་རིགས་གཅིག་དང་ཕྲད་པ །དེ་ཡི་དབང་གིས་རིགས་རྒྱུད་ཕོ་དང་འཕྲད་ན་བུ་གཅིག་འབྱུང་ལ་མོ་དང་འཕྲད་ན་བུ་མོ་གཅིག་འབྱུང་དེ་ནས་རིགས་རྒྱུད་འབྱུང་བ་མིནནོ།

          དུས་བཞི་དང་ཁམས་ལྔའི་འབྱུང་བ་བརྩི་བ་ནི། །དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། །མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་བརྩི། དཔྱིད་དང་དབྱར་དང་སྟོན་དང་དགུན་དང་བཞི་དུས་མཚམས་དང་ལྔའོ དེའང་དཔྱིད་ཀྱི་ཟླ་བ་གསུམ་ནི་ས་ལ་ཤིང་རྩི་ཁ་འབུས་པའི་དུསཡིན་ལརྒྱ་ནག་གི་ལུགས་དཔྱིད་ར་བ་ཧོར་ཟླ་དང་པོ་སྐར་མ་ནི་རྟ་པའམ་མཆུ་དང་དཔྱིད་འབྲིང་པོ་ཧོར་ཟླ་གཉིས་པ་སྐར་མ་ནི་དབོ་འམ་ཁྲ་དང་དཔྱིད་ཐ་མ་ཧོར་ཟླ་གསུམ་པ་སྐར་མ་ནི་ནག་འམ་བྱིའུས་ནམ་ཚོད་འཛིནཔ་དང་བྱ་རོག་སྒོང་ང་འཇོག་པའི་དུསབར་སྣང་ལ་བྱིའུ་ཅོ་ག་རང་སྐད་འབྱིན་པའི་དུས། ཞག་གྲངས་བདུན་ཅུ་རྩ་གཉིས་ཀྱི་རིང་ཤིང་ཁམས་མཆིན་རྩ་རྒྱུལ་རྩ་དེའི་དབྱིབས་ནི བྱེའུ་ཅོ་གའི་སྐད་ལྟར་རྩ་རྒྱུད་ཕྲ་ལ་གྲིམས་པར་འཕར། ཞག་དེའི་ལྷག་མ་བཅོ་བརྒྱད་པོ་ལ་ནི་ས་ཁམས་མཆེར་པའི་རྩ་ལ་རྒྱུའོ དཔེར་ན་ཧོར་ཟླ་དང་པོའི་ཚེས་གཅིག་ནས་སྟོན་གི་བར་ཞག་སུམ་ཅུ་དང་། ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་སྟོན་གི་བར་ཞག་སུམ་ཅུ་སྟེ་ཞག་དྲུག་ཅུ། ཧོར་ཟླ་གསུམ་པའི་ཚེས་གཅིག་ནས་བཅུ་གཉིས་ཀྱི་བར་ཏེ་ཞག་བདུན་ཅུ་རྩ་གཉིས་པོར་ཤིང་ཁམས་མཆིན་རྩ་རྒྱུ་ཞིང་། ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་སྟོན་གྱི་བར་ལྷག་མ་བཅོ་བརྒྱད་པོ་ལ་ས་ཁམས་མཆེར་རྩ་རྒྱུ་བ་ཡིན་ཏེ་དུས་གཞན་གསུམ་ལའང་རིགས་འགྲེའོ། །ཡང་དུས་ལུགས་གཅིག་ལ་མཚམས་ཞེས་པའི་གོ་བ་ཐ་ཆུང་བཞིའི་ཉེར་གཉིས་ནས་གནམ་གང་གི་བར་དང་། ར་བ་བཞིའི་ཚེས་གཅིག་ནས་དགུའི་བར་བསྡོམས་པར་ཞག་བཅོ་བརྒྱད་རེ་འབྱུང་བ་ལ་བྱེད་པའི་ལུགས་ཀྱང་ཡོད་དོ། །སྔ་མ་ནི་ལྷག་མ་བཅོ་བརྒྱད་ཅེས་པའི་འབྲུ་གནོན་པ་ཡིན་ལ། ཕྱི་མ་ནི་དུས་མཚམས་བཅོ་བརྒྱད་ཕྲག་གི་ཞེས་པ་དང་ཡང་འབྱོར་པས་དོམ་ལ་གཉིས་ཀ་གནས་པ་ཡིན་ནོ།།

          དབྱར་གྱི་ཟླ་བ་གསུམ་ནི་ས་ལ་རྩི་ཤིང་རྣམས་ལོ་འདབ་རྒྱས་ཤིང་ཆར་གྱི་དུསཡིན་ལ དབྱར་ར་བ་ཧོར་ཟླ་བཞི་པ་སྐར་མ་ནི་ས་ག་དང་དབྱར་འབྲིང་པོ་ཧོར་ཟླ་ལྔ་པ་སྐར་མ་ནི་སྣྲོན་ནམ་གདུ་བུ་དང་དབྱར་ཐ་མ་ཧོར་ཟླ་དྲུག་པ་སྐར་མ་ནི་ཆུ་སྟོད་ཁྲི་ཡིས་ནམ་ཚོད་འཛིན དེའི་ཚེ་བར་སྣང་ལ་བྱ་ཡི་རྒྱལ་པོ་ཁུ་བྱུག་སྐད་འབྱིན་པའི་དུསཏེ ཞག་གྲངས་བདུན་ཅུ་རྩ་གཉིས་ཀྱི་རིང་ལ་མེའི་ཁམས་སྙིང་གི་རྩ་ལ་རྒྱུ། རྩ་དེའི་འཕར་དབྱིབས་ཁུ་བྱུག་གི་སྐད་ལྟར་རྩ་རྒྱུད་སྦོམ་ལ་རིང་་ནར་ནར་བར་འཕརརོ། དེའི་ཞག་ལྷག་མ་བཅོ་བརྒྱད་པོར་འི་ཁམས་མཆེར་པའི་རྩ་ལ་རྒྱུབའི་དུས་སོ།

          སྟོན་གྱི་ཟླ་བ་གསུམ་ནི་ས་ལ་རྩི་ཐོག་སྨིན་པའི་དུསཡིན་ལ སྟོན་ར་བ་ཧོར་ཟླ་བདུན་པ་གནམ་ལ་སྐར་མ་ནི་གྲོ་ཞུན་ནམ་བོན་དང་སྟོན་འབྲིང་པོ་ཧོར་ཟླ་བརྒྱད་པ་སྐར་མ་ནི་ཁྲུམས་སྟོད་དམ་ཕྱི་རྩི་དང་སྟོན་ཐ་མ་ཧོར་ཟླ་དགུ་པ་སྐར་མ་ནི་དབྱུག་འམ་ཐ་སྐར་གྱི་ནམ་ཚོད་འཛིན དེའི་ཚེ་བྱེའུ་འུར་པ་བྱེའུ་ཁམ་པ་ཁྱུར་ལོ་པ་ཡིན་ཟེར་ཡང་ཆ་ག་པ་ཡིན་ནོ་དེ་ཡིས་གཤོག་སྒྲ་འབྱིན་པའི་དུསཏེ ཞག་གྲངས་བདུན་ཅུ་རྩ་གཉིས་ཀྱི་རིང་ལྕགས་ཀྱི་ཁམས་གློ་བའི་རྩ་ལ་རྒྱུ། །བྱིད་པོབྱེ་བོ་ཆེ་ཡིན་དེའི་སྐད་ལྟར་རྩ་རྒྱུད་ཐུང་ལ་རྩུབ་པ་ཧྲག་ཧྲག་པར་འཕརརོ དེའི་ཞག་ལྷག་མ་བཅོ་བརྒྱད་པོར་ས་ཁམས་མཆེར་པའི་རྩ་ལ་རྒྱུབའི་དུས་སོ།

          དགུན་གྱི་ཟླ་གསུམ་ནི་ས་གཞི་ལ་ས་ཆུ་འཁྱགས་པའི་སྒང་གི་དུསཡིན་ལ དགུན་ར་བ་ཧོར་ཟླ་བཅུ་པ་གནམ་ལ་སྐར་མ་ནི་སྨིན་དྲུག་གམ་དགུན་ཏ་དང་དགུན་འབྲིང་པོ་ཧོར་ཟླ་བཅུ་གཅིག་སྐར་མ་ནི་མགོ་དང་དགུན་ཐ་མ་ཧོར་ཟླ་བཅུ་གཉིས་སྐར་མ་ནི་རྒྱལ་གསུམ་གྱིས་ནམ་ཚོད་འཛིན དེའི་ཚེ་ཤ་བ་ནག་པོ་ངུ་སྐད་འདོན་པའི་དུས། ཞག་གྲངས་བདུན་ཅུ་རྩ་གཉིས་ཀྱི་རིང་ཆུའི་་ཁམས་མཁལ་ནའི་རྩ་ལ་རྒྱུ། དེ་ཡང་བྱ་མཐིང་རིལ་གྱི་སྐད་ལྟར་རྩ་རྒྱུད་འཇམ་ལ་དལ་བར་འཕར། དེའི་ཞག་ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་ལ་རྒྱུབའི་དུས་སོ། ཟླ་གཤོལ་བྱུང་ཚེ་གསོ་དཔྱད་རང་ལུགས་སྙིང་པོ་ལག་ཏུ་བླང་བ་ནི་མིི་འགྱུར་བའི་གཟེར་ཉི་མ་གང་ལྡོག་པའི་ཟླ་བ་དེ་དབྱར་དང་དགུན་གྱི་ཟླ་བ་འབྲིང་པོར་བརྩིབ་ནིསྤྱི་སྐར་ལ་དབོས་ཉ་བ་ལ་དཔྱིད་ཟླ་ར་བ་བྱེད་པ། དུས་འཁོར་བའི་ལུགས་མགོ་ཟླ་བ་ལ་དཔྱིད་རར་བྱེད་པ་རྒྱ་ནག་གསར་མ། རྟ་པ་སྟེ་མཆུས་ཉ་ལ་དཔྱིད་རར་བྱེད་པ་རྒྱ་ནག་རྙིང་མ་བཀའ་མའི་ལུགས། རྒྱལ་ཉ་ལ་དཔྱིད་རར་བྱེད་པ་རྒྱ་ནག་རྙིང་མ་གཏེར་མའི་ལུགས་ལས། གསོ་དཔྱད་པའི་བློ་གཏོད་པར་གཞུང་འདིའི་རང་ལུགས་ངོས་འཛིན་ནི། ཉི་མ་གར་ལོག་གི་ཟླ་བ་དེ་དབྱར་དགུན་འབྲིང་པོར་ངོས་བཟུང་སྟེ་ཟླ་བ་སོ་སོའི་ངོས་འཛིན་བྱེད་དགོས་པ་ནི་འཕྱུགས་མེད་ཡིན་ནོ། །དཔྱིད་དབྱར་སྟོན་དགུན་གྱིདུས་བཞིའི་མཚམས་ཀྱི་ཞག་བཅོ་བརྒྱད་ལ་ཕྲག་བཞི་བསྡོམས་པས་ཞག་བདུན་ཅུ་དོན་གཉིསཔོའི་རིང་ །ས་ཁམས་མཆེར་རྩ་ས་དགྲ་ཤིང་དར་ཞིང་རྒྱུ་བའི་དུས་དེར། རྩ་དབྱིབས་བྱེའུ་མཆིལ་པ་ནམ་ནས་ཟན་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕརརོ།

          དེ་ལྟར་དུས་བཞི་དང་དུས་མཚམས་དང་འབྱུང་བའི་ཁམས་ལྔར་ཕྱེ་ནས་ནི། །ད་ནི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་བརྩིབར་བྱ་སྟེ །ཤིང་མ་ཆུ་དང་ཤིང་བུ་མེ་མ་ཤིང་དང་མེ་བུ་ས་ས་མ་མེ་དང་ས་བུ་ལྕགས་ལྕགས་མ་ས་དང་ལྕགས་བུ་ཆུ་ཆུ་མ་ལྕགས་དང་ཆུ་བུ་ཤིང་ལྔ་ཆུ་ནས་ཡར་དེད་མ་ལྔ་དང་ཤིང་ནས་མར་དེད་བུ་ལྔ་བསྐོར། །མེ་དགྲ་ཆུ་དང་ཆུ་གྲོགས་མེ་ཆུ་དགྲ་ས་དང་ཆུ་གྲོགས་མེ་ས་དགྲ་ཤིང་དང་ས་གྲོགས་ཆུ་ཤིང་དགྲ་ལྕགས་དང་ཤིང་གྲོགས་ས་ལྕགས་དགྲ་མེ་དང་ལྕགས་གྲོགས་ཤིང་ལྔ་མེ་ནས་མར་དེད་དགྲ་ལྔ་དང་ལྕགས་ནས་ཡར་དེད་གྲོགས་ལྔ་བསྐོར། །མ་དང་བུ་དང་དགྲ་གྲོགས་གང་གྱུར་འབྱུང་བ་སོ་སོར་བརྟགས་ལ་བརྩིའོ།

          དེ་ལྟར་རྩིས་འབྲས་འབྱུང་བའི་མ་དང་འབྱུང་བ་རང་རྩ་དར་ན་རབ་ཏུ་བཟང༌། །དཔེར་ན་དཔྱིད་གསུམ་ཤིང་ཁམས་མཆིན་རྩ་རྒྱུ་དུས་དེའི་མ་ཆུ་ཁམས་མཁལ་རྩ་དང་རང་ཤིང་ཁམས་མཆིན་རྩ་དར་ན་བཟང་ལ། ཤིང་གྲོགས་ས་ཁམས་མཆེར་རྩ་དར་ན་གྲོགས་འབྱུང་། ཤིང་བུ་མེ་ཁམས་སྙིང་རྩ་དར་ན་དབང་ཐང་ཆེ། ཤིང་དགྲ་ལྕགས་ཁམས་གློ་རྩ་དར་ན་དགྲ་འབྱུང་ངམ་ཡང་ན་གསོ་དཀའ་བའི་ནད་ཀྱི་འཆི་ཞེས་པ་ཡིན་ལ། དེས་འབྱུང་བ་གཞན་ལའང་རིགས་འགྲེས་ཏེ་ཤེས་པར་འགྱུར་རོ། །འདི་ལ་སོགས་པའི་རྩ་དར་ཞེས་གསུངས་པ་ཐམས་ཅད་རྩ་རྣམས་ཀྱི་མཚན་ཉིད་དང་གཅིག་པ་ཡིན་ཏེ། སོ་རཱ་ཛཱར། སྣོད་རྣམས་དོན་གྱི་རྗེས་སུ་འབྲངས། །ཞེས་དང་། སྙིང་དང་རྒྱུ་མ་དཀར་ནག་མེད། ཞེས་སོགས་བཤད་དོ།  །གྲོགས་རྩ་དར་ན་གྲོག་དང་འབྱུང་བུ་རྩ་དར་ན་དབང་ཐང་ཆེ །དགྲ་རྩ་བྱུང་ན་དགྲ་འོང་ལ་ཡང་ན་ནད་པ་ཡིན་ན་གསོ་བར་དཀའ་བའམ་འཆིབར་འགྱུར་རོ།

          ངོ་མཚར་གྱི་རྩ་བདུན་ནི་ཁྱིམ་ཕྱྭ་དང་འགྲོན་ཕྱྭ་དང༌། །དགྲ་ཕྱྭ་དང་གྲོག་ཕྱྭ་དང་གདོན་ཕྱྭ་བསྟན་པ་དང༌། །མེ་ཆུ་གོ་ལྡོག་དང་བུ་རྩ་བརྟག་པའོ

          ངོ་མཚར་གྱི་རྩ་དང་པོ་ཁྱིམ་ཕྱྭ་ནི་རྩ་རྒྱུད་གཏིང་བྱིང་ཞིང་ཁར་མི་གསལ་བའམ་བྱེ་བྲག་མི་གསལ་བར་འཐིབས་ན་མི་གཙང་བ་འབྱུང་བའི་རྩ། རྩ་མི་གསལ་བ་རྨུགས་ཤིང་འཐིབས་ན་མྱ་ངན་འོང་བའི་རྩ། རེས་དྲག་པོ་འབྲུབ་ཅིང་བརྒྱལ་ན་རེས་སྡོད་པ་འདྲ་ན་བྲེད་དངངས་འོང་བའི་རྩ། རྩེ་རྣོ་རྩ་བ་སྦོམ་པ་རྩུབ་པའི་རྣམ་པ་ཅན་སྐྱེར་ཚེར་འདྲ་ན་མགྲོན་པོ་བྱེས་སུ་སོང་བ་དེ་སྡུག་བསྔལ་ཐར་མེད་རྩ། སྟོད་སྨད་ཐམས་ཅད་ལང་ལོང་ཆུ་ཚན་ཁོལ་འདྲ་མི་ཁ་འོང་བའི་རྩ། ལྷབ་ལྷབ་བྱེད་པ་དང་ཆོད་ཆོད་བྱེད་པ་མེ་ལྕེ་ཆད་པ་འདྲ་བ་ནོར་གོད་འོང་བའི་རྩ། །དེ་དག་གང་ཡང་རང་རྩ་དཔེར་ན་དཔྱིད་གསུམ་མཆིན་རྩ་ཤིང་ཁམས་དར་དུས་སུ། །རང་གི་ངོ་མཚར་རྩ་བདུན་པོ་རྩ་ལ་གང་བྱུང་ཡང་རང་ཉིད་ལ་འོང༌སྟེ མཆིན་པ་ཤིང་གི་ཆུ་ཁམས་མཁལ་མ་རྩ་དར་ན་མ་དང་ཞང་པོ་ལ་འབྱུང་མཆིན་པ་ཤིང་བུ་མེ་ཁམས་སྙིང་གི་རྩ་དར་ན་བུ་ཚ་ལའབྱུང་ མཆིན་པ་ཤིང་གི་གྲོགས་མཆེར་རྩ་དར་ན་ནོར་ལ་འབྱུང་མཆིན་པ་ཤིང་གི་དགྲ་ལྕགས་ཁམས་གློ་རྩ་དར་ན་དགྲ་ལ་འོང༌ཚུལ་འདིས་འབྱུང་བ་གཅོད་འདྲལ་འཐབས་ལུགས་རིགས་འགྲེ་བ་ཡིན།

ངོ་མཚར་གྱི་གཉིས་པ་འགྲོན་ཕྱྭ་ནི་མགྲོན་པོ་སོང་བ་དེ་གཞི་པ་གང་ལ་སེམས་བརྩེ་བ་གཅིག་གི་རྩ་ལ་བརྟགདགོས་ཏེ། དེའི་མཆིན་རྩ་དྲག་ན་གཞི་ལ་ཡོད་གློ་རྩ་དྲག་ན་ལམ་དུ་ཞུགས་སྙིང་རྩ་དྲག་ན་ཉེ་བར་སླེབ་མཆེར་རྩ་དྲག་ན་ཕྱིན་ལ་ཁད་མཁལ་རྩ་གང་གཡས་དྲག་ན་མགྲོན་འོང་པ་གཡོན་དྲག་ན་དགྲ་འོང་པ། །གཞི་ལ་ཡོད་དང་ལམ་དུ་ཞུགས་པ་དང༌། །ཉེ་བར་སླེབ་དང་ཕྱིན་ལ་ཁད་པ་དང༌། །འགྲོན་དགྲ་འོང་བ་རིམ་པས་བརྟག་པར་བྱ། །ཡང་ན་མགྲོན་པོའི་སེམས་ལ་བརྩེ་བའི་གཞི་བ་དེའི་མ་རྩ་དང་རང་རྩ་དར་ན་ནི་དཔེར་ན་དཔྱིད་ཟླ་གསུམ་ཤིང་ཁམས་ཡིན་པས་ཤིང་མ་ཆུ་ཁམས་མཁལ་རྩ་དང་ཡང་ན་ཤིང་ཁམས་མཆིན་པ་རང་རྩ་དར་བ་ལྟ་བུ་དོན་གཉེར་གཞི་ལ་གནསཔ་དེ་བཞིན་དུ །བུ་རྩ་དར་ན་ལམ་ཞུགས་དགྲ་རྩ་དར་ན་ད་ལྟ་སླེབ། །དོན་གཉེར་བ་འགྲུབ་བམ་མི་འགྲུབ་བརྟག་པ་ནི། དོན་གཉེར་དེའི་སྙིང་རྩ་དྲག་ན་དགྲ་འོང་མཆིན་རྩ་དྲག་ན་དོན་འགྲུབ་མཁལ་རྩ་དྲག་པར་འཕར་བ་ན་སྟོང་ལོག་བྱེད་པ་གསུམ། །དགྲ་འོང་དོན་འགྲུབ་སྟོང་ལོག་བྱེད་པ་ཡིན། །དགྲ་རྩ་དྲག་ན་དོན་གཉེར་དེ་མི་འགྲུབ་གྲོགས་རྩ་དྲག་པར་བྱུང་ན་དོན་གཉེར་འགྲུབབོ།

ངོ་མཚར་གྱི་རྩ་གསུམ་པ་དགྲ་ཕྱྭ་ནི་དགྲ་ལ་ཕར་རྒོལ་ན་གློ་རྩ་དྲག་པར་འཕར་ན་དགྲ་ཐུབ །མཆེར་རྩ་དྲག་པར་འཕར་ན་མི་ཐུབ་དགྲ་གཡུལ་ངོ་མཐོབ་ཡིན་ནོ།།

         དགྲ་ཡི་རྩ་ལ་དགྲ་རྩ་བྱུང་ན་ཐུབཅེས་པ་དཔེར་ན་དཔྱིད་གསུམ་ཤིང་ཁམས་མཆིན་རྩ་རྒྱུ་དུས་ཤིང་དགྲ་ལྕགས་ཁམས་གློ་བའི་རྩ་ནི་དགྲ་དེའི་དགྲ་ནི་ལྕགས་དགྲ་མེ་ཁམས་སྙིང་རྩ་དར་ན་དགྲ་དེ་ཐུབ་པ་ཡིན་ནོ །རང་ལ་དགྲ་རྩ་བྱུང་བ་དཔེར་ན་དཔྱིད་གསུམ་ཤིང་ཁམས་མཆིན་རྩ་ལ་དགྲ་ལྩགས་ཁམས་གློ་རྩ་དར་ན་ཐུབ་མི་འགྱུར། །ཚུར་རྒོལ་བ་པོ་ཡང་གོང་གི་དེ་དང་འདྲ་ན་དགྲ་ཡིས་ཚུར་ཚུགས དུས་འབབ་ཀྱི་འབྱུང་བ་དེ་རང་དང་དེའི་མ་རྩ་དར་ན་ཚུགས་མི་འགྱུརརོ།

ངོ་མཚར་གྱི་རྩ་བདུན་བཞི་པ་གྲོགས་ཕྱྭ་ནི་ནོར་བདག་དེ་རང་གི་རྩ་ལ་བལྟས་པ་ཡིས། །མཆིན་རྩ་དྲག་ན་ནོར་འཕེལ་གོད་མི་འོང༌། །སྙིང་རྩ་མཆེར་རྩ་ཞན་ན་གོད་ཀ་འོང། །གྲོགས་འོང་མི་འོང་(གི)ཀྱི་རྩ་ལ་འབྱུང་བ་དུས་བབས་ཀྱི་གྲོགས་རྩ་བྱུང་ན་རབ། །མ་རྩ་བྱུང་ན་འབྲིང་ཡིན་རང་རྩ་བྱུང་ན་ཐ་མ་ཡིན། །བུ་རྩ་བྱུང་ན་གྲོག་མེད་དགྲ་རྩ་བྱུང་ན་གྲོག་དགྲས་ཁྱེརརོ།

          ངོ་མཚར་གྱི་རྩ་ལྔ་པ་གདོན་ཕྱྭ་ནི་ཤིང་ཁམས་མཆིན་རྩ་དར་ན་གཉན་དང་རྒྱལ་པོར་བཟུང༌། །གདོན་ཕྱྭའི་སྐབས་འདིར་ཤིང་ཁམས་མཆིན་རྩ་གཞན་ལས་ལྷག་པར་དྲག་ན་ཞེས་པ་དང་མེ་ཁམས་སྙིང་རྩ་སོགས་ཀུན་ལ་སྦྱོར་བའི་ལུགས་གཉིས་དང་། ཤིང་ཁམས་མཆིན་རྩ་ལ་གདོན་རྩ་བྱུང་ན་ཞེས་པ་མེ་རྩ་སོགས་ཀུན་ལ་སྦྱོར་བའི་ལུགས་གཅིག་དང་གཉིས་བྱུང་བས་ཕྱི་མ་འཐད་པ་འདུག་ཏེ། འོག་ཏུ་གདོན་རྩ་རྒྱུད་མི་སྙོམས་འགྱུར་ལྡོག་མང་། །ངེས་མེད་སྡོད་འཐེན་ལྩམ་འདྲལ་བྱེད་པ་སྟེ། །ཞེས་གསུངས་པས་གདོན་རྩའི་ངེས་ཚིག་ཡིན་པའི་ཕྱིར་དེ་ཉིད་བྱ་རོག་ལྟ་སྟངས་ཀྱི་རིགས་པས་འདིར་ཡང་སླར་ཡང་འོས་སོ །མེ་ཁམས་སྙིང་རྩ་དར་ན་བཙན་བདུད་ལྕགས་རྩ་རྒྱལ་པོ་དང་དཀོརབདག །ས་ཁམས་མཆེར་པ་ཡི་རྩ་དར་བ་ལ་ནི་ས་བདག་དང་མ་མོར་བཟུང༌། །ཆུ་ཁམས་མཁལ་རྩ་དར་ན་ཀླུ་དང་ཀླུ་སྲིན་དང་དམ་སྲིར་བཟུང༌། རང་རྩ་དེའི་མ་ཡི་རྩ་དར་བ་ལ་ཕ་མའི་ཆགས་འདྲེར་བཟུང༌། རང་རྩ་དེའི་བུ་ཡི་རྩ་དར་བ་ལ་བུ་ཚའི་ཞང་འདྲེར་བཟུང༌། རང་རྩ་དེའི་དགྲ་ཡི་རྩ་དར་བ་ལ་དགྲ་བོས་རྦད་འདྲེར་བཟུང༌། རང་རྩ་དེའི་གྲོགས་ཀྱི་རྩ་དར་བ་ལ་ནོར་གྱི་ཕྱི་འདྲེར་བཟུང༌ངོ་ །རང་གི་རྩ་དེ་གང་དར་བ་ལ་གྲོགས་ཀྱི་འགོས་འདྲེར་བཟུང༌ངོ་།

          ངོ་མཚར་གྱི་རྩ་དྲུག་པ་མེ་ཆུ་གོ་ལྡོག་གི་རྩ་ནི་ཕ་ན་བ་ན་བུའི་རྩ་ལ་བལྟ། བུའི་མཆིན་རྩ་ཚང་ན་ཕ་མི་འཆི་མ་ཚང་ན་འཆི། བུའི་འབྱུང་བའི་རང་རྩའི་མ་རྩ་དར་ན་ཕ་མི་འཆི་གུད་ན་འཆི། ཡང་ན་བུ་ན་བ་ལ་ཕ་ཡི་རྩ་ལ་བལྟས་པ་ཡི། ཕ་དེའི་སྙིང་རྩ་ཚང་ན་བུ་མི་འཆི་མ་ཚང་ན་འཆི། ཕའི་འབྱུང་བ་རང་རྩ་དེའི་བུ་རྩ་དར་ན་བུ་མི་འཆི་གུད་ན་འཆི། །མ་དང་བུ་མོའི་རྩ་ཡང་དེ་ལྟར་བལྟའོ ཡང་ཁྱོ་པོ་ན་བ་ན་ཆུང་མའི་རྩ་ལ་བལྟས་པ་ཡིས། ཆུང་མའི་མཆིན་རྩ་མ་ཚང་ན་ཁྱོ་པོ་འཆི་ལ་ཚང་ན་འཚོ། །ཆུང་མ་ན་བ་ན་ཁྱོ་ལ་རྩ་བལྟས་པས། ཁྱོ་དེའི་མཁལ་རྩ་མ་ཚང་ན་ཆུང་མ་འཆི་ལ་ཚང་ན་འཚོ། །ཡང་ན་ཁྱོ་དེའི་གྲོགས་དང་ཆུང་མ་དེ་དགྲ་རུ་བརྩི། །དགྲ་གྲོགས་རྩ་དར་མི་འཆི་གུད་ན་འཆིཞེས་པ་ཁྱོ་མ་བའི་ཚེ་ཆུང་མའི་རང་རྩའི་གྲོགས་རྩ་དེ་ཁྱོའི་ས་དང་ཆུང་མ་ན་བའི་ཚེ་ཁྱོའི་རང་རྩའི་དགྲ་རྩ་དེ་ཆུང་མའི་ས་རུ་རྩི་བ་ཡིན་ནོ།

          ངོ་མཚར་གྱི་རྩ་བདུན་པ་སྦྲུམ་མའི་རྩ་ནི་ཐ་སོར་འབུར་ལ་དབྱིབས་འདྲིལ་བར་འཕར། བུ་མེད་སྦྲུམ་མ་དེའི་མཁལ་རྩ་གཡས་པ་དྲག་ན་བུ་ཕོ་སྐྱེ། །གཡོན་པ་དྲག་ན་བུ་མོ་སྐྱེ་བར་འགྱུར། མ་དེ་རང་རྩའི་བུ་ཡི་རྩ་ལ་ཡང་དེའི་མ་རྩའི་མཚན་ཉིད་བྱུང་བ་དང་བུ་རྩའི་མཚན་ཉིད་བྱུང་ནས་དེའི་ཚེ་བྱུང༌ །བཙས་ནས་གསོ་བ་སླ་ཞིང་མའི་རང་རྩའི་བུ་རྩ་དེའི་དགྲ་རྩ་བྱུང་ན་གསོ་དཀའབ་ཡིན་ནོ དཔྱིད་གསུམ་ཤིང་ཁམས་མཆིན་རྩ་མ་ཡི་རང་རྩ་དང་། ཤིང་བུ་མེ་ཁམས་སྙིང་རྩ། མེ་དགྲ་ཆུ་ཁམས་མཁལ་རྩ། དེ་ལ་མ་རྩ་མཆིན་པའི་མཚན་ཉིད་བྱུང་ན་བཙས་སླ། །སྙིང་རྩའི་མཚན་ཉིད་བྱུང་ན་བུ་དེ་གསོ་སླ། སྙིང་རྩའི་དགྲ་རྩ་མཁལ་རྩའི་མཚན་ཉིད་བྱུང་ན་གསོ་བར་དཀའོ།།

          ནད་པ་དང་ནད་མེད་པ་སོ་སོར་འཕར་བའི་གྲངས་བསྟན་པནི །ནད་མེད་ཐ་མལ་པ་དེའི་རྒྱུན་རྩ་ནི་སྨན་པ་དེ་ཡི། དབུགས་ཕྱི་རུ་དབྱུང་བ་དང་ནང་དུ་འཇུག་པའི་དབུགས་ཁུག་པ་གཅིག་ལ་དེའི་རྩ་ལན་ལྔ་འཕར་བར་འདོད། །དེ་ལྟར་ཡང་ལན་གྲངས་བརྒྱ་ཡི་བར་དག་ཏུ། རྩ་རྒྱུད་ཆེ་བ་དང་ཆུང་བ་སྟོད་པ་དང་སྨད་པ་སྟེ་མཐོ་དམན་དང་དྲག་པ་དང་དལ་བ་དང་བྱིང་བ་དང་རྒྱས་པ་དང༌། འཕར་གྲངས་རེ་རེའི་ཡུན་ཙམ་དུ་མ་འཕར་བར་སྡོད་པ་དང་སྡོད་ལ་ཁད་པ་སྟེ་འཐེན་པ་དང་ཐང་བ་དང་ལྷོད་པ་སོགས་སྐྱོན་མེད་པར་སྙོམས་པར་འཕར་བར་ནད་མེད་པ་འདོད། །དེ་ལས་གོ་ལྡོག་པ་ནད་ཅན་གྱི་རྩ་ཡིན་ཏེ། ཕྱི་མང་དབུགས་གཅིག་ལ་ལན་ལྔ་ལས་མང་བར་འཕར་ན་ཚ་བ་དང་ཉུང་བར་འཕར་ན་གྲང་བ་ཡིནལ།

          འོན་ཀྱང་ནད་མེད་པའི་སྐབས་ན་རྩ་རྒྱུད་མུ་ཏིག་འཕྲེང༌བ་ལྟར་དང་ མུ་ཏིག་འཕྲེང་བ་ལ་དབྱིབས་དང་ཆེ་ཆུང་མི་འདྲ་བ་དུ་མར་འབྱུང་བ་དགོངས་པ་ཡིན་གྱི། ཁ་གཅིག་སྙོམས་དྲག་པ་ལ་ངོས་བྱེད་ཅིང་སྙོམས་པ་དེ་ཡང་སྐྱོན་ཅན་དུ་འདོད་ཀྱང་མ་ཡིན་ཏེ། གཡུ་ཐོག་ཞབས་ཀྱི་རྩ་དཔྱད་བུ་དོན་མར། རྩ་རྒྱུད་ཡུངས་དཀར་འཕྲེང་མནར་འདྲ། །མུ་ཏིག་འཕྲེང་བ་ཞེས་བྱ་སྟེ། །ལོ་ཡི་ནང་དུ་ཕལ་ཆེར་འཆི། །དེ་ལ་མ་ཤི་ཚེ་རྩར་འགྱུར་ཞེས་གསུངས་སོ། །གོང་རྒལ་བ་དང་མ་ཚང་བ་དང་སྡོད་པ་དང་འཐེན་པ་ལ་སོགས་ཡོད་ནི །ངེས་པ་མེད་ཅིང་སྲིད་པའི་ཕྱིར་རྩ་ན་བའི་གོང་དུ་གཞི་ལ་ཡོད་མེད་དང་གཏན་ལ་དབབཔ་གལ་ཆེ །གཞི་རྩ་ཇི་འདྲ་ཡོད་མ་རྟོགས་པར་འཕར་ཚུལ་ཙམ་ལ་ཁ་ཚོན་བཅད་ན་ཁ་དམར་བཏགས་པས་ལོག་པར་འགྲོ། ཕོ་མོའི་གང་ཡིན་ཡང་གཞི་རྩ་ལ་ཕོ་རྩ་ཡོད་པ་དང་མོལ་བུ་སྐྱེ་བའི་རྩ་དྲག་པོ་དེ་མ་ཤེས་པར་ཚ་བར་འཁྲུལབ་དང་ །བྱང་ཆུབ་སེམས་རྩ་མ་ཤེས་པར་གྲང་བར་འཁྲུལ་བ་དང༌། །མ་ཚང་བ་དང་བཟོད་ནས་གཅོད་སྡོད་ཡོད་པར་མ་ཤེས་པར་འཆི་རྩར་འཁྲུལ་པ་ཡོད། དེ་བས་ནད་པ་དེའི་གཞི་རྩ་སྨན་པ་ལ་རྒྱུས་མེད་པ་རྣམས་ལ་རྩ་བལྟ་བའི་ཐོག་མར་གཞི་རྩ་ཇི་འདྲ་ཞེས་དྲི་བ་བྱེད་པ་གཅེསཔ་ཡིན་ནོ།

ནད་ངོས་བཟུང་བ་ནི་སྤྱི་དང་བྱེ་བྲག་གཉིསལས །སྤྱི་རྩ་དྲུག་གིས་ཚ་བ་དང་གྲང་བ་ལ་ཤན་དབྱེསྟེ་དེ་ཡང་ །དྲག་པ་དང་རྒྱས་པ་དང་འདྲིལ་བ་དང་མགྱོགས་པ་དང་གྲིམས་པ་དང་མཁྲང་བ་དྲུག་ནི་ཚ་བའི་རྩ། ཚ་བའི་སྤྱི་རྩ་དྲུག་པོ་དེ་ཡང་དཔངས་ཚ་བ་དང་གྲངས་ཚ་བ་དང་སྙུགས་ཚ་བ་དང་གསུམགསུམ་དུ་ཕྱེ་བའི་བཅོ་བརྒྱད་ཡིན་ལ། དཔངས་གྲངས་སྙུགས་གསུམ་ནི་རྩའི་དཔངས་མཐོ་དམན་གྲངས་མང་ཉུང་སྙུགས་གཏིང་རིང་ཐུང་ཡིན། རྗེ་ཟུར་མཁར་བས། དཔངས་དང་གྲངས་དང་སྙུགས་དང་གསུམ། །མཐོ་དམའ་མང་ཉུང་རིང་ཐུང་ཡིན། །ཞེས་གསུངས་པས་སོ།དེ་ཡང་ཚ་བའི་སྤྱི་རྩ་དྲུག་དཔངས་མཐོ་གྲངས་མང་སྙུང་ཐུང་བ་དང་། གྲང་བའི་སྤྱི་རྩ་དྲུག་དཔངས་དམའ་གྲང་ཉུང་སྙུགས་རིང་བ་གཞིར་གཞག་གོ།  དེའི་དཔངས་ཀྱི་ཚ་བ་དྲུག་དང་གྲངས་ཀྱི་ཚ་བ་དྲུག་དང་བཅུ་གཉིས་ནི་འཁྲུགས་ཚད་དང་རིམས་ཚད་གསརཔའི་རྩ་ཡིན་ལ །སྙུགས་ཀྱི་ཚ་བ་དྲུག་ནི་རྙིངས་པའི་ཚ་བའི་རྩ་ཡིན། །གྲང་བའི་སྤྱི་རྩ་ནི་ཞན་པ་དང་བྱིང་བ་དང་གུད་པ་དང་བུལ་བ་དང་ལྷོད་པ་དང་སྟོང་པ་དང་དྲུགཡིན་ལ། དེའང་སྙུགས་ཀྱི་གྲང་བ་དྲུག་ནི་གྲང་བ་གསར་པ་ཡིན་ལ་གྲངས་ཀྱི་གྲང་བ་དྲུག་དང་དཔངས་ཀྱི་གྲང་བ་དྲུག་ནི་གྲང་བ་རྙིང་པར་འདོདཔ་ཡིན་ནོ།

          ད་ནི་བྱེ་བྲག་བརྟག་པ་རྣམ་པ་གཉིས་ཡིན་ཏེ། །རྩ་རྒྱུད་སོ་སོས་ནད་རིགས་སོ་སོར་དབྱེ་བ་དང༌། །ཚོན་ཀན་ཆག་གསུམ་གྱི་འོག་ཏུ་རྒྱུ་བ་བཅུ་གཉིས་ཀྱིས། ལུས་ཀྱི་སྟོད་སྨད་དོན་སྣོད་བྱེ་བྲག་གར་བབས་བརྟགཔའོ།

          དང་པོ་རྩ་རྒྱུད་སོ་སོར་བརྟག་པ་ནི། །རླུང་གི་རྩ་ནི་ཆུ་ནང་དུ་རྐྱལ་པ་ཕུ་བ་ལྟར་རྐྱལ་བ་དང་ཁར་གྲིམས་ཀྱང་མནན་ན་སྡིབ་པ་ལྟར་སྟོང་བའི་དོན་ལ་སྐབས་སྐབས་སུ་སྡོདཔ་དང་ །མཁྲིས་པའི་རྩ་རྒྱུད་ནི་ཕྲ་ལ་ཤེད་གྲིམས་པར་འཕར། །བད་ཀན་སྐྱ་བོའི་རྩ་ནི་ཁར་མི་གསལ་བར་གཏིང་དུ་བྱིང་ལ་མི་གྲིམས་པར་རྒུདདོ།

རླུང་ཚད་ལྡན་པའི་རྩ་ནི་མནན་ན་སྟོང་ལ་རྩ་རྒྱུད་རྒྱུག །བད་མཁྲིས་ལྡན་པའི་རྩ་ནི་ཁ་བྱིང་ལ་གཏིང་མནན་ན་གྲིམས། བད་རླུང་ལྡན་པའི་རྩ་ནི་མི་གསལ་བར་སྟོང་ལ་དལ། །བད་ཀན་སྨུག་པོ་རྩ་རྒྱུད་སྦོམ་ལ་རྒྱུ་མ་གཡོས་པ་ལྟར་ཁེངས་ཤིང་ཁྱད་པར་ཀན་འོག་གི་རྩ་ཞརབ་སྟེ་རྩ་རླུང་ཁྲག་གིས་ཁེངས་པ་མ་ཡིན་པར་ཉམས་དམའ་བ་ལེབ་མོ་ལྟར་དང་ཡང་ན་རླུང་ཁྲག་རྒྱུ་བར་ཕྱེད་ཙམ་མ་ཁེངས་པ་ལྟར་འཕར་བའོ།

          ཁྲག་གི་རྩ་ནི་ཐད་སོར་འབུར་ལ་སྐུད་པ་གྲིམས་ལྟར་འདྲིལ་བར་འཕར། །ཆུ་སེར་གྱི་རྩ་ནི་རྒྱུད་འདར་ལ་རྩ་ནང་དུ་རླུང་རྒྱུ་བ་དཀའ། །སྲིན་གྱི་རྩ་ནི་རྩ་འཕར་བའི་འཕྲོ་ལ་བཙེར་བ་ལྟར་བྱེད་པ་རྩའི་རྒྱུ་བ་འཁྱིག་ཅིང་དབྱིབས་ཞེང་དུ་ལེབ་མོར་ཡོད་པ་ལྟར་འཕར། དམའ་ཞིང་རྩ་རྒྱུད་ཞར་ཅིང་འདར་ལ་འཕྲིག་པ་མཛེ་ཡི་རྩ། །འཁྲུགས་ཚད་ཀྱི་རྩ་དབྱིབས་ནི་རྩ་རྒྱུད་སྦོམ་ལ་རྒྱས་པར་ཐད་སོར་སྐུད་པ་གྲིམས་པ་ལྟར་འབུར་ལ་འདྲིལ། །འགྲམས་ཚད་ཀྱི་རྩནི་དབྱིོབས་ཕྲ་ལ་རྩ་རྒྱུད་མཁྲང་ཤེད་ཆེ་བ་གྲིམས་པར་འཕར། །རིམས་ཚད་ཀྱི་རྩ་ནི་དབྱིབས་ཕྲ་ལ་གྲངས་མང་བས་མགྱོགས་པར་འཕར། །གཉན་གྱི་རྩ་ནི་འཁྱིག་ཅིང་ཉིས་གཤིབ་ལྟ་བུར་རྣམས་རེས་ཆེ་རེས་ཆུང་རེས་ཕྲ་རེས་སྦོམ་ལ་ལྕམ་དྲལ་བྱེད། །གཟེར་ཐུང་གི་རྩ་ནི་ཐུང་ཐུང་སྦུད་སྦུད་འཕར། །སྦྱར་དུག་གི་རྩ་ནི་རྩ་དབྱིབས་རྩུབ་ལ་གྲངས་སྤུན་པ་རྩའི་མཚན་ཉིད་དམ་ཚ་གྲང་གི་རྟགས་གཅིག་ཏུ་མ་ངེས་པར་འཆོལ་པ་འདི་བཞིན་མངོན་དུ་མི་བཏུབབོ །ཤ་དུག་གི་རྩ་ནི་རྩ་དབྱིབས་ཕྲ་ཤུགས་མགྱོགས་ལ་རྒྱུད་ཞར་(ཞན)ཅིང་བྱིང་བར་རྒྱུའོ །མེས་པོའི་ཞལ་ལུང་དུ། འཆོལ་བར་རྒྱུ་ཞིང་གཏིང་དུ་སོང་བས་མངོན་མི་བཏུབ་བའོ་ཞེས་བཤད་ལ། ལག་ལེན་གསལ་བྱེད་དུ་རྩའི་རྒྱུན་མི་བརྟན་པར་ངེས་མེད་དུ་འཆོལ་བ་གང་གི་ཡང་ངོ་བོར་མངོན་མི་བཏུབ་པའི་འགྱུར་བ་ཅན་ཏེ། མན་ངག་རྒྱུད་ལས། རྩ་རྒྱུད་མ་ངེས་ཇི་ལྟར་འདུག་གྱུར་ཀྱང་། །མདོག་འགྱུར་མང་ལ་གདོན་རྩ་འདྲ་ན་ཡིན། །ཞེས་འབྱུང་ངོ་མ་སྨིན་ཚ་བའི་རྩ་ནི་རྩ་རྒྱུད་ཕྲ་ཞིང་མགྱོགས་པས་རླུང་ལྟར་ཚབ་ཚུབ་ཏུ་གཡོ། །རྒྱས་ཚད་ཀྱི་རྩ་ནི་རྩ་དབྱིབས་དྲག་ལ་ཁོང་གྲིམས་པར་འཕར། །སྟོངས་ཚད་ཀྱི་རྩ་ནི་མནན་ན་སྟོང་ལ་རྩ་ནང་དུ་རྒྱུག་པ་ལྟར་བྱེད་པ་སྟེ། །གབ་པའི་ཚད་པ་ནི་རྩའི་དཔངས་དམའ་ལ་རྒྱུད་གྲིམས། །ཚད་པ་རྙིང་པ་ནི་རྩ་དབྱིབས་ཕྲ་ལ་ཁོང་གྲིམས་པར་འཕར། །རྙོགས་ཚད་རྩ་ནི་དབྱིབས་ཕྲ་མོ་ལ་རྩའི་གཏིང་ན་ཁྱུག་ཁྱུག་རྒྱུགཔ་ལྟར་འཕར། །རྨ་ཚད་ཀྱི་རྩ་ནི་རྩ་དབྱིབས་སྦོམ་ལ་རྒྱུད་མཁྲང་རྒྱུ་བ་མགྱོགས་པར་འཕར། མདེའུ་སོགས་ཟུག་རྔུའི་རྩ་ནི་རྒྱུད་ཞར་ཞིང་རེས་སྦོམ་རེས་ཕྲ་བ་ཁང་པའི་ཐོག་འབུབས་པའི་ལྕམ་དང་དྲལ་བ་ལྟར་བྱེད། གང་ན་གང་དུ་ཟུག་ངུ་ཡོད་པ་དེའི་རླུང་ཁྲག་ཁ་བྲག་ཏུ་སོང་བས་རྩའི་རྒྱུན་དབུས་ནས་མཐར་ཁ་གཉིས་སུ་གྱེས་པའི་རྣམ་པ་ཅན་གྱིས། ཁ་གཅིག་གཡས་གཡོན་སྦོམ་ཕྲ་ལ་འདོད་ཀྱང་མི་འཐད་དེ། འདུལ་བར། སྲིང་མོ་ལྕམ་ལ་མིང་པོ་དྲལ། །ཞེས་གསུངས་པས། མ་མགོན་ལྩམ་དྲལ་དང་སྒོ་སྲུང་བྱེད་པ་ལྩམ་དྲལ་ཟེར་བ་ཀུན་གཉིས་གཤིབས་པའི་དོན་ཡིན་པས་སོ། །མགོ་ཆག་པ་ན་ཤ་དང་རུས་པ་དང་ཀླད་པ་དང་རྣམ་པ་གསུམ། །གང་ལ་སྐྱོན་ཡོད་པ་ཚོན་དང་ཀན་དང་ཆག་འོག་གི་རྩགསུམ་པོ །རིམ་པ་བཞིན་དུ་རྒྱུ་བ་དྲག་ཅིང་ཁོང་གྲིམས་ལ་དབྱིབས་མགྱོགས་པའོཞེས་པ་མཚོན་རྩ་དྲག་ན་ཤ་སྐྱོན་དང་ཀན་རྩ་གྲིམས་ན་རུས་སྐྱོན་དང་ཆག་རྩ་མགྱོགས་ན་ཀླད་པར་སྐྱོན་ནོ །རྣག་ཡོདཔའི་རྩ་ནི་རྩ་འདར་རམ་ཡང་ན་རྒྱུད་ཚ་ཤས་ལ་ཕྲ་ལ་མྱུར་བར་གྲངས་སྤུནཔའོ།

          གྲང་བའི་རྩ་ནི་མ་ཞུ་གསར་པའི་རྩ་དབྱིབས་སྦོམ་ལ་རྒྱུད་མཁྲང༌། །མ་ཞུ་རྙིང་པ་ནི་ཤེད་ཆུང་རྩ་རྒྱུད་ཕྲ། །སྐྲན་གྱི་རྩ་ནི་དབྱིབས་ཞན་ཅིང་རྒྱུད་ཞར་བར་འཕར། །དམུ་འོར་སྐྱ་རྦབ་ཕྲ་དབྱིབས་བྱིང་བ་དེའི་གཏིང་དུ་མནན་ན་དམརྒྱུ་དཀའ་བ །སྐྱུག་ན་རྩ་སྟོད་ཞན་ལ་འཁྲུ་ནད་ཀྱི་རྩ་སྨད་ཞནཔའང་འཕར་རོ།

          འོན་ཀྱང་རྩ་ལ་ནོར་བའི་འཕྲང་དྲུག་ཡོད་པ་སྟེ། །ཁྲག་རྩ་དང་རླུང་རྩ་གཉིས་རྐྱལ་བར་བྱེད་པར་མཚུངས་པས་ནོར་ར་རེཁྲག་རྩ་གཏིང་གྲིམས །རྒྱས་ཚད་དང་སྟོངས་ཚད་གཉིས་རྩ་རྒྱུག་བར་བྱེད་པས་ནོར་ར་རེཡང་རྒྱས་ཚད་གཏིང་གྲིམས །བད་ཀན་དང་ཁྲག་རྒན་གཉིས་བྱིང་བར་བྱེད་པས་ནོར་ར་རེཡང་ཁྲག་རྒན་འབུར་ལ་འདྲིལ་ལོ།

དེ་དག་སྟོད་སྨད་དོན་སྣོད་གར་བབས་ནདབརྟག་པ་ནི སྨན་པའི་ལག་གཡས་གཡོན་གྱི་ཚོན་རྩ་གཉིས་ཀྱིས་གློ་སྙིང་དང་གཞན་ཡང་ལུས་སྟོད་ཀྱི་ནད་རྣམས་བརྟག །ཀན་འོག་གི་རྩ་གཉིས་གཡས་ཀྱིས་ཕོ་བ་དང་གཡོན་པས་མཆིན་པ་གཞན་ཡང་བར་གྱི་ནད་རྣམས་བརྟག སྨན་པའི་ཆག་འོག་གི་རྩ་གཉིས་ཀྱིས་མཁལ་རྐེད་དང་གཞན་ཡང་སྨད་ཀྱི་ནད་རྣམས་བརྟག གདགས་ཉིན་དང་སྲིབས་ཀྱི་རྩ་ཡིས་སྙིང་དང་གློ་བ་དང་མཆིན་པ་དང་མཆེར་པ་དང་མཁལ་མ་སྟེ་དོན་ལྔ་དང་རྒྱུ་མ་དང་ལོང་ག་དང་མཁྲིས་པ་དང་་ཕོ་བ་དང་ལྒང་པ་དང་བསམ་སེའུ་སྟེ་སྣོད་དྲུག་སོ་སོར་བརྟག ཚུལ་ཇི་ལྟར་ན་མཚོན་ཀན་ཆག་གསུམ་གྱི་ཡར་ཟུར་དོན་ལྔ་དང་ཕྱིར་རྒྱུ་དྲུག་གདགས་ཉིན་གྱི་རྩ། །མར་ཟུར་སྣོད་དྲུག་དང་ནང་རྒྱུ་དྲུག་སྲིབས་ཀྱི་རྩཡིན་པས སྙིང་གི་སྣོད་རྒྱུ་མ་དང་གློ་བའི་སྣོན་ལོང་གྭ་དང་མཆིན་པའི་སྣོད་མཁྲིས་པ་དང་མཆེར་པའི་སྣོད་ཕོ་བ་དང་མཁལ་མ་གཡས་པའི་སྣོད་ལྒང་པ་དང་མཁལ་མ་གཡོན་པའི་སྣོད་བསམ་སེ་རྣམས། དེ་ལས་མི་འདའ་བ་དོན་སྣོད་ཕལ་ཆེར་མ་འདྲས་པའི་ཆོ་རོལ་མི་འབྱུང་ཞིང༌། །དོན་ལ་ཚ་བ་དང་སྣོད་ལ་གྲང་བ་འབྱུང་བ་སྲིད་ཀྱི། །དཔེར་ན་སྙིང་ལ་ཚད་པ་བྱུང་ན་རྒྱུ་མ་ལའང་གྲང་བ་འབྱུང་སྲིད་པ་དེ་བཞིན་རྟགས་ཀྱང་མཉམ་དུ་འབྱུང་སྟེ། རྩ་དཔྱད་བུ་དོན་མར། གཡས་ཀྱི་མཚོན་འོག་
ཚ་གྱུར་ན། །སྙིང་ལ་ཚ་བ་ཡོད་ཅེས་བྱ། །གྲང་ནད་ཕལ་ཆེར་རྒྱུ་མ་གྲང་། །ཞེས་གསུངས་པས། གཡས་ཀྱི་མཚོན་འོག་གི་ཡར་ཟུར་ཕྱིར་རྒྱུ་སྙིང་རྩ་གདགས་དང་མར་ཟུར་ནང་རྒྱུའི་རྩ་སྲིབས་ཀྱི་རྣམ་པ་ཅན་ཡིན་པ་དེ་བཞིན་དུ་གཞན་རྣམས་ཤེས་པར་བྱའོ།
།སྣོད་ལ་ཚ་བ་འབྱུང་ཞིང་དོན་ལ་གྲང་བ་འབྱུང་མི་སྲིདདོ །སྟོད་སྨད་གཉིས་ཀྱང་དེ་བཞིན་དུ་སྟོད་ཚ་སྨན་གྲང་འབྱུང་སྲིད་ཀྱི་སྟོད་གྲང་སྨད་ཚ་འབྱུང་མི་སྲིད་པས་ཤེས་པར་བགྱི། །དེ་དག་མ་འདྲེས་ཕྲ་ཞིབ་ཕྱེད་པར་རྟོགསསོ།

          འཆི་བའི་རྩ་ནི་རྒྱུད་འགྱུར་བ་དང་མ་ཚང་བ་དང་སྡོད་པའོ། །རྩ་རྒྱུད་འགྱུར་བ་ནི་དར་ལྕེ་རླུང་གིས་བསྐྱོད་པ་དང་འདྲབར་རྩ་རྩེ་བར་སོ་སོར་འཕར་བ་ལྟར་ངོས་གཟུང་མེད་པ་དང་།  །ཁྲ་ཡི་མཇུག་རྩེ་ལྟར་འདར་ཕྲིག་ཕྲིག་པར་པིར་བགྲང་དུ་མི་བཏུབ་པ་དང་ཐིགས་ས་ཟགས་པའི་ཆུ་གཞུག་འདྲ་བར་དེ་གཉིས་འཕར་ཡང་སྡོད་ཡང་འཕར་བ་འདྲ། །ཉ་མོ་ཆུ་ནང་དུ་རྔམ་པ་དང་འདྲ་བར་འཁྱུག་ཞིང་འཕར་ཚུལ་ཆུ་ནང་གི་ཉའི་འགྲོས་དང་འདྲ་བར་རེས་དལ་རེས་བྲེལ་བའི་ཤེད་ཆེར་མནན་ཚེ་མི་མངོན་ཞིང་ཅུང་ཟད་མནན་ན་ཀྱུར་ཀྱུར་བྱེད་པའམ་ཡང་ན་སོ་མ་རཱ་ཛཱར། ཉ་ནི་ཆུ་ནས་འབྱུང་འདྲ་བ། །རྩ་ནི་ཡོད་མེད་འགུལ་ཙམ་མོ། །ཉ་གཞུག་ནས་ནི་བཟུང་འདྲ་སྟེ། །དལ་མནན་ཀྱུར་ཀྱུར་དྲག་མནན་ན། །མི་གསལ་མི་འགུལ་ཞན་པའོ། །ཞེས་ཆུ་ནང་ནས་ཉ་སྐམ་དུ་བཏོང་པ་ལག་པས་མནན་པའམ་མཇུག་མ་ནས་བཟུང་པ་ལྟ་བུ་སྟེ་དོན་ལ་ཁྱད་མེད་དོ། །བྱིའུ་མཆིལ་པ་སྒུམ་བུ་འཐུ་བ་དང་འདྲབར་ཏུག་ཏུག་ངེས་མེད་དུ་འཕར་བ །སྦལ་པ་དལ་བར་གནས་གཉིས་གསུམ་མཆོངས་ནས་བར་དུ་འཕར་རྣམ་ཕྱེད་པ་དང་འདྲ་གླང་རྒན་ཁ་ཆུ་སྟོང་ཞིང་དལ་བར་འཕར་བ་ནར་འདྲའོ གཞན་ཡང་ནད་སྟོབས་ཆེན་དང་གློ་བུར་བཙན་ཐབས་ཀྱི་ནད་ལ་རྩ་སྟོབས་ཕྲབ་དང་ ནད་ཡུན་རིང་དང་ནད་པ་ཟུངས་ཟད་ཀྱི་ནད་ལ་རྩ་རྒྱས་པ་དང་རྩ་སྟོབས་དྲག་ལ་འབྲུབ(འཁྲུགས་)པ་དང་། ཡང་གྲང་བའི་ནད་ལ་ཚ་བའི་རྩ་དང་ཚ་བའི་ནད་ལ་གྲང་བའི་རྩ་བྱུང༌བ་དང་ ཁྱད་པར་གློ་ཚད་དང་ཤ་དུག་དང་བད་ཀན་དང་མཁྲིས་པ་ཕོ་ཁར་འདྲིལ །འདི་བཞི་པོ་ལ་ནད་མེད་ཀྱི་རྩ་བྱུང་ངེས་པར་འཆི་བ་ཡིནནོ།

          རྩ་མ་ཚང་བ་དང་ཕྱི་ཡུལ་ན་འབྲེལ་པ་ཅན་་དུ་འབྱོར་པས་ཕྱི་ཡི་རྟགས་ལའང་དཔགསྟེ། །སྙིང་གི་རྩ་མ་ཚང་བས་ན་ལྕེ་ནག་ལ་མིག་འབུར་ཚུགས་སུ་བལྟན་འཆི །གློ་བའི་རྩ་མ་ཚང་ཞིང་སྣ་གཤོག་ལེབ་མོར་ཞོམ་ཞིང་སྣའི་ནང་གོ་སྤུ་གྲ་ལོགན་འཆི། །མཆིན་པའི་རྩ་མ་ཚང་ཞིང་མིག་འབྲས་གྱེན་དུ་ཟློག་ཅིང་སྨིན་མ་ཚམ་འཚོམདུ་འདྲིལ་ན་འཆི །མཆེར་པའི་རྩ་མ་ཚང་ཞིང་མས་ཀྱི་མཆུ་འཕྱངས་ཕོ་བའི་ལྷེན་སྣ་རྡིབན་འཆི །མཁལ་མའི་རྩ་མ་ཚང་ཞིང་རྣ་བའི་ཨུ་དེའི་སྒྲ་ཆད་ཅིང་རྣ་བ་ལེབ་མོར་འབྱརན་འཆི དེའང་སྙིང་རྩ་མ་ཚང་ན་ཞག་གཅིག་དང་གློ་རྩ་མ་ཚང་ན་ཞག་གཉིས་མཆིན་རྩ་མ་ཚང་ན་ཞག་གསུམ་དང་མཆེར་རྩ་མ་ཚང་ན་ཞག་ལྔ་དང་མཁལ་རྩ་མ་ཚང་ན་ཞག་བརྒྱད་ན་འཆིའོ།

སྡོད་ལ་ན་སྡོད་དང་འཆི་སྡོད་དང་འདྲེ་སྡོད་དང་གསུམ། །ན་དུས་གཞོགས་གང་ནའི་ངོས་ཀྱི་རྩ་སྡོད་པ་ནི་ན་སྡོད་ཡིན། དེ་ཡང་མཚོན་རྩ་སྡོད་ན་གྲང་བ་དང་ཆག་རྩ་སྡོད་ན་ཚ་བ་དང་ཀན་རྩ་སྡོད་ན་རླུང་། ཕྱི་དྲོ་དང་མཐོ་རངས་སྡོད་པ་རླུང་། གུང་གཉིས་སྡོད་པ་མཁྲིས་པ། སྲོད་དང་སྔ་དྲོ་སྡོད་པ་བད་ཀན། རྩ་སྡོད་སྡོད་ན་སྐྱུགས། བར་སྡོད་ན་མེ་དྲོད་ཉམས། སྨད་སྡོད་ན་འཁྲུ་བ་ཞེས་ཨ་ཙ་ར་ཕྱག་སྡུམ་གསུང་ངོ་། །འདྲེ་སྡོད་ནི་ཚ་གྲང་དང་གྲངས་མང་ཉུང་ངེས་མེད་རེས་འགའ་དྲག་རེས་འགའ་དལ་བར་བྱེད་པ་སྟེགྲངས་ངེས་མེད་དང་དུས་མེད་མཚོན་ཀན་ཆག་གསུམ་ངེས་མེད་དྲག་ཞན་ངེས་མེད་དལ་བྲེལ་ངེས་མེད་སོགས་སྣ་ཚོགས་འོང་ཞེས་ཀྱང་ཨ་ཙ་ར་ཕྱག་སྡུམ་གསུང་ངོ་ །གྲངས་དང་དུས་དུ་ངེས་པར་སྡོད་པ་ནིོ་འཆི་སྡོད་ཡིནནོ།སྦོམ་ལ་གྲངས་སུ་སྡོད་ན་མྱུར་དུ་འཆི། ཕྲ་ལ་གྲངས་སུ་སྡོད་ན་ག་ལེར་འཆི། གྲངས་ཉུང་ལ་སྡོད་ན་ག་ལེར་འཆི། གྲངས་ཡས་སྡོད་ན་མྱུར་དུ་འཆི། དོན་གྱི་རྩ་སྡོད་ན་མྱུར་དུ་འཆི། སྣོད་ཀྱི་རྩ་སྡོད་ན་ག་ལེར་འཆི་བ་ཡིན་ཞེས་པའང་ཨ་ཙ་ར་ཕྱག་སྡུམ་གྱི་གསུང་ངོ་།  །འདྲེ་སྡོད་ལ་ཡས་བྱིན་ནད་སྡོད་ལ་སྨན་གྱིས་བཅོས། །དེ་ལྟར་བྱས་ཀྱང་སྐྱེད་མེད་ན་ཅིས་ཀྱང་འཆི་བར་འགྱུརརོ །ནད་ཀྱི་རྩ་བྱིང་བ་དང་སྦབ་མཚོན་སོགས་རྐྱེན་གྱིས་རྩ་གབ་དང་གདོན་གྱིས་རྩ་སྦསཔ་རྣམས་ནི་རེ་ཞིག །རྩ་འཕར་རྒྱུ་མེད་པར་གྱུར་ཀྱང་ངེས་པ་མེད་ཕལ་ཆེར་འཚོབའང་འབྱུང་ངོ་།དེང་སང་གི་དུས་འདིར་སྨན་པ་ལ་ལ་དག་གིས་ནད་པའི་རྩ་ལ་སྡོད་འཐེན་ཡོད་པ་ཙམ་ལ་འཆི་རྩར་ལུང་བསྟན་ནས་ནད་པ་མ་ཤི་བས། སྨན་པས་རྐང་དྲངས་པ་མང་པོ་རང་རེ་ཆུ་ནད་ཀྱིས་ཐེངས་གཉིས་སུ་ཉེན་པའི་སྐབས་བྱུང་བ་ཡིན་པས། སླད་ནས་སྨན་པ་རྣམས་ཀྱིས་ལེགས་པར་བརྟག་ཅིང་རྩ་ཆུ་ནད་ཟོ་ཐམས་ཅད་ལ་ཞིབ་ཏུ་མ་དཔྱད་ན། སྨན་པ་མཁས་པ་གཞུང་རྒྱ་ཅན་ང་རྒྱལ་དང་དྲེགས་པ་མྱོས་པ་མང་པོས་ཀྱང་རྐང་དྲངས་ཤིང་བླ་བཙོངས་པ་ཡིན་ནོི།།

          གདོན་ཡོད་རྩ་ནི་རྩ་རྒྱུད་ཕྲ་རགས་མི་སྙོམས་ཤིང་རྣམ་པ་འགྱུར་ལྡོག་མང༌། །ངེས་པ་མེད་པར་སྡོད་པ་དང་འཐེན་པ་དང་ཕྲ་སྦོམ་མི་སྙོམས་པར་ལྕམ་དྲལ་བྱེད་པ་སྟེ། དེ་འདྲ་བ་སྙིང་གི་རྩ་ལ་བྱུང་ན་ ལྷ་བསྲུངས་དང་རྒྱལ་པོ་བརྟག །གློ་བའི་རྩ་ལ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་བརྟག །མཆིན་པར་བྱུང་ན་ས་བདག་དང་དམ་སྲི་དང་གྲེ་མོ་བརྟག །མཆེར་པར་བྱུང་ན་གྲེ་ཕོ་དང་གཉན་དང་ས་བདག་བརྟག །མཁལ་མ་གཡས་པ་ལ་བྱུང་ན་ཀླུ་དང་གཉན་དུ་བརྟག །མཁལ་མ་གཡོན་པ་ལ་བྱུང་ན་མཚོ་སྨན་དང་ཀླུ་བསེན་བརྟགགོ། རྩ་སྦོམ་རགས་ཆེ་རིང་དལ་ནར་ནར་མི་གྲུང་གཞི་རྩ་ལས་ལྡོག་པ་གཡས་ཕྱོགས་ལ་འདུག་ན་ཕོ་གདོན་ཡིན་པར་་ངོས་བཟུང༌། །གྲུང་ཞེས་པ་བརྡ་རྙིང་ཡིན་བརྡ་གསར་པར་དྭངས་པ་ཞེས་བྱ་བ་ཡིན་པས་དཔེར་ན། ཆུ་རྙོགས་ཅན་ལ་མ་དྭངས་པ་ཞེས་པ་ལྟར། འདིར་ཡང་རང་གི་གཞི་རྩ་ལས་ལྡོག་པའི་རྩ་གང་བྱུང་ཡང་རྩ་མ་དྭངས་པ་ཞེས་དང་། གཞི་རྩ་དེ་དག་སོར་གཞག་མ་འགྱུར་ན་རྩ་དྭངས་པ་ཞེས་བརྗོད་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག བརྡ་གསར་རྙིང་སོགས་དེང་སང་གི་སྨན་པ་ཕལ་ཆེར་གྱིས་ཅི་འདྲ་ཤེས་ཆ་མ་མཆིས་སོ། རྩ་ཕྲ་ཞིང་ཆུང་ཐུང་རགས་རགས་པ་མི་གྲུང་གཞི་རྩ་ལས་ལྡོག་པ་ལག་པ་གཡོན་པ་་འདུག་ན་མོ་གདོན་ཡིན་པར་ངོས་བཟུང༌ངོ་ །རླུང་གི་ནད་ཅན་ལ་དཀོར་བདག་དང་རྒྱལ་པོ་གནོད། །གློ་ཚ་དང་གཟེར་ཐུང་ལ་བཙན་བདུད་དང་ཀླུ་བཙན་གནོད། །རིམས་ནད་དང་མཁྲིས་ནད་ཅན་ལ་སྲིད་པ་ཐམས་ཅད་འདིས་སྐྱེད་པར་འདོད་པའི་སྲིད་པའི་མ་མོ་དང་སུམ་ཅུ་རྩ་གསུམ་གྱི་བྱང་ཤར་ཡོངས་འདུས་ཀྱི་ཤིང་བརྟེན་པ་མ་ཁྲོས་ན་སྨན་མོ་ཚུལ་དུ་གནས་པས་ཞེས་བྱ་བའི་བྱང་སྨན་གནོད། །དམུ་ཆུ་དང་སྐྲན་དང་འབྲས་དང་ལྷོག་ནད་ཅན་ལ་ཀླུ་གཉན་དང་ས་བདག་གནོདཔ་ཡིན་ནོ། གདོན་ངོས་ཟིན་ན་བོན་ཆོག་དང་མདོས་དང་བསྐྲད་པ་དང༌། དབང་བསྐུར་སོགས་བྱིན་རླབས་ཞུ་བ་དང་རྒྱལ་བའི་བཀའ་བསྒྲག་པ་དང་མཆོད་པ་དང་སྦྱིན་པ་སོགས་བསོད་ནམས་བསག་པ་ལ་སོགསདང་ རང་རང་གི་ཡུལ་ལུགས་དང་སྦྱར་ཏེ་གང་ལ་གང་འཚམ་འི་རིམ་གྲོས་བཅོསསོ།

          ད་ནི་ཚེའི་རྟགས་བླ་ཡི་རྩ་ལ་བརྟག་པ་ནི། རང་སེམས་ལ་རང་དབང་མ་ཐོབ་པས་གཉིས་འཛིན་དུ་བཏགས་ནས་ཁ་ཕྱིར་བལྟས་པས། ཉོན་མོངས་པ་མ་རིག་པས་གཡོས་པས་རྟེན་འབྲེལ་བཅུ་གཉིས་སུ་འཁོར་ཞིང་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་དང་སྲོག་གི་རྟེན་དུ་བླ་རྩ་འཁྱམ་པོ་ཞེས་པའི་ཐ་སྙད་བྱུང༌། རྣམ་ཤེས་ཀྱི་རྟེན་ལ་ཚེའམ་སྲོག་གི་རྟེན་བླ་ཞེས་བྱ་བ་རྩ་ནང་ནས་ཕྱི་རོལ་ཏུ་ཡང་འཁྱམས་པར་བྱེད་པའི་དོན་གྱིས་འདིར། ཚེ་སྲོག་རྟེན་དུ་བླ་རྩ་འཁྱམ་པོ་བྱུང་། །ཞེས་དང་། བཤད་རྒྱུད་དུ། གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། །ཞེས་གསུངས་སོ། དེའང་བླ་རྩ་དེ་ཉིད་རང་མལ་དུ་གནས་ན་བླ་ཚེ་རང་མལ་དུ་གནསཔས་བཟང་ལ །བླ་རྩ་དེ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟནཔ་ཡིན་ནོ །བླ་རྩ་དེ་བྲོས་ཏེ་མི་རྒྱུ་ན་བླ་ཚེ་ཡར་བ་ཡིན་ཏེ་འཆིའོ །ཚེ་ཆོག་འཆི་བསླུའི་ཆོ་གས་ཁུགས་པ་སྲིད་པ་ཙམཡིན་ནོ།

          དེ་ཉིད་ལག་པའི་ཡར་མར་གྱི་ཆུ་རྒྱུས་ཀྱི་འོག་ན་གབ་ནས་མི་རྒྱུ་ན། མི་དེ་བན་དེ་དང་བོན་པོ་དང་སྔགས་པ་ཡིན་ན་ཁོ་རང་གི་བསྲུངས་མ་བདུད་དུ་བབསཔ་ཡིན་ལ །སྐྱེ་བོ་ཡིན་ན་བན་སྔགས་ཀྱི་བྱས་པའི་ཟོར་ཁ་བྱུང་ངམ་ཡང་ན་ཀླུ་གཉན་དང་འཁོན་ཞིང་འགྲསཔ་ཡིན་ལ དེ་ཡང་ཕོ་ལ་བླ་རྩ་གཡས་རྒྱུ་ཁག་པ་ལྟར་འཁྱིག་ཅིང་སྡོད་ན་ཕ་སྤུན་འཆི། །གཡོན་པ་དྲག་པོར་མི་རྒྱུ་བ་འཁྱིག་ཅིང་སྡོད་ན་བུ་སྨད་འཆི། གཡས་གཡོན་གཉིས་ཀ་རྒྱུ་ཁག་པ་ལྟར་འཁྱིག་ཅིང་མི་འཕར་བར་སྡོད་ན་རང་ཉིད་གྲི་རུ་འཆིམན་རྒྱུད་དུ རྟ་གྲི་ཆུ་གྲི་རྦབ་གྲི་གཡང་གྲི་ལྕིབས་གྲི་སོགས་ཀྱིས་འཆི་བར་བྱེད་པ་སྟེ་ཞེས་གསུངས་པ་ལྟར་རོ། །ཐེངས་གཅིག་སྡོད་ན་ནོར་ལ་གོད་ཀ་དང་རང་ལ་ཁ་སྨས་ཁ་མཆུ་ཁ་ཡོགས་འོང༌། །བུད་མེད་ཀྱི་བླ་རྩ་གཡས་པ་འཁྱིག་ཅིང་སྡོད་ན་ཁྱོ་ཕྱོགས་ཀྱི་མི་འཆི། །གཡོན་པ་འཁྱིག་ཅིང་སྡོད་ན་ཕ་མིང་ཕྱོགས་ཀྱི་མི་འཆིབ་ཡིན གཡས་གཡོན་གཉིས་ཀ་འཁྱིག་ཅིང་སྡོད་ན་བུ་དང་ཁྱོ་པོ་འཆི། །ཡང་ལྒང་པ་ཕུས་ལྡིར་བས་བགྲངས་པ་ལྟར་སྣང་ཡང་མནན་ན་ལྡིབས་ཀྱི་འགྲོ་བ་ལྟར་སྟོང་བ་དང་ལྒང་ཕུས་ལྟིར་བ་ཆུ་ནང་དུ་བསྐྱུར་བ་ལྟར་མི་བརྟན་བར་འགྱར་འགྱུར་བྱེད་པ་ལྟར་བརྒྱལ་ན་གོད་ཀ་འོང་ཐང་གཅིག་ཙམ་མི་རྒྱུ་བ་འཁྱིག་ན་ཁ་སྨྲས་འོང༌

          མལ་དུ་སྡོད་མི་ཐུབ་པ་ན་གདོན་གྱི་རྩ་ཡིན་ཏེ། དེ་ཡང་སྦོམ་པ་དང་འཁྲུག་པ་ནི་ཕོ་གདོན་ཐུང་བ་དང་རྩུབ་པ་ནི་མོ་གདོན་ཡིན་པར་ངོས་བཟུང༌ངོ་།

          གཞི་མལ་གང་ཡོད་ལྟར་བླ་རྩ་སྙོམས་ཤིང་སྐྱོན་གང་ཡང་མེད་པར་ལན་གྲངས་བརྒྱ་ཐམ་པ་འཕར་བ་ན་ནི། མི་དེ་ལོ་བརྒྱ་ཐུབ་སྟེ་དེ་བཞིན་དུ་འཕར་གྲངས་སྐྱོན་མེད་ལྔ་བཅུས་ལོ་ལྔ་བཅུ་ཐུབ། །དེ་བཞིན་དུ་འཕར་བ་རེས་ལོ་རེ་ཐུབ་པར་བཤདཔ་ཡིན་ནོ །དེ་ལྟར་རྩ་རྣམས་ལ་བལྟ་རྟོག་དཔྱོད་པར་བྱེད་པའི་སྨན་པ་དེ་ནི་རྣ་བ་ཉན་རྣ་བྱེད་པ་འདྲསྟེ རྣམ་པར་ཤེས་པ་གཞན་དུ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་བསྡུས་ལ་བལྟས་ནས་ཡིན་མིན་གྱི་གཏམ་སྤྲོ། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རེག་པ་རྩ་ལ་ནད་ངོས་བཟུང་བའི་ལེའུ་སྟེ་དང་པོའོ། 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།