ལེའུ་དང་པོ། མན་ངག་རྒྱུད་ཞུས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.02.2021 |
༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མན་རྒྱུད་ཀྱི་བཀའ་མཆན་ཐེམ་སྤང་མ་ཞེས་བྱ་བ་བཞུགས་སོ།།
ལེའུ་གོ་གཉིས། སྐབས་བཅོ་ལྔ། ཡན་ལག་བརྒྱད་པ། མཆན་བུ་གསལ་བར་བྱས་པའོ།།
༄༅ ཨཿ ཐཱ་ཞེས་པ་ནི་བརྡ་སྤྲོད་ཀྱི་གཞུང་ལས། བཀྲ་ཤིས་རྒྱུན་མི་ཆད་པར་རྩོལ། འདྲི་དང་མཐའ་དག་ཨཿ ཐཱའོ། །ཞེས་པས་རྒྱད་ཀྱི་དབུར་དེ་ནས་ཞེས་པ་བཀྲ་ཤིས་པའི་ཚིག་དང། རྒྱུད་དོན་རྒྱུནམི་ཆད་པའི་ངེས་ཚིག་དང་རྩ་བཤད་ཀྱི་རྒྱད་གཉིས་གསུངས་པའི་འཇུག་ཐོགས་དེ་མ་ཐག་པ་ན།་ དམར་ཁྲིད་མན་ངག་རྒྱད་འདི་ཉིད་རིག་པའི་ཡེ་ཤེས་ཀྱིས་རྩོལ་བའི་བསླད་དུ་ཡིད་ལས་སྐྱེས་གྱི་དྲི་བ་དང་ཚིག་དོན་མཐའ་དག་མ་ཚང་བ་མེད་པ་དང། ཡང་ན་ཨཿ ཐཱ་ཞེས་བྱ་བ་སྟེ་ཡན་ལག་བརྒྱད་ཀྱི་བརྗོད་བྱ་བརྗོད་བྱེད་ཐམས་ཅད་ལ་འདུས་པས་ན་དབང་དུ་བྱ་བ་ཞེས་སྦྱར་རོ། །ཇི་ལྟ་ཇི་སྙིད་དང་གཤིས་སམ་བབ་ཀྱི་ཆོས་རྒྱུ་འབྲས་ངེས་པ་དང་སྟོན་པ་ཆོས་ཐམས་ཅད་ཀྱི་སྤྲོས་པའི་མཐའ་བཅོམ་པས་ཆོས་སྐུ་བཅོམ་ལྡན་སྲིད་ཞིའི་མཐའ་ལས་འདས་པས་སྤྲུལ་སྐུ་འདས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་འཆིང་བ་ལ་གསོ་བས་འཚོ་མཛད་སྨན་གྱི་བརྡ་རྙིང་པར་ཕན་པའེི་དོན་བླ་མ་ནི་གོང་དུ་གཞན་མེད་པ་། བེེཌཱུརྱའི་ཚུལ་སྟེ་དག་པར་སོང་བའི་རིན་ཆེན་་ཁ་དོག་སྔོ་ལ་དྭངས་བ་ལྟ་བུར་སྐུ་མདོག་སྔོན་པོ་མཚན་དཔེར་ལྡན་། འོད་ཀྱི་རྒྱལ་པོ་འོད་གཞན་གྱིས་ནི་མུན་གསལ་ཙམ་སྟེ་འདིས་ནི་དུག་གསུམ་པོ་སེལ་བས་འོད་གཞན་གྱི་རྒྱལ་པོ་ཡིན་ནོ། །དེས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། གང་དང་གང་་དགོས་པ་ཡིད་ལ་འདོད་པ་ཙམ་གྱིས་ཐོགས་མེད་དུ་འབྱུང་བ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ལྟེ་བ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕོངས་པའི་སྡུག་བསྔལ་བསལ། ཕྱི་ནང་གི་ནད་ཐམས་ཅད་ཞི་བར་བྱས་ཏེ་སླར་སྐུའི་ལྟེ་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཡོན་ཏན་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་པ་ལས། གསུང་གི་སྤྲུལ་པ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །
ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྒྱས་པར་བཤད་རྒྱུད་དེ་ལྟར་གསུངས་ལགས་ན། །མན་ངག་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། ཡོན་ཏན་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། གསུམ་པ་མན་ངག་རྒྱུད་ལ་གཞུང་གི་དོན་ནི་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་བསླབ་པ་ནི། །འགྲོ་མཆོག་གཙོ་བོར་གྱུར་པའི་མི་ལུས་ཀྱང༌། །མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམ། །གཏི་མུག་དབང་གིས་སྐྱོན་ཡོན་རྒྱུ་མ་ཤེས། །འདོད་པའི་དབང་གིས་སྡིག་པའི་ལས་མང་སྤྱད། །ཞེ་སྡང་དབང་གིས་གཞན་ལ་གནད་དུ་བཙུགས། །ཕྲག་དོག་དབང་གིས་མཐོ་ལ་འགྲན་སེམས་བསྐྱེད། །ང་རྒྱལ་དབང་གིས་དམའ་ལ་ཁྱད་དུ་བསད། །རིག་པ་སྤྱང་པས་མནོག་ཆུང་བྱ་བའི་ལས་གང་རྩོམ་པ་ཀུན་ལ་འཇུག་པར་ །མདོ་དོན་ཆུང་བས་ཡུན་གྱི་སྲིད་མ་རྙེད། །ལས་ངན་བག་ཆགས་རྒྱུན་འཁྲིགས་བསགས་པ་ཡིས། །འཁོར་བའི་ཁ་བརྒྱུད་ལུས་ངན་སྣ་ཚོགས་བླངས། །དེ་ཕྱིར་ལས་དང་ཉེས་པ་ལས་བྱུང་བའི། །བཞི་བརྒྱ་རྩ་བཞིའི་ནད་དུ་གྲགས་པ་ཡིས། །བདེ་བའི་བར་སྐབས་མེད་པར་ལུས་སེམས་གདུངས།
གཉིས་པ་བྱེ་བྲག་ཏུ་བཤད་པ་ནི་སྤྱིར་གདམས་པ་དང་སྐབས་བཅོ་ལྔར་ཞུས་པ་གཉིས་ལས་དང་པོ་ནི །དེ་ལ་ཉེས་པ་རླུང་མཁྲིས་བད་ཀན་ཁོང་ནད་ཚད་པ་དང༌། །ལུས་སྟོད་དོན་སྣོད་གསང་བ་ཐོར་བུའི་ནད། །ལྷན་སྐྱེས་རྨ་བརྒྱད་ལུས་སྤྱིར་གསོ་བ་སྟོན། །བྱིས་པ་མོ་ནད་གདོན་མཚོན་དུག་ནད་དང༌། །རྒས་པ་རོ་ཙ་ཡན་ལག་བརྒྱད་པོ་ཡིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི། །ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན། །ལག་ལེན་མན་ངག་རྒྱུད་ཆེན་འདི་ནང་དུ། །བརྩེ་བའི་སེམས་ཀྱིས་དྲང་སྲོང་ཁྱོད་ལ་བཤད། །གུས་པས་ཉོན་ལ་ཡིད་ལ་ཟིན་པར་གྱིས། །དྲེགས་མེད་བྱམས་པའི་སེམས་ཀྱིས་ནད་པ་གསོས།
གཉིས་པ་སྐབས་བཅོ་ལྔའི་སྒོ་ནས་དྲི་བར་བསྐུལ་བ་དང་དྲི་བ་གཉིས་ལས་དང་པོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །བློ་རབ་དོན་དུ་རྩ་རྒྱུད་མདོར་བསྟན་བཤད། །བློ་འབྲིང་དོན་དུ་བཤད་རྒྱུད་རྒྱས་པར་བཤད། །ཐ་མའི་དོན་དུ་ཤིན་ཏུ་རྒྱས་པ་ཡི། །དམར་ཁྲིད་ལག་ལེན་གཅིག་ཏུ་ཁྲིགས་བསྡེབས་པའི། །མན་ངག་རྒྱུད་འདི་བཅོ་ལྔའི་སྐབས་ཀྱིས་དབྱེ། །དེ་ལ་རླུང་མཁྲིས་བད་ཀན་སྣ་དྲངས་ནས། །ནད་རིགས་གང་ལ་གསོ་ཐབས་གང་དགོས་པ། །ཁྱོད་ཀྱིས་དྲིས་ཤིག་ང་ཡིས་བཤད་ལུང་སྦྱིན། །ཞེས་གསུངས་པ་དང༌། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །གཉིས་པ་དྲི་བ་དང་མཇུག་དོན་གཉིས་ལས་དང་པོ། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཁྱོད་ནི་འགྲོ་ཀུན་དཔལ་དུ་ཤར་བས་ན། །དང་པོར་མདོ་གནས་རྩ་རྒྱུད་བསྡུས་པར་གསུངས། །དེས་མ་ཁྲོལ་ལ་བཤད་རྒྱུད་རྒྱས་པར་གསུངས། །ད་ནི་དེ་ཡི་ལག་ལེན་མན་ངག་རྒྱུད། །སྐབས་ཀྱི་དབྱེ་བ་བཅོ་ལྔར་གསུངས་པ་ལས། །ཉེས་གསུམ་གསོ་བའི་སྐབས་ལ་ཇི་ལྟར་བསླབ། །རླུང་དང་མཁྲིས་པ་བད་ཀན་རྣམ་གསུམ་གྱི། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་རྣམས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཀྱེ་ཧོ་འགྲོ་བའི་དོན་དུ་བཤད་དུ་གསོལ། །གྲོགས་ཀྱི་དམ་པར་དགོངས་ལ་བཤད་དུ་གསོལ། ཅེས་ཞུས་སོ།
གཉིས་པ་འཇུག་དོན་ནི་ །བདུད་རྩི་སྙིང་པོ་འཆི་བ་མིད་པ་ཡན་ལག་བརྒྱད་པ་གསོ་བྱེད་སྤྱི་སྡོམ་གསང་བ་སྣོད་མིན་ལ་མན་ངག་གི་ལགལེན་མ་སྦས་པ་རྒྱུད་ལས་སྐབས་འདིར་མན་ངག་རྒྱུད་ཞུས་པའི་ལེའུ་སྟེ་དང་པོའོ།། །།
མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:24 PM
<< སྔ་མ།