སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་དང་པོ། གླེང་བསླང་པ་སྤྱིའི་དོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



༄༅། །སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ་

ཞེས་བྱ་བ་བཞུགས་པ་ལེགས་སོ།།


 

ལེའུ་དང་པོ། གླེང་བསླང་པ་སྤྱིའི་དོན།

 

ཞང་ཞུང་སྐད་དུ། བསྔལ་ཆར་བི་ལས། འཚོ་ཅི་ར་ས་འབའ་ཤི་ནམ།

བོད་སྐད་དུ། སྡུག་བསྔལ་གསོ་བའི་སྨན་འབུམ་དཀར་པོ་ཞེས་བྱ་བ།

ཐམས་ཅད་མཁྱེན་པ་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ།། དེ་ནས་སྟོན་པ་ཐབས་མཁས་པ། ཐུགས་རྗེ་ཆེ་བ་འཚོ་བྱེད་སྨན་གྱི་ལྷ་དྲང་སྲོང་ཆེན་པོ་དེ་འཁོར་གྱི་ཡེ་གཤེན་གཡུང་དྲུང་སེམས་དཔའ་ཆེན་པོ་སུམ་སྟོང་དྲུག་བརྒྱ་དང་བཅས་ཏེ། སྟག་གཟིག་གི་ཡུལ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། ཤིང་འཇའ་ཚོན་འཛོམས་(འཛམ་)བུ་སིག་ཤའི་ཚལ། རྩི་མ་ཀུན་དྷེ་རའི་གསེབ་སྨན་གྱི་ནགས་ཚལ་ནེ་(ནེའུ་)སེང་ཡོངས་སུ་རྒྱས་པའི་དབུས་ན། བདུད་རྩི་ཡོངས་འདུས་བདེ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། སྐུ་ཡི་གནས་དྲུག་ནས་འོད་ཟེར་བྱེ་བ་ཕྲག་སྟོང་དུ་མ་གཅིག་ཕྱོགས་བཅུར་སྤྲོས་(འཕྲོས་)ནས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་འདུ་བའི་ནད་རྣམས་བསལ་སྟེ། སླར་འདུས་ནས་སྟོན་པ་ཉིད་ཀྱི་སྐུ་ལ་ཐིམས་པས། སྟོན་པའི་སྐུ་ལ་མེ་ཏོག་སྣ་ཚོགས་པའི་ཕུང་པོ་མངོན་པར་གསལ་བར་གྱུར་ཏེ། སྟོན་པ་ཉིད་ཀྱང་ཞལ་འཛུམ་པར་མཛད་དོ།། དེ་ལ་སྟོན་པ་དེ་ཡི་སྲས་གསོ་བ་རིག་པའི་བསྟན་པ་འཛིན་པ་སྨན་དང་དཔྱད་ཀྱི་བཀའ་བསྡུ་བའི་དཔྱད་བུ་ཁྲི་ཤེས་བྱ་བ་དེ་བསྟན་པ་ལ་(སྟན་ལས་)ལང་སྟེ། སྨན་མཆོག་རྒྱལ་པོ་ཨ་རུ་ར་དང་། རྩི་ཡི་ལྗང་བུའི་འབྲས་བུ་ཕུལ་ནས་ཞུས་པ། ཀྱེ་འཚོ་བྱེད་སྨན་པའི་རྒྱལ་པོ་ལགས།། སྐུ་ལས་འོད་ཟེར་སྤྲོས་(འཕྲོས་)ནས་སླར་སྡུད་ཅིང་།། མེ་ཏོག་སྐུ་ལ་བཀྲ་བ་རྒྱས་པ་འདི།། འདི་ཡི་དོན་ཆེད་བདག་ལ་བཤད་དུ་གསོལ།། ཅེས་ཞུས་པས། སྨན་པའི་རྒྱལ་པོས་བཀའ་སྩལ་(བསྩལ་)པ། ཉོན་ཅིག་གཡུང་དྲུང་སེམས་དཔའི་ཚོགས་རྣམས་བདག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་སྤྲོས་(འཕྲོས་)པ་དེ། བདག་གིས་ཉོན་མོངས་པ་དུག་ལྔའི་བདུད་ཐུལ་བས་ཡེ་ཤེས་ཆེན་པོའི་མཐུ་རྒྱས་ཡོན་ཏན་མཐུ་རུ་སོང་། ཡོན་ཏན་ཆེན་པོ་དེ་དང་ལྡན་པས་འགྲོ་བ་ཀུན་གྱི་ལུས་དང་ཚེ་ལ་བར་དུ་གཅོད་པ་ཀུན་གྱི་རྩི་རུ་ཆེ་བས། སེམས་ཅན་འདུ་བའི་ནད་རྣམས་བསལ་བ་ཡིན་ནོ།། འོད་ཟེར་སླར་བསྡུས་ནས་བདག་ཉིད་ཀྱི་ཕུང་པོ་ལ་མེ་ཏོག་གི་སྣང་བ་རྒྱས་པ་འདི། དུག་ཉིད་ཡེ་ཤེས་ཆེན་པོའི་རྩི་རུ་སོང་བའི་རྟགས་ལགས་སོ།། མ་འོང་(འོངས་)པའི་གང་གཡུང་དྲུང་སེམས་དཔའ་ཐམས་ཅད། དུག་ཉིད་འདུལ་བའི་ཐབས་ལ་མཁས་པར་གྱིས། འདུ་བ་འཇོམས་པ་གསོ་བྱེད་སྨན་འབུམ་དཀར་པོ་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱོད་ཀྱིས་རྒྱ་ཆེར་ཏོན་(སྟོན་)ཅིག ཅེས་གསུངས་པས། རིག་པ་འཛིན་པའི་སེམས་དཔའ་དཔྱད་བུས་ཡང་ཞུས་པ། ཀྱེེ་སྨན་པའི་རྒྱལ་པོ་དྲང་སྲོང་ཆེན་པོ་ལགས། སེམས་ཅན་ཐམས་ཅད་དོན་དུ། གསོ་བྱེད་བདུད་རྩིའི་ཐིག་(ཐིགས་)པ་བྱ་བ་གསུངས་པ་འདི། སེམས་ཅན་ཐམས་ཅད་སྡུག་བསྔལ་འདུ་བའི་ནད་ལས་གྲོལ་བར་བྱ་བའི་ཕྱིར། བདག་ཆགས་(ཅག་)འཁོར་རྣམས་ཀུན་ལ་ངེས་པར་བཤད་དུ་གསོལ། ཅེས་ཞུས་པས་ཡང་སྟོན་པས་གསུངས་པ། དཔྱད་བུ་ཁྲི་ཤེས་ལ་སོགས་གསོ་བ་རིག་པ་འཛིན་པའི་སྐྱེས་བུ་ཀུན། ཞུས་པའི་དོན་རྣམས་བསྟན་གྱིས་དབང་པོ་མ་ཡེང་(གཡེང་)ཉོན། གསོའ་(གསོ་)བའི་རིགས་ལ་བྱེ་བ་ས་ཡ་ཡད་(ཡོད་)མོད་ཀྱང་།། རྩ་བ་བསྡུས་ན་རྣམ་པ་གསུམ་དུ་ཤེས་པར་བྱེད་(བྱ་)དགོས་ཏེ།། ནད་དང་གཉན(གཉེན་)པོ་དེ་ཡི་གསོ་ཐབས་གསུམ་ཡིན་ཏེ།། ནད་ལ་བསྡུ་ན་རྣམ་པ་བཞི་ཡིན་ཏེ།། རླུང་མཁྲིས་བད་ཀན་འདུས་པ་བཞི་རུ་འདུས།། དེ་ཡང་བསྡུ་ན་ཚ་གྲང་གཉིས་ཡིན་ཏེ།། རྒྱས་པར་ཕྱེས་ན་བཞི་བརྒྱ་རྩ་བཞི་ཡོད།། དེ་ལས་ཡང་ཕྱེས་སྟོང་དང་རྩ་གཉིས་གསུངས་སོ།། དེ་ཡི་གཉེན་པོ་གསོའ་(གསོ་)བྱེད་རིག་པ་ལ།། བྱེ་བྲག་ནད་དང་མཐུན་པར་གྲངས་མང་ཡང་།། མདོ་རུ་བསྡུས་ན་སྨན་དཔྱད་ཐབས་ལམ་གསུམ།། སྨན་ལ་གཉིས་ཏེ་ཞེས(ཞི་)བྱེད་སྦྱངས་དང་གཉིས།། ཞེ་(ཞི་)བྱེད་དག་ལ་གཉིས་སུ་གསུངས་པ་སྟེ།། ཚ་གྲང་ཞི་བྱེད་བསིལ་དྲོད་གཉིས་ལས་(ལ་)མ་འདུས་མེད། སྦྱོང་རིགས་ལ་ཡང་ལྟོ་སྦྱང་གཉིས་ལ་འདུས། དཔྱད་ལ་འཇམ་ཆོས་རྩུབ་ཆོས་གཉིས་སུ་ཤེས་པར་གྱིས། ཐབས་ལ་གཉིས་ཏེ་ཟས་དང་སྤྱོད་པ་གཉིས། ཟས་ལ་ཕན་གནོད་སྤྱོད་པ་དྲག་དལ་སྟེ། གསོའ(གསོ་)བ་ཐམས་ཅད་དེ་ལས་མ་འདུས་གཅིག་ཀྱང་མེད། དེ་ལྟར་གཉེན་པོ་བཅུ་ཡི་ལག་ལེན་རིག་པས་བརྟག སྤང་བླང་བྱེ་བྲག་མཁས་པས་འདུས་པའི་ནད་སེལ་ལོ།།

བདུད་རྩི་ཐིག་(ཐིགས་)པ་སྨན་གྱི་མདོའ་(མདོ་)ལས་གླིང་(གླེང་)བསླང་བ་སྤྱི་ཡི་དོན་ཏེ་ལེའུ་དང་པོ་རྫོགས་སོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།