སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་བཅུ་པ། རྒས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་དགུ་བཅུ་པ། རྒས་པ་གསོ་བ།

 དགུ་བཅུ་པ་རྒས་པ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། ཚེ་ཟད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ལུས་ཟུངས་འགྲིབས་ཏེ་ཚེ་ཟད་པ་རྒས་པའི་ནད་ལ་བརྟེན་པ་ཚེ་བསྲིང་བ་ཡིས། རྟེན་ལུས་སྟོབས་བསྐྱེད་པ་སྨན་སོགས་ཀྱི་བཅུད་ལེན་གྱི་ཆོ་ག་སྟེ་འགྲུབ་བྱེད་ཀྱི་ཐབས་བཤད་པ་ནི་ཞེས་ངེས་པར་གཟུང་བ་སྟེ། ཐབས་འདི་ལ་དུ་ཡོད་ཅེ་ན། ཕན་ཡོན་དང་གནས་དང་བརྟེན་དང༌། བྱ་བའི་ཐབས་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཕན་ཡོན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་ཆད་མེད་ཅེས་པར། ཟླ་ཟེར་ལས། དུ་བ་ཉིན་མཚན་བརྟུལ་ཤུགས་སྤྲུལ། །བུད་མེད་གླེན་པས་མི་བགྲོད་པར། །ཞེས་འབྱུང་ངོ༌། །གསུམ་པ་ནི། རྟེན་ནི་ཞེས་རྐང་པ་བཞིས་བསྟན་པའོ། །བཞི་པ་བྱ་ཐབས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བྱ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་གཙོ་བོར་བླངས་ནས་སྒྲུབ་པ་དང༌། ཞོར་ལས་སྤྱད་པ་སྟེ་ལོང་ཁྱད་དང་བསྟུན་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་གཙོ་བོར་བསྒྲུབ་པ་ལའང་གཉིས་རིག་བྱེད་སྤྱི་མཐུན་གྱི་སྒོ་ནས་སྒྲུབ་པ་དང༌། རྫས་སྔགས་ཏིང་འཛིན་གྱི་སྒོ་ནས་བསྒྲུབ་པའོ། །དང་པོ་ནི། གཙོ་བོར་ཞེས་རྐང་པ་སུམ་ཅུ་ཐམ་པས་བསྟན་ཏེ། སྣུམ་འཆོས་ནི་ཟས་སྣུམ་དྲོད་བསྟེན་དུགས་ནི་དྲོ་བའི་དུགས་བྱའོ། །ལྷ་མིན་ཁྲག་དེ་བཅུད་ལེན་མཆོག་ཡིན་པས། ཞེས་པའི་ལྷ་མིན་ཁྲག་སྒོག་པ་སྟེ། སྙིང་པོ་བསྡུས་པར། སྒྲ་གཅན་བདུད་རྩི་བརྐུ་བ་ན། །སྐེ་བཅད་པ་ལས་འཛགས་གྱུར་པའི། །བདུད་རྩི་ཐིགས་པ་སར་ལྷུང་བ། །སྒོག་པ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེ་དེ་མི་ཟ། །སྔོན་དུས་བདུད་རྩི་ལས་བྱུང་བས། །དེ་ནི་བཅུད་ཀྱི་ལེན་མཆོག་ཡིན། །ཞེས་འབྱུང་ངོ༌། །ནས་སྣོད་བདུན་གསུམ་བཞག་པའི་ཞག་གྲངས་བསྟེན། །ཞེས་པ་ལ་སྙིང་པོ་བསྡུས་པར། ཞག་བཅུ་བཞག་པའམ་དེ་བཞིན་དུ། །བཞག་དང་མཉམ་པར་སྤྱད་པར་བྱ། །ཞེས་འབྱུང་བས། སྒོག་སྐྱ་ཞུན་མར་སྦྱར་བའི་ལྡེ་གུ ནས་རྙིང་སྐམ་པོའི་དབུས་སུ་ཞག་བཅུ་བཞག་ན་དེ་ནས་ཞག་བཅུ་བསྟེན། གསུམ་བཞག་ན་གསུམ་བསྟེན་པ་སོགས་ཞག་གང་བཞག་པའི་ཞག་དང་གྲངས་མཉམ་བསྟེན་ནོ། །བྲག་ཞུན་མདོག་ནག་ས་མེད་བ་གཅིན་བྲོ། །ཞེས་སོགས་ལ་སྙིང་པོ་བསྡུས་པར། །སོས་ཀའི་ཚ་བས་གདུང་དྲག་ལ། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །དེ་དག་ཀུན་ཀྱང་ཁ་ཞིང་ཚ། །ཤས་ཆེར་མི་འཕྲོད་ཞུ་རྗེས་ཚ། །གཅོད་པར་བྱེད་དེ་དེ་ལས་ནི། །ལྕགས་ལས་བྱུང་བ་རབ་ཏུ་བསྔགས། །བ་གཅིན་དྲི་བྲོ་གནག་པ་དང༌། །གུ་གུལ་འདྲ་ཞིང་གསེག་མ་མེད། །སྦྱིན་བག་སྣུམ་ཞིང་སྒྱུར་བ་དང༌། །སྐ་ཞིང་འཇམ་ལ་ལྕི་བ་དང༌། །བྲག་ཞུན་དེ་ནི་མཆོག་ཡིན་ནོ། །ཞེས་དང༌། ཡང་ན་ནད་དང་གང་འཕྲོད་སྨན་དང་སྦྱར། །ལྕགས་ཀྱི་སྣོད་དུ་བཅུག་ལ་ཚད་ལྡན་ཟ། །ཞེས་པ་ལ་དེ་ཉིད་དུ། །ནད་དང་ནད་པ་རྗེས་མཐུན་པར། །སྨན་དང་བྲག་ཞུན་ཆ་མཉམ་བྱ། །ལྕགས་ཀྱི་སྣོད་དུ་སྦྱར་བར་བྱ། །ཞེས་སོ། །ནད་དང་གང་འཕྲོད་པའི་སྨན་ཚིག་རྐྱང་དང་སྦྱོར་སྡེ་གང་རིགས་བྲག་ཞུན་ཆ་མཉམ་ལྕགས་སྣོད་དུ་སྐོལ་ཞིང་སྦྱོར། ཚད་ལྡན་བཟའ་བ་ལ། དེ་ལྟར་བྲག་ཞུན་མི་རྣམས་ལ། །ཤིན་ཏུ་ཕན་པར་བྱེད་པ་ཡིན། །ཡོན་ཏན་མ་ལུས་བསྐྱེད་བྱེད་ཅིང༌། །འཕྲལ་དུ་གནོད་པར་མི་བྱེད་དོ། །ཞག་བདུན་ཕྲག་གཅིག་ཕྲག་གསུམ་དང༌། །ཕྲག་བདུན་ཞོ་དོ་སྲང་ཕྱེད་ཕྱེད། །ཅེས་འབྱུང་བས། ཞག་བདུན་ཕྲག་གཅིག་དང་པོའི་ཞག་བདུན་ལ་ཞག་རེ་བཞིན། གསེར་ཞོ་གཉིས་དང་བརྗིད་མཉམ་བཟའ། དེ་ནས་བདུན་ཕྲག་གསུམ་སྟེ་ཞག་ཉེར་གཅིག་ལ་སྔ་མ་ཞོ་གཉིས་ཀྱི་སྟེང་དུ་ཞོ་ཕྱེད་བསྐྱེད་པ་ཞོ་ཕྱེད་གསུམ་གསུམ་བཟའ། དེ་ནས་ཞག་ཕྲག་བདུན་ཏེ་ཞེ་དགུའི་བར་སྔར་ཕྱེད་གསུམ་གྱི་སྟེང་དུ་ཞོ་ཕྱེད་བསྐྱེད་པའི་ཞོ་བཞི་བཞི་བཟའ་བའོ། །འདི་ལ་མོན་སྣེ་རྒྱ་སྲན་རྟག་ཏུ་སྤང༌།

        ཞེས་པ་ལ་སྙིང་པོ་བསྡུས་པར། རྒྱ་སྲན་མོན་སྣེ་དམར་རུ་དང༌། །ཕུག་རོན་ཤ་ནི་རྟག་ཏུ་སྤང༌། །ཞེས་སོ། །ས་སྟེང་བྲག་ཞུན་མ་བཅོམ་ནད་ཡོད་མིན། །ཞེས་པ་ལ། དེ་ཉིད་དུ། གང་ཞིག་བྲག་ཞུན་གྱིས་ནི་མངོན་སུམ་དུ། །མ་བསལ་ནད་དེ་ས་སྟེང་ཡོད་མ་ཡིན། །དུས་སུ་ཆོ་ག་བཞིན་དུ་བསྟེན་བྱས་ན། །ནད་མེད་ཉམས་སྟོབས་རྒྱ་ཆེན་བསྐྱེད་པར་བྱེད། །ཅེས་འབྱུང་ངོ༌། །ཙི་ཏྲ་ཀ་དང་སྦྲང་རྩི་མར་སྦྱར་བ། །ཞེས་པ་ལ་སྙིང་པོ་བསྡུས་པར། ཙི་ཏྲ་ཀ་ཡི་མེ་ཏོག་ནི། །སེར་པོ་དཀར་ནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྦྱར། །གོ་རིམ་བཞིན་དུ་ཡོན་ཏན་ཆེ། །དེ་ཡི་རྩ་བ་གྲིབ་མར་སྐམས། །ཕྱེ་མར་བྱས་ལ་སྦྲང་རྩི་མར། །འོ་མ་ཆུ་དང་ཟླ་གཅིག་བར། །བརྟུལ་ཞུགས་ཅན་གྱིས་བསྟེན་བྱས་ལ། །ཕན་པའི་ཟས་ནི་ཟ་བྱེད་ན། །ལོ་བརྒྱ་འཚོ་ཞིང་ནད་མེད་ལ། །ཡིད་གཞུངས་སྟོབས་དང་མདངས་ལྡན་ཞིང༌། །ལུས་རྒྱས་མེ་དྲོད་འབར་བར་འགྱུར། །ཏིལ་མར་ལྡེ་གུ་ཟླ་གཅིག་བར། །བསྟེན་ན་རླུང་ནད་གསོ་དཀའ་འཇོམས། །གཅིན་སྦྱར་ཤ་བཀྲ་མཛེ་ནད་འཇོམས། །དར་བར་སྦྱར་བས་གཞང་འབྲུམ་སེལ། །ཞེས་འབྱུང་ངོ༌། །འཕྲོད་ཟས་ནི་ལུས་ཁམས་དང་སྨན་དང་རྗེས་མཐུན་གྱི་ཟས་སྣུམ་དྲོའོ། །དེ་ལྟར་སྒོག་པས་རླུང༌། བྲག་ཞུན་གྱིས་ཁྲག་དང་མཁྲིས་པ། ཙི་ཏྲ་ཀས་བད་ཀན་གྲང་བ་དང་ཆུ་སེར། འབྲས་བུ་གསུམ་གྱིས་འདུས་པ་སེལ་ཏེ་ནད་གཞི་དང་སྦྱར་བའི་བཅུད་ལེན་ནོ། །འདི་དག་ནི་རིག་བྱེད་མཐུན་པར་བཤད་པའོ། །ད་ནི་རྫས་སྔགས་ཏིང་འཛིན་གྱི་སྒོ་ནས་ཚེ་སྟོབས་བསྒྲུབ་པ་གསང་སྔགས་དང་མཐུན་པར་བཤད་པ་ལ་གཉིས། བདུད་རྩི་བཞི་དང་མེ་ལྔའི་བཅུད་ལ་བརྟེན་པ་དང༌། ཅོང་ཞི་ལྕགས་རྡོ་མངར་གསུམ་ལས་བརྟེན་པའོ། །གཉིས་པ་རྫས་སྔགས་ཏིང་འཛིན་གྱི་སྒོ་ནས་ཚེ་སྟོབས་བསྒྲུབ་པ་ལ་གཉིས། བདུད་རྩི་བཞི་དྭངས་མ་ལྔའི་བཅུད་ལ་བསྟེན་པ་དང༌། ཅོང་ཞི་ལྕགས་རྡོ་མངར་གསུམ་ལ་བསྟེན་པ་གཉིས་སོ། །དང་པོ་ལ་གཉིས། སྨན་དངོས་དང་ཕན་ཡོན་དང་གཉིས་སོ། །དང་པོ་སྨན་དངོས་ལའང་དྭངས་མ་ལྔ་བཤད་པ་དང༌། བདུད་རྩི་བཞི་བཤད་པ་གཉིས་ལས། དང་པོ་ནི། རྩི་བཞི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་ཕྱི་འབྱུང་གི་དྭངས་མས་ནང་འབྱུང་གི་གསོས་བྱེད་པའི་རྟེན་འབྲེལ་ལོ། །གཉིས་པ་བདུད་རྩི་བཞི་ནི་ཤུག་འབྲུམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་བཞི་ནི་བདུད་རྩི་ཟིལ་པ་ཅན་དང་རྒུན་མི་སྐམས་པས་མྱ་ངན་མེད་པའི་ཤིང་ཡིན་པས་ཚེའི་གསོས་སུ་འགྱུར་བའོ། །གཉིས་པ་ཕན་ཡོན་བཤད་པ་ནི། འདི་ཡིས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཅོང་ཞི་ལྕགས་རྡོ་མངར་གསུམ་བསྟན་པ་བཞི། སྦྱར་ཐབས་དང༌། ཏིང་འཛིན་དང༌། བཟླས་པ་དང༌། བསྟེན་ཐབས་དང་བཞི་ལས། དང་པོ་སྦྱར་ཐབས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྦྱར་ཐབས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྦྱར་ཐབས་དེ་ཡང་ཆེན་པོ་དང༌། ཆུང་ངུ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས།

        དང་པོ་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་ཅོང་ཞི་རིགས་ལྔ་ལས་རྙེད་ན་མ་ནིང་དགོས། ཅོང་ཞི་རྡོ་རྒྱུད་དུ། ནད་རྣམས་མ་ལུས་ཞི་བྱེད་པ། །དཀར་དམར་སེར་ལ་སྣ་རིངས་མཉེན། །ཕོ་མོ་གཉིས་ཀས་བསྟེན་བྱས་ན། །བདུད་རྩི་ལྟ་བུའི་ནུས་པ་ཡོད། །མིང་ནི་མ་ནིང་ཚིལ་བུ་སྟེ། །བཅུད་ལེན་རྣམས་ཀྱི་མཆོག་ཏུ་འགྱུར། །ཞེས་པ་འདི་སྔགས་ལ་གཞན་གྱིས་ཀྱང་ཚབ་རུང་ངོ༌། །ལར་ཅོང་ཞི་བྲག་ཞུན་སྲིད་པའི་བྱང་སེམས་དཀར་དམར་དུ་ཡང་གྲགས་སོ། །དང་པོ་ཅོང་ཞི་ནས་ཙམ་བརྡུངས་པ་བྲེ་གང་ཆུ་ཞོ་གང་སྟེ་བྲེ་དྲུག་ལ་བསྡུས་པའི་ཁུ་བ་བྲེ་གང་ལུས་ཚེ་ཚིགས་མ་བཏོན། བདུད་རྩི་བཞི་དང་བྲག་ཞུན་ཞེས་ཏེ་རིགས་ལྔ་ལས་ལྕགས་ཞུན་བསྔགས་ཏེ། འདི་ལྔ་དྲོ་ཕྱེད་ཕྱེད། །སྣོད་སོ་སོར་གུང་གུང་དུ་བསྡུས་པའི་ཁུ་བ་ཁྱོར་བ་རེ་རེ། འོ་མ་མར་སྲང་སུམ་ཅུ་ཆ་བཅད་ལ་ཞེས་ཏེ་ཆུ་འོ་མ་ལ་ཐིམ་པ་ན་བྱས་པའི་སྨན་མར་ཚུལ་བཞིན་བྱས་ལ་བུ་རམ་དང་སྦྲང་ཆ་མཉམས་བྲེ་གང་གང་སྟེ་བྲེ་དོ་སྦྱར་བ་ཐོད་པ་མཚན་ལྡན་བཟང་པོར་བླུག་ལ། གཉིས་པ་ཏིང་འཛིན་སྒོམ་པ་ནི་ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྤྱི་ལྟར་བྱ་སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་ཐོད་པའི་དབུས་སུ་ཨོཾ་དང་མཱུཾ་ལས་རྣམ་པར་སྣང་མཛད་དཀར་པོ་ཡབ་ཡུམ། གཡས་འཁོར་ལོ་གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ་ཤར་དུ་ཧཱུཾ་དང་ལ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཐིང་ཁ་རྡོརྗེ་དང་ཐོད་པ་བསྣམས་པ། ལྷོ་རུ་ཏྲཱཾ་དང་མཾ་ལས་རིན་ཅེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་ཅེན་དང་ཐོད་པ་བསྣམས་པ། ནུབ་ཏུ་ཧྲཱིཿདང་པ་ལས་སྣང་མཐའ་ཡབ་ཡུམ་དམར་པོ་པདྨ་དང་ཐོད་པ་བསྣམས་པ། བྱང་དུ་ཨ་དང་ཏཱཾ་ལས་དོན་གྲུབ་ཡབ་ཡུམ་ལྗང་ཁུ་རྒྱ་གྲམ་དང་ཐོད་པ་བདུད་རྩིས་གང་བ་བསྣམས་པར་བསྐྱེད་ལ། དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་གཉིས་སུ་མེད་པར་གྱུར་པར་བསམས་ལ་གསུམ་པ་བཟླས་པ་བྱ་བ་ནི། བཻ་རོ་ཞེས་སྔགས་རྐང་ལྔ་དང་ཚིག་རྐང་གཅིག་གིས་བསྟན་ཏེ། བསྟན་མ་ཐག་པ་དེ་དག་ལ་དམིགས་པ་གཏད་དེ་སྔགས་ཀྱིས་རང་སྒྲ་སྒྲོགས་པར་སེམས་ལ་གཞུང་དུ་གསུངས་པའི་རིགས་ལྔའི་གཉེན་པོ་སྟོང་ཕྲག་ལྔ་བཟླས་ཐོད་པའི་སྨན་གྱི་སྟེང་དུ་རིགས་ལྔ་ཡབ་ཡུམ་དུ་གསལ་བ་སྙོམས་པར་བཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབས་སྨན་ལ་ཐིམ་པས་འཆི་བ་མེད་པའི་བདུད་རྩིར་གྱུར། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་སངས་རྒྱས་ཐམས་ཅད་ལ་ཕག་བས་མཉེས་པའི་མཆོད་པར་གྱུར། ཐུགས་རྗེ་དང་བྱིན་བརླབས་ཚེ་དང་དཔལ་འབྱོར་གྱི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཐོད་པར་ཐིམ། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་ཐམས་ཅད་དག་རིགས་ལྔ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། སླར་དེ་ག་དང་སྣོད་བཅུད་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཐོད་པར་ཐིམས། སྨན་སྣོད་ཀྱི་ཐོད་པ་བདུད་རྩིས་གང༌། རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་སྨན་དང་དབྱེར་མེད་དུ་འདྲེས་གཉིས་སུ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར་པ་ཧ་ཡ་གྲིའ་བས་གསུང་བར་བསམ་པ་སོགས་བྱའོ། །བཞི་པ་བསྟེན་ཐབས་ནི། ཟླ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་བསྟེན་ཚུལ་ཟླ་བ་ཡར་ངོ་ནི་ཚེས་གཅིག་ལ་དྲོ་གོང་སྔ་དྲོ་སྟེ་ཟས་བཟའ་བའི་གོང་ལ་སྨན་བསྟེན་ཞིང་སྤྱོད་ལམ་དུ་རྡུལ་མ་ཐོན་ཙམ་བཅག་པར་བྱའོ།།

        གཉིས་པ་སྦྱོར་ཐབས་ཆུང་དུ་བསྟེན་པ་ལའང་གསུམ་སྨན་སྦྱར་ཐབས་དང༌། བསྒོམ་བཟླས་དང་བསྟེན་ཚུལ་གསུམ་ལས། དང་པོ་སྨན་སྦྱར་བ་ནི། ཆུང་བ་ཞེས་རྐང་པ་བདུན་དང་འབྲུ་བཞིས་བསྟན་ཏེ། ཅོང་ཞི་ཤོ་ཙམ་བཅག་པ་སྤང་གི་མེ་ལ་ཚོས་པར་བསྲེག་པའི་དམར་པོ་དེ་ཆུ་ནང་དུ་བླུག་པའི་སོར་སྒྲ་དང་བཅས་དེ་ཞིག་འགྲོ་བས། དེ་སྐབས་ནས་ཞིབ་པར་བཏག་འོ་མ་སོགས་དང་སྦྱར། ཡང་ན་ཅོང་ཞི་དང་ལྕགས་རྡོ་ཆ་མཉམ་རྩི་བཞིན་བཏགས་ལ་ཀ་ར་བུ་རམ་སྦྲང་རྩི་མངར་གསུམ་དང་སྦྱར་བ་ཐོད་པ་བཟང་པོར་བླུག་ལ། གཉིས་པ་ནི། རང་ཉིད་ཅེས་འབྲུ་ལྔ་དང་རྐང་པ་གཉིས་ཀྱི་བསྟན་ཏེ། སྨན་བླུག་པའི་ཐོད་པ་མདུན་གྱི་ཁྲིའུ་སྟེང་དུ་བཞག་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚད་མེད་བཞི་སོགས་སྤྱི་ལྟར་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་ཏུ་ཡི་དམ་གང་མོས་སམ་ཚེ་དཔག་མེད་དུ་གསལ་བར་བསྐྱེད་ལ། མདུན་དུ་ལས་སྨན་སྣོད་དེ་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་སྟེང་དུ་ཨཱཿདཀར་པོ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཨཱཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་མདུད་རྩིའི་བུམ་པ་འཛིན་པ། བུམ་པའི་ནང་དུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་དབུས་སུ་ཟླ་བའི་གའུ་བདུད་རྩིས་གང་བ་ཞིག་བསྐྱེད་ལ། དེ་ཧ་ཡ་གྲིའ་ཝ་སྐུ་མདོག་དམར་པོ་ཕྱག་གཡས་དབྱུག་ཏོ་དང་གཡོན་སྡིགས་མཛུབ་མཛད་པས་བསྲུང་བར་བསྒོམ་ལ་བཟླས་པ་དང་སྤྲོ་བསྡུ་བྱ་བ་ནི་ཨོཾ་སརྦ་ཞེས་སྔགས་འབྲུ་ཉི་ཤུ་དང་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། གཞུང་ནས་གསུངས་པའི་སྔགས་བཟླ་ཞིང༌། བདག་ཉིད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཚེ་དཔག་ཏུ་མེད་ལ་འཕྲོས། ཚེ་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྣོད་བཅུད་བརྟན་གཡོ་ཐམས་ཅད་ཀྱི་ཚེ་བསོད་ནམས་འབྱུང་བའི་བཅུད་ཐམས་ཅད་བསྡུས་ནས་བུམ་པ་དང་གའུར་བསྟིམ་ལ་གོང་དུ་བསྟན་པའི་གཞུང་སྔགས་ལ་བསྙེན་པ་ཁྲི་བསྐྱལ་སླར་དེ་དག་འོད་དུ་ཞུ་ནས་འཆི་བ་མེད་པའི་བདུད་རྩི་ཆེན་པོར་གྱུར་པར་བསམ་མོ། །གསུམ་པ་བསྟེན་ཐབས་ནི་རིལ་བུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རིལ་བུ་སྲན་རློན་ཙམ་བདུན་གསུམ་ཉི་ཤུ་རྩ་གཅིག་བྱས་ལ་སྔགས་བརྒྱ་རྩ་རེ་བཞིན་རྟག་ཏུ་བསྟེན། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་ཚེ་སྟོབས་འཕེལ་བར་བསམ། རྗེས་སུ་དམིགས་མེད་སྤྲོས་བྲལ་ཀྱི་ངང་ལ་བཞག་ཅིང་བསྔོ་བ་སྨོན་ལམ་གྱི་རྒྱས་བཏབ་བཀྲ་ཤིས་པའི་ཚིགས་བཅད་ལ་སོགས་པ་བྱའོ། །གོང་དུ་བསྟན་པའི་བཅུད་ལེན་འདི་དག་ནི་བསོད་ནམས་ལྡན་པ་གནས་བསྟེན་སྦྱོར་བ་ཅན་གྱིས་བསྟེན་པར་བྱ་སྟེ། སློབ་དཔོན་དཔའ་བོས། ཁང་པར་གནས་པའི་སྟོབས་ལྡན་ཅན། །ཕུན་སུམ་ཚོགས་དང་ལྡན་ལ་ཕན། །ཞེས་གསུངས་སོ།།

        ཀུན་གྱིས་སྤྱད་པར་ནུས་པའི་བཅུད་ལེན་བསྟན་པ་ནི། ར་མོ་ཞེས་རྐང་པ་ཉེར་དགུས་བསྟན་ཏེ། དེ་ལ་ཡན་ལག་བརྒྱད་པར། དེ་ལས་གཞན་དུ་དེ་རྣམས་ལ། །ཉི་མ་རླུང་གི་ཆོ་ག་བསྟེན། །རླུང་དང་ཉི་ཚན་བཅས་སྦྱར་བ། །བདེ་བའི་ལོངས་སྤྱོད་མེད་ན་ཡང༌། །གང་གི་ལུས་ལ་མི་གནོད་པ། །མཆོག་ཏུ་དེ་ནི་བཤད་པར་བྱ། །ཞེས་པ་ལྟར་རོ། །དེ་ལ་ར་མོ་ཤག་གི་རྩ་བ་སོས་སྟོན་བརྐོས། གཏུབས་ལ་ས་བཤལ་ཁུ་བ་ཐིམ་པར་བཙོ། །གྲིབ་སྐམས་དྲུས་ཕྱེ་སུམ་ཆ་བསྲེས་པ་ཡིས། །དང་པོ་ཚ་བ་ཟན་ཆང་ཟན་དྲོན་བྱ། །འདྲིས་གོམས་ཕྱེ་ཕྲི་རམ་ཤག་ཆིག་ཚུགས་བཟའ་ཆུ་སེར་སེལ་ཞིང་མཆོག་ཏུ་ཚེ་དབང་ཐོབ། ཅེས་པ་ར་མོ་ཤག་དང༌། ཉེའུ་ཤིང་གི་འབྱུང་ཁུངས་ལ། གསང་སྔགས་རྙིང་མའི་རྒྱུད་བདུད་རྩི་བམ་པོ་བརྒྱད་པར། །དང་པོ་སྲིད་པ་ཆགས་པའི་བཅུད། །བདུད་རྩི་རྣམ་ལྔ་བརྐུས་པའི་ཚེ། །ཁ་ནས་ཐིག་གཉིས་ལྷུང་བ་ནི། །བུ་མོ་བཟང་པོ་གཅིག་ཏུ་གྱུར། །ཆུ་ཀླུང་གངྒཱའི་བྱེ་མ་ལ། །ཡོད་དེ་སྐྱེས་པ་བསྟེན་པ་ནི། །ར་མཉེ་ཉེ་འུ་ཤིང་ཞེས་བྱ། །ཞེས་ཁྱབ་འཇུག་གིས་བདུད་རྩི་བརྐུས་པ་ན་ཕྱག་ན་རྡོ་རྗེས་འཁོར་ལོ་འཕངས་པ་དེའི་སྐེ་ལ་ཕོགས་ནས་བདུད་རྩིའི་ལྷ་མོར་གྱུར། དེའི་རཀྟ་ཟགས་པ་ཆུ་ཀླུང་གི་བྱེ་མ་ལ་སྐྱེས་པ་ར་མཉེ་དང་ཉེའུ་ཤིང་ཡིན་ཏེ་བཅུད་ལེན་ཐམས་ཅད་ཀྱི་མཆོག་གོ་ཞེས་འབྱུང་ངོ༌། །དེ་བས་ན་ར་མོ་ཤག་རྩ་བ་མྱུ་གུ་ལ་དོན་གྱི་སོས་གའམ། བཅུད་སྨིན་དུས་ཀྱི་སྟོན་ཀ་བརྐོས། གཏུབས་ལ་ས་བཤལ་ཁུ་བ་རང་ལ་ཐིམ་པར་བཙོས། དེ་ནས་གྲིབ་སྐམས་བྱས་པ་ཆ་གཉིས། ནས་བརྔོས་ཏེ་འཐག་པའི་དྲུས་ཕྱེ་བཞག་པའི་ར་མཉེ་རང་ཆིག་ཚུགས་བཟའ་སྟེ། སྨད་ཀྱི་ཆུ་སེར་སེལ་ཞིང་མཆོག་ཏུ་དབང་ཐོབ། ཉེའུ་ཤིང་པ་ལ་སྙིང་པོ་བསྡུས་པར། ར་མཉེ་ཉེ་ཤིང་ཁུ་བར་བསྐོལ་བ་དང༌། ཞུན་མར་ཁ་རར་བཅས་པ་ཟ་བྱེད་ན། །དེ་ནི་འཚོ་བའི་ལམ་དུ་ཞུགས་གྱུར་ཚེ། །ནད་ཀྱི་རྐུན་པོས་ཆོམ་པར་མི་འགྱུར་རོ། །ཞེས་འབྱུང་ངོ༌། །དེ་ནས་གཞན་ཡང་མེ་ཏོག་གི་བཅུད་ལེན་ནི། དུག་གི་མེ་ཏོག་སྤང་ངོ༌། །སའི་བཅུད་ལེན་ནི་མུ་ཟི་གསེར་འདྲ་དུལ་མ་ནི་ལྕགས་སྣོད་འབྲུ་མར་ཅུང་ཟད་དང་ལྡན་པར་བསྐོལ་ཁུས་ནས་དྭངས་མ་སྣོད་དུ་བླུག མར་ལྟར་གྱུར་པ་དེ་སླར་དུར་བའི་ཁུ་བར་བཙོའོ། །ཁུ་བ་ཕུད་པའི་ཚིགས་མའོ། །ཐོག་མར་སྲན་མ་སྟེ་ཞོ་གང་གི་སུམ་ཅུ་ཆ་གཅིག དེ་ནས་སེ་བ་སྟེ་ཉི་ཤུ་ཆ་གཅིག དེ་ནས་སུམ་ནམ་སྟེ་སུམ་ཆ་གཅིག །དེ་ནས་ཞོ་གང་སྟེ་རིམ་བསྐྱེད་བཟའ་ཁྲག་ཏུ་འཁྲུ་ན་མན་ངག་སྨན་གཅིག་ནི། དང་པོ་དྲི་མ་ཁྲག་ཏུ་བྱུང་བ་དེ་གྲིབ་སྐམ་བྱས་ལ་སྨན་དང་བསྲེས་ལ་བསྟེན་ནོ། །རྡོ་བཅུད་བླང་བ་ཅོང་ཞིའི་བཅུད་ལེན་ནི། དུག་འདོན་དང་མ་ཞུ་བ་སེལ་བ་གཉིས་ཀ་ལ་ཡུང་ལོ་དང་ཡུ་གུ་ཤིང་གི་ཐང་བསྟེན་དམ་ཚིག་ཏུ་མར་ནག་ཤིང་ཐོག་ཤ་མོ་བསྲུང་ངོ༌། །དྲི་ཆེན་གྱི་བཅུད་ལེན་གྱི་དྲི་སྐམ་དྲུས་ཕྱེ་སྤེལ་ལ་ཟན་ཆང་བསྟེན་པ་ནི། དྲི་ཆེན་གྱི་ས་ཆུ་ལ་བཤལ་ཏེ་དུག་བཏོན་གྲུས་ཕྱེ་དང་ཆ་མཉམ་པར་སྤེལ་ལ་ཕབས་བཏབ་པའི་ཟན་ཆང་བསྟེན་ཏེ། བྱི་ཏང་ག གོ་བྱེ་སྟེ་བསེ་འབྲས། བཅའ་སྒ་གསུམ་སྦྲང་མར་སྦྱར་ཟོས་རྒས་པའི་ནད་ལས་གྲོལ། ཞེས་པ་ལ་སྙིང་པོ་བསྡུས་པར་ཡང༌། བྱི་ཏང་ག་དང་གོ་ཕྱེ་བཅའ་སྒ་རྣམས། །མར་དང་སྦྱར་རྩི་བཅས་པ་གང་གིས་ཟོས། །རྒས་པའི་ཆུ་བོ་ནད་ཀྱི་རྦ་རླབས་ཅན། །ན་ཚོད་ལྡན་པའི་སྐྱེས་བུ་དེ་བརྒལ་འགྱུར། །ཞེས་པ་ལ། ལྡན་པའི་སྐྱེས་བུ་དེས་བརྒལ་འགྱུར། །ཞེས་འབྱུང་ངོ༌། །དེ་དག་གི་འབྲས་བུ་ནི། གཙོར་བསྒྲུབ་ཚུལ་བཞིན་བསྟེན་ནོ། །རབ་ལ་ཟླ་བ་གསུམ་འབྲིང་ཟླ་བ་དྲུག་ཐ་མ་ཡང་ལོ་གཅིག་བསྟེན་པས་བཅུད་ཀྱིས་ལེན་གྱིས་འབྲས་བུ་ཕན་ཡོན་བཤད་པ་བཞིན་འགྲུབ་པར་འགྱུར་རོ།།

        གཉིས་པ་ཞོར་སྤྱད་བཤད་པ་ནི། གཡོག་འཁོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཡོག་འཁོར་དང་ལོངས་སྤྱོད་སོགས་མི་ལྡན་པའི་དབུལ་པོས་ནི་ཞར་ལ་བཅུད་ལེན་ལ་ལོངས་སྤྱད་པས་ཀྱང་གོང་གི་ཕན་ཡོན་དང་འབྲས་བུ་འགྲུབ་པར་འགྱུར་རོ། །གསུམ་པ་མཇུག་བསྡུ་བ་ནི། འདི་བར་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། བཅུད་ལེན་འདི་རྣམས་བྱེད་པའི་བར་དུ་ནད་གཞན་སྐྱེས་ན་བར་གཅོད་ཡིན་ཏེ། ནད་གང་བྱུང་དེ་སྨན་དཔྱད་ཟས་སྤྱོད་ཀྱིས་གསོ་དེ་རྗེས་སྔར་གོང་དུ་བསྟེན་པའི་བཅུད་ལེན་རྣམས་བསྒྲུབ་དགོས་སོ།།

        གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དགུ་བཅུ་པའོ་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་བཅོ་ལྔ་ལས་བཅུ་བཞི་པ་རྒས་པ་གསོ་སྐབས་ཀྱི་དཀའ་བའི་གནད་ཀྱི་བརྗོད་དོན་རྣམས་ལྷག་མ་ལུས་པ་སྨྲས་ཟིན་ཏོ།།

        བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་སྡོམ་ཞིང་བདག་ཉིད་དུལ། །ཞི་ཞིང་དམ་པའི་སྤྱོད་ལ་དགའ། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ། །ཡོན་ཏན་འདི་དང་ལྡན་གྱུར་པ། །གང་ཞིག་བཅུད་ལེན་བསྟེན་བྱེད་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །སྤྱོད་པ་བསྟན་བཅོས་རྗེས་འཇུག་ཅིང༌། །གམ་ན་གནས་པའི་སེམས་དང་མཐུན། །དོན་ལ་བློ་ནི་མི་འཁྲུལ་བ། །བཅུད་ཀྱི་ལེན་ནི་རྫོགས་པ་ཡིན། །ཞེས་སོགས་སློབ་དཔོན་དཔའ་བོས་གསུངས་སོ།།

        སྐབས་བཅོ་ལྔ་པ་སྟེ་རྫོགས་པ་ཡན་ལག་བརྒྱད་པ་སྟེ་ཐ་མ་རོ་ཙ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང་དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བདུན་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལན་གསུངས་པ་ལ་གསུམ། ཉན་པར་བསྐུལ་བ་དང༌། རོ་ཙའི་དོན་བསྟན་པ་དང་དེའི་ལན་དང་གསོ་ཐབས་བསྟན་པའོ།།

        དང་པོ་ནི། སྟོན་པས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རོ་ཙའི་དོན་བསྟན་པ་ལ་གསུམ། རོ་ཙའི་ངོ་བོ་མདོར་བསྟན་པ་དང༌། གཙོ་བོ་ཡན་ལག་གི་རྣམ་དབྱེ་བསྟན་པ་དང༌། ཕན་ཚུན་བལྟོས་པའི་དཔེ་བསྟན་པའོ། །དང་པོ་ནི། རོ་ཙའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རོ་ཙ་ཞེས་པའི་དོན་ནི་འདོད་པ་སྤྱོད་པར་ནུས་ཤིང༌། ཕ་མའི་རིགས་ཀྱི་རྒྱུད་རྒྱུན་མི་ཆད་པར་བུ་དང་ཚ་བོ་སྤེལ་བར་བྱེད་པ་སྟེ། འདི་ལ་སློབ་དཔོན་དཔའ་བོས། བུད་མེད་ལ་རབ་ཆགས་གྱུར་པ། །གད་དང་གང་གིས་འཕེལ་འགྱུར་བ། །དེ་ནི་རོ་ཙ་བྱེད་པ་སྟེ། །ལུས་ཀྱི་སྟོབས་ཀྱང་བསྐྱེད་པའི་མཆོག །ཆོས་དང་གྲགས་དང་ཚེ་རིང་དང༌། །འཇིག་རྟེན་གཉིས་གའི་བཅུད་ལེན་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་གསང་སྔགས་རྣམས་སུ་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་དོན་དམ་བྱང་ཆུབ་སེམས་སྟོང་ཞིང་གནས་པས་རྟེན་ཐིག་ལེ་འཕེལ་ན་བརྟེན་པ་བདེ་བ་འཕེལ་ཞིང༌། བདེ་བ་གཟུང་འཛིན་ཆགས་སྡང་དུ་ཞེན་ན་འཁོར་བ། བདེ་བའམ་སྙིང་རྗེ་སྟོང་ཉིད་དང་དབྱེར་མེད་དུ་སྦྱོར་བ་བདེ་སྟོང་གཉིས་མེད་ཀྱིས་ཡེ་ཤེས་སུ་འདོད་པས་བདེ་བ་སྤེལ་བའི་ཐབས་མང་དུ་སྟོན་མོད། འདིར་རོ་ཙ་ནི་ཁམས་ལ་རག་ལས། ཁམས་ནི་ལུས་ཟུངས་ལ་རག་ལས། ལུས་ཟུངས་ནི་རོ་དྲུག་གི་མཚན་ཉིད་ཅན་གྱི་ཟས་སྨན་སོགས་ལ་རག་ལས་པས་རྒྱུ་མཚན་དེའི་ཕྱིར་བཅུད་ལེན་རོ་ཙའི་སྦྱོར་སྡེ་དེའི་དམིགས་ཡུལ་ནི་རིགས་འདོད་པའི་དོན་དུ་བཞག་སྟེ། དཔའ་བོས། གཅིག་པུ་སྐྱོན་ནི་མེད་པ་ཡིས། །ཚངས་པར་སྤྱོད་ལ་བདག་ཡི་རངས། །སྙིང་སྟོབས་ཆུང་ལ་ཉོན་མོངས་པས། །གནོད་པར་གྱུར་པའི་ནད་བུ་ཅན། །ལུས་འདི་ཟད་པ་བསྲུང་བའི་ཕྱིར། །རོ་ཙའི་ཆོ་ག་བརྗོད་པ་ཡིན། །ཞེས་འབྱུང་བས་སོ། །གཉིས་པ་གཙོ་བོ་དང་ཡན་ལག་གི་རྣམ་པར་དབྱེ་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རོ་ཙའི་གཙོ་བོ་སྐྱེས་པ་དང༌། དེའི་ཡན་ལག་བུད་མེད་གཉིས་སུ་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས།

        དང་པོ་སྐྱེས་པ་རོ་ཙའི་གཙོ་བོ་ཡིན་པའི་རྒྱུ་མཚན་ནི། སྐྱེས་པ་ཞེས་རྐང་པ་དྲུག་གིས་བསྟན་ནོ། གཉིས་པ་ལ་གཉིས། བུད་མེད་སྤྱི་ཙམ་ཡན་ལག་ཡིན་པར་བསྟན་པ་དང༌། བུ་དཔལ་ལྡན་པའི་བུད་མེད་བཙལ་བར་གཅེས་པའོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཕ་ཡིས་ཞེས་རྐང་པ་བཞིས་བསྟན་ཏེ། བུད་མེད་ཀྱིས་ས་བོན་འཛིན་འཕེལ་ཙམ་ནུས་ཀྱང་བུ་ཕོ་འོང་བ་དགོས་ཏེ་ཕའི་རབས་དེ་བུ་མོས་མི་ཟིན་པའོ། །གཙོ་བོ་སྐྱེས་པ་ཁོ་རང་གི་ངོ་བོ་མི་འགྱུར་བས་སྤྱད་ཡུལ་ཀུན་ལ་སྤྱད་ཐུབ་ཀྱང༌། བུད་མེད་དང་སྐྱེས་པ་དེ་གཉིས་ལས་མི་མཐུན་པའི་དབང་དང༌། བུད་མེད་དེ་བསོད་ནམས་དམན་པ་ལ་བུ་མི་འབྱུང་བས། དེ་ལ་བུད་མེད་གཞན་བཙལ་བའམ་ཡང་ན་མོ་རང་ལ་ནད་བསལ་བའམ་བུ་དཔལ་བསྐྱེད་པ་སོགས་ཀྱིས་ཐབས་ཡན་ལག་གཅེས་སོ། །གསུམ་པ་ཕན་ཚུན་བལྟོས་པའི་དཔེ་བསྟན་པ་ནི་དཔེར་ན། ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དཔེ་དང་སྦྱར་ན་ཡན་ལག་བུད་མེད་ཞིང་ས་བཟང་པོ་ལྟ་བུ་ཡོད་ཀྱང་སྐྱེས་པ་ས་བོན་ལྟ་བུ་མེད་ན་བུ་ཚ་མྱུ་གུ་ལྟ་བུ་མི་འབྱུང་ལ། གཙོ་བོ་སྐྱེས་པ་ས་བོན་ལྟ་བུ་ཡོད་ཀྱང་བུད་མེད་སྐྱོན་ཅན་ཞིང་ས་ངན་པ་ལྟ་བུ་ལ་བཏབ་ཀྱང་དོན་མེད་པ་དང་མཚུངས་པས་ཕན་ཚུན་བལྟོས་དགོས་པའོ། །གསུམ་པ་དེའི་གནས་དང་གསོ་ཐབས་བསྟན་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དོན་སྣོད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁམས་ཀྱི་དྭངས་མ་ལུས་ཟུངས་ཐམས་ཅད་ལ་རྒྱུ་རྐྱེན་གྱི་ཚུལ་དུ་ཁྱབ་པས་དོན་སྣོད་སྤྱི་དེ་ལའང་གནས་མོད་ལྷག་པར་བསམ་སེའི་ནང་དུ་གནས་པར་བཤད་དེ། སོ་མ་རཱ་ཛ་ལས། བསམ་སེ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱེད་པ་སྒང་ལྤགས་འདྲ། །འདོད་པའི་ས་བོན་བྱུང་ན་གང༌། །ཞེས་དང༌། བཤད་རྒྱུད་དུ། བསམ་སེ་འུ་ནི་ནོར་གྱི་བང་མཛོད་འདྲ། །ཞེས་ཏེ། དེའི་ནང་དུ་ཟས་སྐོམ་སོགས་ཀྱི་དྭངས་མ་ཁྲག་ཤ་ཚིལ་རུས་རྣམས་ཀྱི་བཅུད་ཀྱི་དངྭས་མ་རིགས་ཀྱི་ས་བོན་སྐྱེས་པ་ལ་དཀར་པོ་བུད་མེད་ལ་དམར་པོ་ཡིན་ལ་དེ་གཉིས་རྟེན་བསམ་སེའི་ཡིན་པར་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་རོ་ཙ་དང་བུ་བསྐྱེད་མི་ནུས་པའི་ནད་ནི་ཕོ་མོ་གཉིས་ཀ་ལ་འབྱུང་བས་ཐུན་མོང་གི་ནད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ལེའུ་གཉིས་ཀྱིས་བསྟན་ཏེ། ལེའུ་གོ་གཅིག་པས་གཙོ་བོ་སྐྱེས་པའི་རོ་ཙ་བ་བསྟན། ལེའུ་གོ་གཉིས་པས་དེའི་ཡན་ལག་བུད་མེད་བཙལ་ཐབས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།