སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་དགུ་བཅུ་པ། རྒས་པ་གསོ་བ་བཅུད་ལེན།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས།  རྒས་པ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ཡི། །བཅུད་ལེན་གྱི་ནི་ཆོ་ག་བཤད་པར་བྱ། །འདི་ལ་ཕན་ཡོན་གནས་རྟེན་བྱ་ཐབས་བཞི།།

སྤྱི་དོན་དང་པོ་ཕན་ཡོན་ཚེ་རིང་ན་ཚོད་དར་ལ་འཇོག །ལུས་མདངས་སྟོབས་སྐྱེ་དབང་པོ་དྲན་པ་གསལ། །བློ་རྣོ་སྐད་མདངས་ལྡན་ཞིང་རོ་ཙར་བྱེད།།

སྤྱི་དོན་གཉིས་པ་དེ་གནས་ས་གཙང་དབེན་ཞིང་ཉམས་དགའ་ལ། །ཆུ་ཤིང་འཛོམ་ཞིང་བར་ཆད་མེད་པར་སྒྲུབ།།

སྤྱི་དོན་གསུམ་པ་རྟེན་ནི་ཧ་ཅང་རྒས་པ་མ་ཡིན་པས། །མེ་ཉི་ཆགས་སྤྱོད་ལུས་སེམས་དྲག་ལས་དང༌། །རུལ་སྐྱུར་རྗེན་ངད་ཚྭ་སོགས་སྤངས་བྱས་ལ། །ཚེས་གྲངས་བཟང་ལ་ལྷ་མཆོད་ཁྲུས་བྱས་འཇུག།

སྤྱི་དོན་བཞི་བ་བྱ་བའི་ཐབས་ལ་གཙོར་སྒྲུབ་པ་དང་ཞོར་ལ་སྤྱད་པ་གཉིས་ལས། །དང་པོ་གཙོ་བོར་སྒྲུབ་པ་སྣུམ་བཅོས་དུགས་བྱས་ལ། །ཨ་རུ་མཆུ་སྙུང་གི་རྩ་བ་སྐྱུ་རུ་རྒྱམ་ཚྭ་པི་པི་ལིང༌། །ཤུ་དག་བཅའ་སྒ་ཡུང་བ་བྱི་ཏང་ག །བུ་རམ་བ་ཆུར་སྦྱར་བའི་ཁྲུས་ཀྱིས་སྦྱང༌། །མ་སྦྱངས་བཅུད་ལེན་རོ་ཙ་སྦྱོར་བྱེད་པ། །དྲི་བཅས་ཚོས་ལྟར་བྱས་པ་དོན་མེད་འགྱུར། །ལྷ་མིན་གྱི་དབང་པོ་སྒྲ་གཅན་འཛིན་གྱི་ཁྲག་ས་ལ་བབ་པ་སྒོག་སྐྱ་གྱུར་པ་དེ་བཅུད་ལེན་གྱི་མཆོག་ཡིན་པས། །དེ་ཉིད་ཀྱི་ཤུན་པ་ཕྲལ་ལ་ཞག་གཅིག་ཆང་བཟང་པོའི་ནང་དུ་སྦང༌། །དེའི་ཁུ་བ་བཙགས་ལ་དྭངས་མ་ནང་པར་རན་ཙམ་བསྟེན། །རྗེས་ལ་འོ་མ་དང་ཞུན་མར་དང་སྐམ་ས་ཡི། །ཤ་ཁུ་སོགས་ནད་དང་གང་འཕྲོད་བསྐོལ་ལ་བླུད། །ཡང་ན་སྒོག་སྐྱ་བཙོས་ཏེ་བསྣུར་བ་དང་ཞུན་མར་དང་སྦྱར་བའི་ལྡེ་གུ་དེ། ནས་ཀྱི་ནང་དུ་ལྡེ་གུའི་སྣོད་ཞག་བདུན་ཕྲག་གསུམ་བཞག་པ་ཚུར་ཕྱུང་བའི་ལྡེ་གུ་ཞག་གྲངས་བསྟེན་ན་དེས་ནི། །རླུང་ཤས་ཅན་གྱི་ཚེ་འཕེལ་ཞིང་ལུས་གཞོན་ནུར་ཡུན་རིང་དུ་འཇོག་པ་ཡིན་ནོ། །ཡང་ན་བྲག་ལས་བྱུང་བའི་སྨན་ཞུན་མདོག་ནག་ཅིང་ས་མེད་པ་བ་གཅིན་གྱི་རོ་བྲོ་། །མདངས་སྣུམ་ཞིང་རོ་ཁ་ཞིང་བསྐ་བ་ལྕི་བ་ལྗིད་ཆེ་བ་ལྕགས་ལས་གྱུར་པའི་བྲག་ཞུན་ཡིན་ཏེ་བྲག་ཞུན་ཐམས་ཅད་ལས་འདིོ་ཉིད་མཆོག་ཡིན་ནོ།དེ་ནི་གསེར་དངུལ་ཟངས་བསྲེགས་པ་དང་ལྕགས་སྦྱར་ཏེ་འོ་མས་དབུལ་ན་མཆོག་ཡིན་ནོ། །ཡང་ན་རང་རང་གི་ནད་དང་གང་འཕྲོད་པའི་སྨན་ཆ་མཉམ།  །ལྕགས་ཀྱི་སྣོད་དུ་བསྐོལ་སྦྱར་བཅུག་ལ་ཚད་ལྡན་ཞག་བདུན་དུ་བཞག་ཞག་རེ་ཞོ་དོ་དོ་རེ་ཉེར་གཅིག་ཏུ་སྲང་ཕྱེད་ཕྱེིད་ཞེ་དགུའི་བར་དུ་སྲང་རེ་རེ་བཟའ། །འདི་ལ་མོན་སྣེ་ཆེ་ཆུང་རྒྱ་སྣེ་འདྲ་བ་ལ་རྒྱབ་དམར་པོ་མེད་པ་དེ་མོན་སྣེ་ཡིན་རྒྱ་སྲན་རྟག་ཏུ་སྤང༌། །ས་སྟེང་ན་བྲག་ཞུན་གྱིས་མ་བཅོམ་པའི་ནད་གང་ཡང་ཡོད་པ་མིན་ནོ། །ཁྱད་པར་ཚ་ཤས་ཅན་གྱི་ཚེ་འཕེལ་བར་བྱེད་པའི་མཆོག་ཡིན་ནོ། །ཙི་ཏྲ་ཀ་དང་སྦྲང་རྩི་མར་སྦྱར་བ། །ཟླ་བ་གཅིག་ཏུ་ནད་དང་འཕྲོད་པའི་ཟས་དང་ལྷན་ཅིག་ཏུ་བསྟེན་། །ཚེ་རིང་ལུས་རྒྱས་མེ་དྲོད་འབར་བར་འགྱུར། །འདིས་ནི་བད་ཀན་དང་གྲང་ནད་ཅན་གྱི་ཚེ་ཡུན་རིང་དུ་གནས་སོ། །དེ་དང་བ་ཆུར་སྦྱར་བསྟེན་མཛེ་ནད་འཇོམས། །ཨ་རུ་བར་སྐྱུར་འབྲས་བུའི་སྨན་མར་ཕྱི་རྒྱུད་གྱིས། །དབང་གསལ་སྟོབས་སྐྱེ་འདུས་པའི་ནད་སེལ་ཏེ། །ན་ཚོད་དར་ལ་འཇོག་པའི་དམ་པའི་བཅུད་ལེམ་གྱི་དམ་པ་ཡིན་ནོ། །ད་ནི་རྩི་བཞི་དྭངས་མ་ལྔ་ཡི་བཅུད་བླངས་པ་ལ་དབྱེ་བ་དང་སྦྱར་ཐབས་གཉིས་ལས། །དང་པོ་དྭངས་མ་ལྔ་ནི་ས་ཡི་དྭངས་མ་བྲག་ལས་བྱུང་བ་ལྕགས་ཀྱི་ཞུན་གོང་དུ་བཤད་པ་ཤ་ཡི་གསོས། །རྡོ་ཡི་དྭངས་མ་ཅོང་ཞི་བྱུང་ན་རུས་པའི་གསོས། །ཤིང་གི་དྭངས་མ་བུ་རམ་ལྷད་མེད་པ་སྟོབས་ཀྱི་གསོས། །མེ་ཏོག་དྭངས་མ་སྦྲང་རྩི་བྱུང་ན་གྲོག་མའི་སྦྲང་བཟང་མདངས་ཀྱི་གསོས། །རྩི་ཡི་དྭངས་མ་འབྲིའི་མར་དཀར་བཅུད་ཀྱི་གསོས། །རྩི་བཞི་ནི་ཤུག་པའི་འབྲུ་དང་བ་ལུ་དང་མཚེ་ལྕུམ་དང་མཁན་པ་དཀར་པོ་བཞི། །དགུན་མི་སྐམས་པ་ཚེ་ཡི་གསོས་སུ་འགྱུར། །འདི་དགུའི་བཅུད་ལོངས་སྲོག་གཅོད་ཀྱི་ནད་དགུ་ལས་ཀྱང་གྲོལ་བར་འགྱུར་ན་གཞན་ལྟ་ཅི་སྨོས། །རྒས་པའི་རྟགས་སྐྲ་དཀར་དང་གཉེར་མ་སོགས་ནུབ་ནས་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར་ཞིང་། །སེང་གེའི་རྩལ་དང་ལྡན་ལ་གླང་པོ་ཆེ་ལྟ་བུའི་སྟོབས་ཐོབ་ཅིང། །རྨ་བྱའི་མདངས་དང་ལྡན་པ་དང་མགྱོགས་པ་ཅང་ཤེས་ཀྱི་རྟ་མཆོག་ལྟ་བུར་འགྱུར། །ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་གནས་པར་འགྱུར། །གཉིས་པ་དེ་ཡི་སྦྱོར་ཐབས་ཆེན་པོ་ཆུང་ངུ་གཉིས། །དང་པོ་ཅོང་ཞི་ཁྲོམ་ཁྲོམ་དུ་བརྡུངས་བྲེ་གང་ཞོ་གཅིག་ལོངས་པའི་ཆུར། །ཡུན་རིང་བསྐོལ་ཞིང་བསྡུས་པའི་ཁུ་བ་ཆུ་བྲེ་གང་དུ་སོང་བ་ན་རྩིགས་མ་བཏོན། །དེ་ནས་ཡང་བདུད་རྩི་བཞི་དང་བྲག་ཞུན་བྲེ་ཕྱེད་ཕྱེད།  །གུད་གུད་སོར་སོར་བསྡུས་པའི་ཁུ་བ་ཁྱོར་བ་རེ། །འོ་མ་དང་མར་སྲང་སུམ་ཅུ་དེ་རྣམས་བསྲེགས་ཏེ་བསྐོལ་ནས་ཆུ་བཅད་ལ། །བུ་རམ་དང་སྦྲང་བྲེ་དོ་སྦྱར་བ་ཐོད་པ་བཟང་པོར་བླུག་ལ།  །བཻ་རོ་ཙ་ན་ཨོཾ་རྣམ་པར་སྣང་མཛད།   བཛྲ་ས་ཏྭ་ཧཱུཾ་རྡོ་རྗེ་སེམས་དཔའ། ། རཏྣ་སམྦྷྰ་བ་རིན་ཆེན་བཤེས་གཉེན  ཨ་མི་ཏ་བྷ་ཧྲཱི་འོད་དཔག་མེད་པ  །ཀརྨ་བཛྲ་ཨཱ་འཕྲིན་ལས་རྡོ་རྗེ། །རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་འཕྲོ་འདུ་ཐོད་པའོ་སྨན་གྱི་སྟེང་དུ་རིགས་ལྔ་ཡབ་ཡུམ་གསལ་བ་སྙོམས་པར་ཞུགས་པའི་སྦྱོར་མཚམས་མས་ནས་བྱང་སེམས་དཀར་དམར་བབ་པ་སྨན་ལ་ཐིམ་པར་བསམ། །མཐར་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་སྨན་ལ་ཐིམ་པ་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ཧ་ལ་གྲི་བས་བསྲུང་བར་བསམ་པ་སོགས་བྱ། །ཟླ་བ་ཡར་ངོའི་ཚེས་གཅིག་ནང་པར་ནས་མགོ་ཙམ་ཏེ་བཟའ། །དེའང་དྲོ་གོང་རྒྱུན་དུ་བསྟེན་ཞིང་རྔུལ་མ་བྱུང་ཙམ་དུ་བཅག །གཉིས་པ་ཆུང་བ་ནི་ཅོང་ཞི་ཕུལ་གང་སྤང་མེར་བསྲེགས། །ཆུ་ནང་ནས་བཏོན་ཏེ་ཁུ་བ་དང་འོ་མ་བྲེ་གང་དང༌། །མར་སྲང་གསུམ་བཏབ་ལ་བཅོས་པ་ལུག་ཞོ་ཙམ་དུ་གྱུར་པ་ལ། །བྲག་ཞུན་བཞི་ནམ་གོང་གི་རྩི་བཞི་བདུད་རྩི་བཞི་ཁྱོར་བ་རེ་རེ། །སྦྲང་ཕུལ་སུམ་ཆ་དང་བུར་རམ་སྲང་གསུམ་དང་སྦྱར། །དར་ཙམ་བཙོས་ཏེ་སྣོད་བཟང་བཅངས་ལ་བསྟེན། །ཡང་ན་ཅོང་ཞི་ལྕགས་རྡོ་ཆ་མཉམ་མངར་གསུམ་དང་སྦྱར། །ཐོད་པར་བླུག་ལ་རང་ཉིད་ཡི་དམ་དུ་བསྒོམ། །བྷཱུཾ༌ལས་སྨན་སྣོད་དེ་རིན་ཆེན་ལས་གྲུབ་པའི་གཞལ་ཡས་ཁང༌གི། །ནང་དུ་ཨཱཿལས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་བསྐྱེད། །ཨོཾ་བཀྲ་ཤིས་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཨ་མྲྀ་ཏ་འཆི་བ་མེད་པ་ཤུདྔྷ་དག་པ་ཨཱ་ཡུརྔྷ་ར་ཎི་ཚེ་འཛིན་པ་པུཥྜིཾ་ཀུ་རུ་ཡེ་ཚེ་རྒྱས་པར་མཛད་དུ་གསོལ་སྭཱཧཱ་གཞི་ཚུགས་པ་བྱས་པ་དང་བཟང་པོ། །སྤྲོ་བསྡུས་ཕྱོགས་བཅུའི་ཚེ་བཀུག་བུམ་པར་བསྟིམ་ཚེ་དཔག་མེད་ཀྱི་འོད་ཟེར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕོག་དེ་རྣམས་ཀྱི་ཚེ་བསོད་དབང་ཐང་དང་འགྲོ་བ་རིགས་དྲུག་སྣོད་བཅུད་ཕུན་ཚོགས་ཐམས་ཅད་བསྡུས་ཏེ་དཔག་མེད་ཀྱི་བུམ་ནང་དུ་ཐིམ་པར་བསམ། །བསྙེན་པ་ཁྲི་བསྐྱལ་འཆི་མེད་བདུད་རྩིའི་བསམ་ལ་ཚེར་དེ། །རིལ་བུ་བདུན་ལྔ་གསུམ་ལ་གོང་གི་སྔགས་བཏབ་ལ་བསྟེན། །ནད་གདོན་སྡིག་སྒྲིབ་དག་སྟེ་ཚེ་འཕེལ་བར་བསམ། །ཡང་རྩ་བའི་བཅུད་ལེན་ནི་ར་མོ་ཤ་ཡི་རྩ་བ་སོས་སྟོན་བརྐོས། །གཏུབས་ལ་ས་བཤལ་ཁུ་བ་རང་ལ་ཐིམ་པར་བཙོ། །དེ་ཉིད་གྲིབ་སྐམས་བྱས་ལ་དྲུས་པའི་ཕྱེ་སུམ་ཆ་བསྲེས་པ་ཡི། །དང་པོ་ཚ་བ་ཐུག་པ་བར་དུ་ཟན་ཆང་ཐ་མར་ཟན་དྲོན་བྱ། །དེ་ལ་འདྲིས་གོམས་ཕྱེ་ནས་རྩམ་པ་ཕྱེད་ནས་ཕྲི་ནས་རམ་ཤག་ཆིག་ཚུགས་སུ་བཟའ། །ཆུ་སེར་སེལ་ཞིང་མཆོག་ཏུ་ཚེ་དབང་འཐོབ། །ཡང་མེ་ཏོག་བཅུད་ལེན་ནི་མེ་ཏོག་སྣ་ཚོགས་ཚད་བསིལ་དྲོད་ཆ་མཉམ་པར་བཏུས་ལ་བསྐམས་པའི་ཕྱེ་མ་ལ། །མངར་གསུམ་དང་སྦྱར་ཏེ་དྲོའི་གོང་སྟེ་སྔ་དྲོ་རྒྱུན་དུ་བསྟེན་ན། །ཁྱད་པར་མདངས་ལྡན་འདུ་སྙོམས་རྒས་པ་སེལ། །ཡང་སའི་བཅུད་ལེན་མུ་ཟི་གསེར་འདྲ་ས་མེད་བཏུལ་བྱས་ལ། །ཨ་རུ་ར་དང་ཆ་མཉམ་མངར་གསུམ་སྦྱར། །དང་པོ་སྲན་མ་སུམ་ཅུ་ཞོ་གང་སེ་བ་ཉི་ཤུ་ལ་ཞོ་གང་ན་ལ་གསུམ་ལ་སྔ་ཞོ་གང་དང་པོ་སྲན་མ་བར་དུ་སེ་བ་ཐ་མ་ནམ་ཞོར་བསྐྱེད་ལ་བཟའ་མུ་ཟི་མ་ཞུ་ན་དྲི་ཆུ་བཏུང་ངོ་། །ཁྲག་ཏུ་འཁྲུ་ན་མན་ངག་སྨན་གཅིག་(སྟེ་དང་པོ་དྲི་མ་ཁྲག་ཅན་གཅིག་འོང་དེ་གྲིབ་སྐམས་བྱས་པ་དང་བསྲེས་ལ་བཏང་བ་)གཅེས། །དྲོད་སྐྱེད་ཆུ་སེར་ནད་དང་མཛེ་ནད་སེལ། །ཡང་རྡོའི་བཅུད་ལེན་ནི་ཅོང་ཞི་ས་དུག་བཏོན་ཏེ་ནད་གང་དང་གང་འཕྲོད་པའི་སྨན་དང་སྦྱར། །མངར་གསུམ་བའི་རྟ་བསྐྱོན་ཐུར་མགོ་རེ་རེ་བསྟེན་ཅོང་ཞི་མ་ཞུ་ན་ཡུ་གུ་ཤིང་གི་ཐང་བཏང་། །ཡང་ན་ཅོང་ཞི་དང་ནས་དྲུས་པའི་ཕྱེ་མ་དང་རྩམ་པ་དང་པི་པི་ལིང་ཆ་མཉམ་དུ་སྦྱར་ལ། །དང་པོ་ཚ་བ་བར་དུ་ཟན་ཆང་ཐ་མ་ཟན་དྲོན་བྱས་ལ་བསྟེན་པར་བྱ། །གཅོང་ནད་ཀུན་ཞི་སྟོབས་ཆེ་ཚེ་འཕེལ་མཆོག །མར་ནག་ཤིང་ཏོག་ཤ་མོ་བསྲུང་བ་གཅེས།།

ཡང་བདུད་རྩིའི་བཅུད་ལེན་ནི་དྲི་ཆེན་གྲིབ་བསྐམས་བྱས་པ་བཟང་དྲུག་དང་ཨ་རུ་དང་མངར་གསུམ་སྦྱར་། །རིལ་བུར་བསྟེན་བྱས་ཡང་ན་དྲི་ཆེན་ཆུ་ལ་བཤལ་ནས་དུག་བཏོན་ལ། །གྲིབ་སྐམས་བྱས་པས་དྲུས་པོའི་ཕྱེ་མ་དང་རྩམ་པ་ཆ་མཉམ་སྤེལ་ལ་ཟན་ཆང་བྱས་ནས་བསྟེན། །གདོན་སེལ་ཚེ་རིང་མཁའ་འགྲོས་བྱིན་གྱིས་རློབ། །གཞན་ཡང་སོ་མ་ར་ཛ་ཏིལ་ནག་དང་ཆ་མཉམ་ཕྱེ་མ་ཟླ་བ་གཅིག་བསྟེན་ན་མཛེ་རྒྱས་འཇོམས་པ་དང་། །བྱི་ཏང་ག་དང་གོ་བྱེ་གཙོ་འབྲས་བཅའ་སྒ་གསུམ་ཆ་མཉམ། །སྦྲང་དང་མར་ལ་སྦྱར་བས་ཟོས་ན་རྒས་པའི་ནད་ལས་གྲོལ། །དེ་དག་གང་ཡང་ཟླ་བ་གསུམ་མམ་ཟླ་དྲུག་གམ་ལོ་གཅིག་གི་བར་དུ་བསྟེན། །བཅུད་ཀྱིས་ལེན་གྱི་འབྲས་བུ་འགྲུབ་པར་འགྱུར། །གཉིས་པ་གཡོག་འཁོར་དང་ལོངས་སྤྱོད་སོགས་མི་ལྡན་པའི་དབུལ་པོ་ནི་ཞར་ལ་བཅུད་ལེན་ལ་ཡོད་པ་སྤྱད་པས་ཀྱང༌། །གོང་གི་འབྲས་བུ་ཅི་རིགས་ཐོབ་པར་འགྱུར། །བཅུད་ལེན་འདི་རྣམས་བྱེད་པའི་བར་ནད་གཞན་སྐྱེས་ན་བར་གཅོད་ཡིན་དེ། །ནད་གང་བྱུང་བ་དེ་སྨན་དཔྱད་ཟས་སྤྱོད་ཀྱིས་གསོ་དེ་རྗེས་སྔར་གྱི་བཅུད་ལེན་བསྒྲུབ་དགོས་སོ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་སྟེ་དགུ་བཅུ་པའོ། །དེའང་ལེའུ་གཅིག་ནི་རྒས་པ་གསོ་བའི་སྐབས་ཏེ་བཅུ་བཞི་པའོ། །དེ་ལྟར་ལེའུ་གཅིག་གི་རྒས་པ་གསོ་བའི་ཡན་ལག་སྟེ་བདུན་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།