སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་དགུ་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་དགུ་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

དེ་ནས་གསོའ་(གསོ་)བའི་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས། རིན་པོ་ཆེ་འཕྲ་(ཕྲ་)མེན་གྱི་ཞལ་བུ་རུ། ཨ་སྨྲི་(མྲྀ་)ཏའི་བདུད་རྩི་བལྟམ་(བལྟམས་)ནས་སྟོན་པ་ལ་ཕུལ་ནས་གསོལ་པ། ཀྱེ་འཚོའ་(འཚོ་)མཛད་སྨན་པའི་རྒྱལ་པ་ཆེན་པོ་ལགས། རྩ་བའི་སྦྱོར་བ་ལྔ་རུ་གསུངས་པ་དེ།། བདག་ཅག་ལས་(ལ་)སོགས་འཁོར་རྣམས་ཀུན་གྱིས་རིགས།། ཤིན་ཏུ་ཡིད་ཆེས་མ་ལུས་ངེས་པར་རྟོགས།། གཉིས་པ་བློན་པོའི་ཡན་ལག་སྡེ་ཚན་བཞི།། བདག་ཆག་(ཅག་)འཁོར་རྣམས་ཀུན་ལ་བསྟན་དུ་གསོལ།། དེ་སྐད་ཞུས་པས། སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལས་(ལ་)སོགས་འཁོར་རྣམས་བརྟན་པར་ཉོན།། ཡན་ལག་ཐལ་སྦྱོར་ཁཎ་དྷ་(ཁཎྜ་)སྨན་ཆང་སྔོ།། སྦྱོར་བ་འདི་རྣམས་ངེས་པར་བཤད་ཀྱིས་ཉོན།། འདུ་བ་གསུམ་ལ་གཉེན་པོ་གསུམ་ཡིན་ཏེ།། གྲང་ནད་ཅན་ལ་ཐལ་སྨན་རྩི་ཡིན་ཏེ།། ཚད་པའི་ནད་ལ་ཁྱད་པར་ཁཎ་དྷ་(ཁཎྜ་)སྔགས(བསྔགས)།། རླུང་ནད་བད་མཁྲིས་ཅན་སྨན་ཆང་མཆོག། མཐའ་འཁོབ་ཡུལ་དུ་སྔོ་སྨན་ཀུན་གྱི་ཚལ།། དེ་ཕྱིར་སྨན་དང་གཉེན་པོ་འཕྲོད་པ་གཅེས།། དང་པོ་ཐལ་སྨན་སྦྱོར་བ་འདི་བསྟན་གྱིས།། འདི་རྣམས་རྣོ་རྩུབ་སྙོམས་ཀྱི་སྦྱོར་བ་གསུམ་ཡོད་དེ།། བྱེ་བྲག་ཁ་འཐོར་དུ་མ་བཤད་མོད་ཀྱང་།། རྩ་བ་རླུང་མཁྲིས་བད་ཀན་གསུམ་དུ་བཤད།། དེ་གསུམ་གང་ཡིན་ནད་གཞི་དེ་དང་སྦྱར།། རླུང་འཇམ་སྦྱོར་མཁྲིས་པར་མཉམ་སྦྱོར་དང་།། བད་ཀན་སྡོང་མེད་ལྗི་(ལྕི་)བས་རྣོ་སྦྱོར་གཅེས།། གསུམ་དུ་བཤད་ཀྱང་རྩ་བ་གྲང་བ་ཡིན།། དང་པོ་རླུང་སེལ་སྒྲོན་ཤིང་དུར་བྱེད་(བྱིད་)དང་།། དན་དྷ་(ད་)འབྲས་བུ་གསུམ་དང་པ་ཏྲ་དང་།། མ་ནུ་ས་རྫ་(རྫི་)ཀ་དང་ཡ་བག་ཤ(བཀྵ)། རྩབ་རུ་ཚ་དང་རྒྱ་ཚ་ཁ་རུ་ཚ།། མུཇ(མཱུ་)ལ་ཐལ་ཚ་ཤིང་ཚ་པི་པི་ལིང་།། ཙི་ཏྲ་ཀ་དང་རྣམ་པ་བཅོ་བརྒྱད་པ།། ཞག་རྐང་ཚིལ་མར་སྦྲུལ་ནས་འདག་པ་བྱ།། གྲང་མཁྲིས་ཅན་ལ་བར་སྦྱོར་སྙོམས་པ་ནི།། ཧོང་ལེན་བཙོད་དང་ཞུན་མཁན་ཁྱི་ལྕེ་བ།། བ་རའི་འོ་མར་སྦྲུས་ནས་འཇམ་པར་བསྣན།། བད་ཀན་སྡོང་ཡ་མེད་ལ་རྣོ་སྦྱོར་ནི།། སྔོ་ཡི་ཚ་བ་གསུམ་བསྡེབ་གཡག་རྒོད་ར(རྭ)།། ཆུ་དག་ཤིང་ཀུན་དྲུག་སྡེབ་གོང་བཞིན་སྦྲུས།། འཇམ་པོའི་སྟེང་ན་(ལ་)བསྣན་པ་ཀུན་ལ་ཅིག། ཤ་ཟན་བྱ་དང་ཁྲག་འཐུང་གཅན་གཟན་གྱི།། ཤ་རུས་ཁུ་བ་ཆང་གིས་ལེགས་བསྡུས་ནས།། བཅང་སླ་འཕང་ལོ་མ་རུལ་པ་རུ་བཟུང་།། རྫ་གསར་ཁ་བུབ་ཁ་སྦྱོར་ནང་དུ་བཅུག། འདག་པ་བཟང་པོས་འཚམས་(མཚམས་)བཙང་གས་མེད་བྱ།། རླངས་པ་ཕྱིར་ཐོན་དུ་བ་ནང་ཤོར་ངན།། བོང་མེས་བཏུམ་ནས་སེར་བུ་མ་ཕོག་བསྲེག། མ་གྲང་ཁ་ཕྱེས་ཐལ་བ་འཕུར་དགོས་ཡོད།། གྲང་ལེགས་བྱས་ནས་ཁ་ཕྱེས་ཞིབ་ཏུ་བཏག(བཏགས)། རིལ་ལུ་(བུ་)བྱས་ན་ས་ནད་སྨན་གང་ཡིན་སྤྲད།། འཇམ་སྦྱོར་བུ་རམ་སྙོམས་སྦྱོར་ཀ་ར་ལ།། རྣོ་སྦྱོར་སྦྲང་གི་རྟ་ལ་བསྐྱོན་ནས་བཏང་།། ཕོ་བའི་མེ་དྲོད་བསྐྱེད་ཅིང་མ་ཞུ་འཇུ།། ལྷེན་དང་སྐྲན་བཤིགས་དམུ་ཆུ་སྐེམ་པར་བྱེད།། སྐྱ་རྦབ་བཤིག་ཅིང་བད་ཀན་ལྕགས་དྲེག་འགོགས།། དེ་ནི་ཐལ་སྨན་དང་པོའི་སྦྱོར་བ་ཡིན།། ཐལ་སྨན་སྤྱི་འཇོམས་གྲོགས་ནི་བསྒྱུར་བ་གཅེས།། གཉིས་པ་བྱེ་བྲག་ཁ་འཐོར་ཐལ་སྨན་གྱི།། དང་པོ་ཅོང་ཞི་འཕྲུལ་ཐལ་སྨན་སྦྱོར་ནི།། འདི་ལ་སྦྱོར་སྡེ་ཆེ་ཆུང་འབྲིང་གསུམ་ཡོད།། ཨ་རུ་ཚ་ལ་རྒྱམ་ཚ་པི་པི་ལིང་།། ཆ་མཉམ་བོང་ང་དཀར་པོ་གཉིས་(ཉིས་)འགྱུར་གྱི།། ཅོང་ཟིའི་(ཞིའི་)ནང་དུ་མུ་ཟི་ཐིག་(ཐིགས་)ཅིག་(གཅིག་)སྦྱར།། ཞིག་གའི་(དཀའི་)ག་(ཀོང་)བུར་བླུགས་ལ་གོང་བཞིན་བསྲེག། མུ་ཟི་དྲི་མ་ཡལ་ཙམ་ཚོས་པའི་ཚད།། ཐལ་བ་ཞིབ་བཏག་(བཏགས་)ཀ་ར་སྦྱར་བ་དེས།། མ་ཞུ་བད་ཀན་ལྕགས་དྲེག་ལྷེན་ལ་སོགས།། རྡོ་དུག་དབྱིག་དུག་བད་མཁྲིས་སྨུག་པོའི་སྐྲན།། ཚ་གྲང་མི་བདམ་(འདམ་)ཕོ་བའི་ནད་ཀུན་འཇོམས།། རྒྱ་ཚ་པྲི་ཡང་ཀུ་དང་བཟང་པོ་དྲུག། དེ་སྟེང་བསྣན་ན་འཕྲུལ་ཐལ་འབྲིང་པོ་ཟེར།། གོང་གི་ནད་རྣམས་ནན་ཏན་(ཏར་)རྒྱས་པ་འཇོམས། ཚ་བ་ལྔ་དང་རྒྱ་ཚ་ཨ་རུ་ར།། རྒྱམ་ཚ་ཐལ་ཚ་ཁ་རུ་ཚ།། མཛེ་ཚ་ཟེ་ཚ་ལན་ཚ་མགྲོན་(འགྲོན་)བུ་དུང་ལ་སོགས།། བྱ་རྒོད་ཆུ་བྱ་ཉ་ཡི་ཤ་རུས་དང་།། ཀུན་ཀ་སྡེབ་(བསྡེབས་)པའི་སུམ་ཆ་ཅོང་ཞི་བ་གཉིས།། ཆ་གསུམ་གོང་བཞིན་བསྲེག་པས་ཐལ་ཆེན་ཤེ(ཟེར)།། ཀ་ར་སྦྱར་ནས་གཏང་བས་གྲང་སྐྲན་འདུལ།། ཚ་(ཚྭ་)བསྲེགས་སྦྱོར་བ་བ་ཚ་མེད་པའི་ཚྭ།། སྔོ་ཞིང་རོ་མངར་འཁྱོར་(ཁྱོར་)བ་དོ་ཡི་ཚད།། བ་ཞོ་བྲེ་གང་ཉ་ཤ་མཐེ་བོང་ཙམ།། ཆུ་ཚོད་(ཆོད་)འཕྲུལ་པོར་སོང་ན་རྫ་མར་བླུག། དུ་བ་མི་འཆོར་ཁ་བཅད་རྫ་མར་བླུག་ལ་བོང་མེས་བསྲེགས།། སྟར་ཞུན་སྨན་ནག་གཉིས་དང་བུ་རམ་སྦྱར།། ལྷན་(ལྷེན་)དང་ལྕགས་དྲེག་མ་ཞུ་ཁྲག་སྐྲན་བཤིག། ག་བུར་ནག་པོའི་སྦྱོར་བ་འདི་ཡིན་ཏེ།། སྲད་དཀར་ཧོང་ལེན་དྷེ་(དེ་)བ་ཤིང་སྔོན་བཞི།། དུད་པ་མ་ཤོར་སོར་(སོ་)སོར་བསྲེགས་ལ་བསྲེ།། ཐལ་བ་བ་ཆུས་སྦྲུས་ལ་རིལ་བུ་གྲིབ་སྐམ་བྱ།། ཀ་ར་སྦྱར་ནས་གཉན་ནད་གཟེར་ཐུང་དང་།། གཉན་དང་མ་ཞུ་རྒྱུ་རིམས་སེལ་བར་བྱེད།། ཕོ་བ་རིམ་(རིམས་)གཅེས་བདུད་རྩི་དེ་ལ་བསྔགས།། བིག་པན་སྲད་དཀར་སྙ་ལོ་ཁྱི་ལྕེ་བ། དུད་པ་མ་ཤོར་བསྲེགས་ཐལ་རླུང་རིམས་སེལ།། ཆང་དང་སྦྱར་ན་རི་ཐང་འཚམས་(མཚམས་)ཚད་སེལ།། རིན་པོ་ཆེ་ཡི་ཐལ་སྨན་སྦྱོར་བ་ནི།། དང་པོ་གསེར་ཐལ་གསེར་དེ་སྦྲང་གཤོགས་(གཤོག་)ཙམ་དུ་བརྡུང་།། དེ་ནས་ཞིབ་པར་ཕྱེ་མར་བྱེ་འདྲ་བཏག(བཏགས)།། ཚ་ལ་མུ་ཟི་ཏིལ་དང་ཟར་མ་སྦྱར།། གཅིག་ཏུ་དྲིལ་ནས་ཀོང་བུར་མེ་ལ་བསྲེགས།། ཟང་(ཟངས་)ཐལ་བྱེད་ན་ཡང་བསྲེག་ཡང་བརྡུང་ནས།། སིང་པོས་གཡའ་འདོན་ཚ་ལ་མུ་ཟི་བསྡེབ།། ག་འུ་བཅུག་ནས་གང་(གོང་)བཞིན་ཚོས་པར་བསྲེགས།། ལྕགས་ཐལ་བྱེད་ན་སག་བདར་(སེག་བརྡར་)རྣོན་པོས་བཏག། ཚ་ལ་ཨ་རུ་མུ་ཟིས་འདག་པ་བྱ།། གོང་བཞིན་བསྲེགས་པས་ཐལ་བར་འགྲོ་བ་ཡིན།། ཀུན་ལ་གཙོ་བོ་སུམ་ལོག་སྨན་ལ་བྱ།། གཙོ་བོ་རིན་པོ་ཆེ་ནི་སུམ་ཆ་ཡིན།། སྨན་ལ་གསུམ་(སུམ་)ལོག་བྱས་པའི་གཉེན་པོ་ཡིན།། མཛེ་དུག་བྱང་ཁོག་རྣག་ཁྲག་སེལ་བའི་སྨན།། མཚལ་ཐལ་དངུལ་ཆུ་འདོན་པར་བྱེད་པ་ལ།། ཚ་འདོན་གྲང་འདོན་གཉིས་སུ་ཡོད་པ་ལ།། དང་པོ་མཚལ་དེ་ཞིབ་བཏག་སླ་ངར་བླུག། འདམ་བག་བར་བཅད་དུད་པ་མ་ཤོར་བསྲེག། ཐོག་ནས་ཆུ་བཅག་འོག་ནས་མེ་འབུད་ལ།། ཚིག་ནས་མཁར་(འཁར་)བར་ཆུ་ཆག་བྱ་བ་ཡིན།། མེ་ཆུང་འཚིག་མི་ནུས་པས་ཚོད་ཟིན་གཅེས།། གྲང་ནས་ཁ་འབྱེད་རྔུལ་(དངུལ་)ཆུ་མཛུག་(མཛུབ་)མོས་དྲིལ་ལ་བསྡུ།། ཚོས་པའི་ཚད་ནི་འདག་པའི་མཐའ་སྐམ་ཙམ།། མེ་བཅད་གྲང་ནས་རྔུལ་(དངུལ་)ཆུ་མཛུག་(མཛུབ་)མོས་དྲིལ་ལ་བསྡུ།། ཚོས་པའི་ཚད་ནི་འདག་པའི་མཐའ་སྐམ་ཙམ།། མེ་བཅད་གྲང་ནས་རྔུལ་(དངུལ་)ཆུ་འདུལ་བ་ཡིན།། ལྕགས་ཀྱི་བོར་དང་བསྟུན་པ་ཡར་བ་བྱ།། ལྕགས་ལེབ་འཕང་ལོ་མེ་ལ་བསྲེགས་པ་ཞིག། བྱེ་མ་དེ་ཡི་དབུས་བཞག་མཚལ་བླུག་བདལ།། ལྕགས་ཀྱི་ཕར་བས་ཁ་བཅད་བྱེ་མ་ནོན་པར་བྱ།། དུད་རླངས་མ་ཤོར་ཐོག་ཏུ་ཆུ་ཆག་བྱ།། ཡུན་རིང་བཞད་ནས་མཛུག་(མཛུབ་)མོས་བསྡུའ(བསྡུ)།། མཚལ་རོ་དེ་ཡིས་ཤ་རོ་གཅོད་པའི་སྨན།། མཚལ་སྨན་དེ་ནི་འདུ་བ་ཀུན་ལ་འགྲོ།། དུད་ཐོད་ཤ་རུ་དུང་དང་མགྲོན་(འགྲོན་)བུ་དང་།། སོལ་མེའི་ནང་དུ་དཀར་པོར་སོང་སོང་བསྲེགས།། ཚ་བ་གསུམ་དང་ཟ་འོག་ཕུར་མོང་བ།། སྒོག་སྐྱ་བོད་ང་ཕག་རིལ་སྒྲོ་ལ་སོགས།། རྫ་སྦུབ་དུད་པ་མ་ཤོར་རྐོང་(ཀོང་)བུར་བསྲེག། རྨ་རུལ་ལས་བགོས་ཆུ་རྣག་སྐེམ་པར་བྱེད།། ཅོང་ཟི་(ཞི་)རྒོད་བཏུལ་སོལ་མེ་འབུད་ནས་བསྲེག། དམར་པོ་སོང་ནས་ཆང་ངམ་དར་བར་བླུག། ངད་པ་ཡལ་ན་ཕྱེ་མ་དཀར་པོར་འགྲོ།། གག་པ་ཤ་རོ་ལྷེན་སྐྲན་ལྕགས་དྲེག་འགོག། ཐལ་སྨན་སྡེ་ལ་རྣམ་པ་བཅོ་ལྔ་ཡོད།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བའི་སྨན་འབུམ་དཀར་པོ་ལས་ཐལ་སྨན་གྱི་སྦྱོར་བསྟན་པའི་ལེའུ་དགུ་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།