སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དགུ་པ། ཁཎྜའི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་དགུ་པ། ཁནྜའི་སྦྱོར་བ་བསྟན་པ།

བདུན་པ་ཁནྜའི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཞི་བྱེད་དྲུག་པ་ཐལ་སྨན་གྱིས་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ཆོ་གས་མཇུག་བསྡུ་བའོ། །དང་པོ་ནི། ཁནྜའི་སོགས་རྐང་པ་གཅིག་སྟེ། ཞི་བྱེད་ཀྱི་སྦྱོར་བ་བདུན་པ་ཁནྜ་སྟེ་དུམ་བུ་ཞེས་གྲགས་པ་སྦྱོར་བའི་སྡེ་ཚན་ནི་སྦྱར་བའི་ཐབས་འདི་ལྟར་བསྟན་པར་བྱའོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་འབའ་སམ་སོགས་ཀྱི་སྦྱོར་བ་བདུན་བཤད་པ། བྲག་ཞུན་སོགས་རྐྱང་སྦྱོར་དགུ་བཤད་པ། བསིལ་སྨན་མང་སྦྱོར་བཤད་པ་དང་གསུམ། དང་པོ་ནི། དང་པོ་འབའ་སམ་ཞེས་པ་ནས་གཅོད་པར་བྱེད་ཅེས་པའི་བར་ཚིགས་བཅད་བདུན་དང་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོ་ཚ་སེལ་སྤྱིའི་སྦྱོར་བ་འབའ་སམ་གྱི་ཁནྜ་ནི། ཧོང་ལེན། གངྒཱ་ཆུང་སོགས་སྔོ་སྨན། ཀནྜ་ཀ་རི། བོང་དཀར་སོགས་ཐང་སྨན། པརྤ་ཏ། གཡའ་ཀྱི་སོགས་བསིལ་སྨན་ཀུན་ཀནྜར་སྦྱར་ཞིང༌། བསིལ་བཞི་སོགས་རྩི་སྨན་དང༌། མཁྲིས་པའི་རིགས་དང་སེ་བའི་མེ་ཏོག་སོགས་མཁྲིས་སྨན་གང་འཛོམ་ཁ་ཚར་དུ་བཏབ་པ་ཡིས་ཚ་བའི་རིགས་སུ་གྱུར་པ་ཐམས་ཅད་སེལ་བར་བྱེད་པ་དང༌། སྔོའི་ཁནྜ་ནི། དུག་དང་སྦྱོངས་སྨན་མ་གཏོགས་པའི་སྔོ་སྨན་བསིལ་བ་ཡོད་དོ་ཅོག་གི་སྔོ་སྣ་ཚོགས་བྲག་ཞུན་དང་བཅས་པའི་ཁནྜ་སྦྱར་བས་ཚད་པ་འཇོམས་པར་བྱེད་པ་དང༌། རྨ་རྩིའི་ཁནྜ་ནི། རེ་ཀོན་པ་སྟེ་རྩི་དམར་རྐང་གཅིག་པ་དང༌། བྲག་སྤོས་པ། མིང་གཞན་བྲེ་གུ་གསེར་ཐིག །ཐིག་ཁྲབ་ཅན། ཀ་བ་རྒྱུན་གཅོད། གཟིག་མཇུག་ཅེས་སོགས་སུ་གྲགས་པ་དེ། རི་ལ་སྐྱེས་པའི་རྟ་ལྤགས་དཀར་པོ་དང༌། ཀླུང་གི་རྟ་ལྤགས་ནག་པོ། སྤྱི་མིང་རྟ་སྐོམ་པ། མེ་ཏོག་ཕྲེང་བ། ཧའུ་པ་བ་ཞེས་པ་དེ་ཉིད་དང༌། དར་ཡ་ཀན་ལ་རིགས་ལྔར་མེ་ཏོག་གིས་ཕྱེ་ཡང་ངོ་བོ་གཅིག་ཡིན་ཞིང༌། དར་ཡ་ཀན་སྨུག་པོ་ནི་སྔོན་མོ་ཆབ་འདྲེན་ནམ་སྒ་ཏིག་ནག་པོ། ཚེར་མ་དར་བཏུམས་སམ། དར་ཡ་ཀན་ནོ། །སྔོན་པོ་དར་ཡ་ཀན་ནི་ཚེར་སྔོན་ཡིན་ལ། སྤྱིར་དར་ཡ་ཀན་ཞེས་པ་ཡུལ་སྨན་ཕལ་མོ་ཆེ་ལ་འཇུག་པས་མཚམས་ཤེས་པ་དགོས་ཤིང༌། སྔོ་སྨན་འཁྲུངས་དཔེ་ལས། མེ་ཏོག་དཀར་དང་མེ་ཏོག་དམར། །མེ་ཏོག་སེར་དང་མེ་ཏོག་སྔོ། །བསིལ་འཇམ་རྫ་ལ་སྐྱེ་བ་ཡིན། །དཀར་པོ་འདྲ་དང་མི་འདྲ་མང༌། །རེ་རེ་ལའང་ཡོན་ཏན་མང༌། །ཞེས་གསུངས་པ་ལྟར་ཡིན་པ་དེ་རྣམས་སྟོན་སེར་ཁ་བ་མོས་མ་ཕོག་པའི་རྩ་བ་དང་ལོ་མར་བཅས་པའི་ཁནྜ་རྨ་རྣམས་ཀུན་གྱི་རྨའི་རྩིར་བཟང་ཞིང༌། བྲག་སྐྱེས་རེ་རལ། སྤང་སྐྱེས་རེ་རལ། བེ་སྐྱེས་རེ་རལ་ཏེ་རེ་རལ་གསུམ་དང༌། བཅད་འབྱོར་རྣམ་པ་གཉིས་ཞེས་པ་སྤྱིར་བཅད་འབྱོར་ལ། དུད་འགྲོས་རྙེད་པའི་སྨན་བཅུ་གཉིས་ཞེས། སྦྲུལ་དུག་བཅད་འབྱོར་ཡུ་གུ་ཤིང༌། འུག་པ་བཅད་འབྱོར་སྟག་ཤ། ཕག་ལྡང་བཅད་འབྱོར་རྒུ་དྲུས། འཕྱི་བ་བཅད་འབྱོར་བྲག་ལྕམ། ཤ་བ་བཅད་འབྱོར་ཡྭ་མོ་མདེའུ་འབྱིན། ཅོ་ག་བཅད་འབྱོར་འབུ་སུ་ཧང༌། གོང་མོ་བཅད་འབྱོར་གངྒཱ་ཆུང༌། སྤྲེལ་བཅད་འབྱོར་བྲག་སྤོས། སྦྲུལ་བཅད་འབྱོར་བོང་དཀར། ཉ་བཅད་འབྱོར་ཆུ་ལོ། བྱ་རོག་བཅད་འབྱོར་ཆུ་ཚན། སྤྲེ་རྒན་བཅད་འབྱོར་ལྡུམ་པོ་ལྕགས་གཅོད་མོ་རིགས། བྱ་བཅད་འབྱོར་གསང་སྨན་གཅིག་རྣམས་ལ་གྲགས་ཤིང༌།

        གཞན་ཡང་ཉི་མ་བཅད་འབྱོར་ཁུར་མང༌། ཕག་ཟེ་བཅད་འབྱོར་ཨ་ཝ། ནག་པོ་བཅད་འབྱོར་དོམ་མཁྲིས་རྣམས་ལས། འདིར་ཡུ་གུ་ཤིང་སྟེ་རྣམ་པར་བའམ། ཕག་ལྡང་བ། ཏྲེ་རེ་ཤིང༌། རྐང་གཙོ་བ་སོགས་སུ་གྲགས་པ་དང༌། སྟག་ཤ་ལ་ཕོ་མོ་གཉིས་སམ་དཀར་ནག་གཉིས་ལས་མིང༌། པ་ཎི་གྷོ་ར། ཆུ་རྟ་མོ། རྟེ་ལྕེ་བ། ཞེས་པ་སྔོ་དྲི་དང་འབྱར་བག་ཆེ་བ་ཞིག་སྟེ་བཅད་འབྱོར་གཉིས། རྟ་ལྤགས་པ། རེ་ཀོན་པ་དང༌། སྲོལ་གོང་པ་ནི་གཡའ་སྤང་མཚམས་སུ་སྐྱེ་བ་སྡོང་བུ་ཁོང་སྟོང༌། མེ་ཏོག་དཀར་སེར་ཕྲ་མོ་སྤུངས་ནས་འཆར་བ། ལོ་མ་ཕྲ་ལ་ཉག་ཅན་བཅད་ན་འོ་མ་འཛག་པ་དབྱིབས་དྲུག་སོ་ཁ་གྱེན་དུ་བསྟན་པ་ལྟ་བུ་རོ་ཤིན་ཏུ་ཁ་བ་དེ་དང༌། དར་ཡ་ཀན། ཨ་བི་ཥ་ཞེས་པ་ཅུ་གང་སྒོག་བསིལ་དེ་མོ་རིགས་རྩ་བ་སྒོག་རུག་ལྟ་བུ་སྤང་སྲུབ་མ་ཞེས་གྲགས་པ་དེ། ཨ་བྱག་ཚེར་སྔོན། ཆུ་རྩ་ལ་ཕོ་མོ་མ་ནིང་གསུམ། ཕོ་རིགས་ལ། ལ་ཆུ་བ་ཟེར། དེའི་རྩ་བ་ཆུ་རྩ། འདབ་མ་ཆུ་ལོ། རྐང་ཆུ་རྐང༌། སྤྱི་མིང་ཟབ་རླག་ཅན། གསེར་སྡོང༌། དཔལ་ཆེན་པ། ལ་རྒོད། བེར་སེར་ཅན། ཆུ་བ་སོགས་དང༌། མོ་རིགས་ལ། ཆུ་སྤུན། མ་ནིང་ལ། ཆུ་ཆུང་བ། སྐྱོང་ཆུང་བ། སྐྱུ་བ་ཞེས་ཀྱང་ཟེར། སྨན་ཕལ་ཆེར་ལ་འཇུག་པ་ནི་ཟབ་རླག་ཅན་ཞེས་གྲགས་པ་དེ་དང༌། སྔོའི་ཚ་བ་གསུམ་ལ་ཁནྜར་བྱས་པ་འབོགས་གདོང་གུར་གུམ་དང་ཅུ་གང༌། མཁྲིས་པ་ཚོགས་ཚད་ཁ་ཚར་བཏབ་པའི་བཅད་འབྱོར་ཆེན་མོའི་ཁནྜར་གྲགས་པ་དེས་ནི་ཤ་དང་རུས་པ་དང་མགོ་བོ་དང༌། ཡན་ལག་གི་རྨ་ཀུན་གསོ་ཞིང༌། ཡང་བཤལ་སྨན་གྱི་ཁནྜ་དུར་བྱིད་དང༌། ཐར་ནུ་ལ་ཆེ་ཆུང་གཉིས་ཏེ། ཚེ་བའི་མིང་ལ་ཏ་ཉེ་རོ། བྱི་ཏི་པ་ཏྲ། འོ་མ་འཛིན། ཞོ་འཛག བཙུན་མོ་དངུལ་ཟིལ་ཅན། ནད་འཇོམས་དངུལ་གྱི་ཕྲོམ་ཕྲོམ། གསེར་སྦྲུལ་ལོ་མ། འོ་མ་སྙིང་ཁྲག་ཅན། བདུད་རྩི་སྭསྟི། ཤ་མ་དུར་བྱིད། རེ་འཇམ། ཀ་མོ་ཉ་སོགས་དང༌། ཆུང་བ་ལ་ཐར་ཆུང་བ། ཁྲོན་བུ། སྤང་གི་ལ་ཕུག་སོགས་སུ་གྲགས་པ་དེ་དང་སྔོན་བུ་སྟེ། ཤོག་ཤིང་པའམ་གཡང་ཤིང་པ་དང༌། ཁྲོན་བུ་ཐར་ཆུང་བ། ལྕུམ་རྩ་ལ་དཀར་ནག་གཉིས་ཏེ། མིང་ནི་པདྨ་ཙ་རི། ཞིབ་ཤིང༌། རྩབ་ཤིང་སོགས་སུ་གྲགས་པ་དང༌། རྩི་སྟག་མོ་ནི། ཆུ་མ་རྩི་སྟེ་བྱ་དཀར་གདང་ཞུགས་འདྲ་ཞེས་པ་བཞིན། བཅུང་ཕུད་དམ་མཁའ་འགྲོ་ལ་ཕུག་ཅེས་པ་འདི་ལ། ཤོ་མང་སྦལ་མགོ་དང༌། བྱེའུ་གསོས་པའི་འདབ་མ་ངོ་སྤྲོད་པ་ནོར། ཞེས་སྨན་ངོ་གསལ་བྱེད་དུ་བཤད་ལ། མཁས་པ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་འཁྲུངས་དཔེ་ལས། ཆུ་མ་རྩི་ཞེས་བྱ་བ་ནི། །སྐྱེས་གནས་ཞིང་དང་འདམ་གསེབ་སྐྱེ། །ཞེས་སོགས་བཤད་རྒྱུད་འགྲེལ་པར་དྲངས་ཏེ་སྔོ་སྨན་གཞན་ཞིག་ལ་ངོས་འཛིན་པར་མཛད། དནྜ་ཞེས་པ་དནྜ་རོག་པོ་སྟེ། རུས་སྦལ་འདྲ་བ་བཟང་ངོ༌། མིང་ནི་རོག་པོ་རུས་སྦལ་རྒྱབ་ཅེས་ཀྱང་ངོ༌། དོང་ཁ་ཞེས་པ་ནི། བཤལ་སྨན་ཐོག་ཅན་ཏེ་ཉ་ཤ་ཀའམ། ཤ་མྱང་ཀ་ཞེས་སོ། །ཤྲིའ་ཁནྜ་ནི། བདུད་རྩི་བསེ་དཀར་གྱི་ཞོ་ལ་ཞུན་བྱས་པ་སྟེ། མིང་ཀྵི་ར་ཞེས་གྲགས་པ་དང༌། ཨ་རུ་མཆུ་སྙུང་རྣམས་བ་ཡི་ཆུས་ཁནྜ་བྱས་པ་འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོང་བ་ཡིན་ལ། ཐར་ནུའི་ཁནྜ་ནི་ཞིང་རྩས་མ་ཆོད་དུས་ཐར་ནུ་རྩ་བ་བསྐོས་ལ་དུར་བྱིད་འཕྲོད་ཙམ་དང༌། ཧོང་ལེན་དང༌། ཆུ་རུག་པ་རྣམས་ཁུ་བ་ལེགས་པར་བཏོན་པའི་ཁནྜ་བདུད་རྩི་ཟར་བུར་གྲགས་པ་དེས་ནི་མི་སྐྱུག་ཅིང་མི་འགྱིང་ལ་མི་འབྱམས་པར་ཆུ་ལ་མི་གནོད་ཅིང་ནམ་ཟླ་ཚ་གྲང་ན་སོ་རྒན་གཞོན་སོགས་བལྟོས་པ་མེད་པར་བཤལ་སྨན་གྱི་མཆོག་ཏུ་གྱུར་པ་དང༌། མཁྲིས་པའི་ཁནྜ་ནི། མི། དོམ། ཕག་པ། གླང་གཡག འཕྱི་བ་སོགས་ཀྱི་མཁྲིས་པ་ཚོགས་ཚད་དང༌། མཚེ་ལྡུམ་གྱི་ཁུ་བ། རྒྱ་ཚོས། བྲག་སྤོས་པའི་ཁུ་བ་རྣམས་ཁནྜར་བྱས་པ་ལ་གུར་གུམ་གྱི་ཁ་ཚར་བཏབ་པའི་མཁྲིས་སྣའི་ཁནྜ་འདིས་ནི་སྣ་ཁྲག །གློ་ཁྲག མངལ་ཁྲག རྩ་ཁ་ཤོར་བ། ཁྲག་ཏུ་འཁྲུ་བ་དང་སྐྱུག་པ་མ་ལུས་པ་གཙོད་པར་བྱེད་དོ་ཞེས་པའོ།།

        གཉིས་པ་བྲག་ཞུན་སོགས་ཁ་ཐོར་བའི་ཁནྜ་དགུ་བཤད་པ་ལ། བྲག་ཞུན་ཞེས་པ་ནས་བཤིག་པར་བྱེད་ཅེས་པའི་བར་ཚིགས་བཅད་ཕྱེད་དང་ལྔས་བསྟན་ཏེ། ཚིག་དོན་གཞན་རྣམས་ནི་གོ་བར་སླ་ལ་སྟར་བུའི་ཁནྜ་ནི་སྟར་བུའི་འབྲས་བུ་ལ་བྱ་ཞིང༌། ལྕ་བ་ནི་དཀར་པོ། ལྡུམ་བུ་ནི་མཁན་པའི་རིགས། ཟངས་རྩི་བ་ལ་མིང་རྀ་ཥ་དྷ། ཁྱུ་མཆོག ཛི་བ་ཀ། འཚོ་བྱེད། ཛ་བནྟི། འཚོ་ལྡན། རེ་ཤ་བ། བི་ཤ་ནི། རི་ཤ་ཀའང་ཟེར། ཊངྐན་ཀྵ་ར་ཟངས་རྩིར་བསྒྱུར་ཀྱང་དེ་མཚལ་དཀར་ལ་ཟངས་རྩི་ཞེས་གྲགས་པའི་བརྡ་ཡོད་པས་དེ་ཡིན་གྱི། སྔོ་མ་ཡིན་ལ། སྤྱིར་ཟངས་རྩི་གཉིས་མ་ནོར་བ་གལ་ཆེ་ཞིང༌། འདིར་སྔོ་ཁོ་ན་ཡིན་ཏེ་སྔོ་སྨན་གྱི་སྡེབས། ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །ཞེས་པ་དེ་རིགས་དཀར་ནག་གཉིས་ལས། དཀར་པོ་ནི། མ་ཐང་འཆིང་བུ་ཟེར། འབྲས་བུ་གོས་ལ་འབྱར་འོ་མ་ལ་བཏབ་ན་ཞོ་རུ་འགྲོ་བ། ཐིག་ལེ་བསྲུང་བའི་མཆོག་གོ །ནག་པོ་མཁྲིས་པའི་སྨན་ཏེ། མཁན་པའི་རིགས་སོ། །འབམ་པོ་ལ་ཕོ་མོ་གཉིས་ཏེ། མེ་ཏོག་ཡོད་མེད་ཀྱིས་འབྱེད་ལ། རྩ་སྟོད་གོ་སྙོད་འོལ་འདྲ་ལ་དེ་བས་ཆེ་བ་དྲི་དང་རོ་ཚ་ལ་དུགས་པ་སྡོང་པོ་ཁོང་སྟོང༌། གཡའ་སྤང་རྫ་གསེབ་ཏུ་སྐྱེའོ། ཤུག་པ་ནི་རྒྱ་ཤུག་གི་འབྲས་བུ་ཡིན་གསུངས་པས་རྒྱ་ཤུག་ནི་སྐད་དོད་བ་ད་ར་ཞེས་པ་ཟླ་ཟེར་ལས། རྒྱ་ཤུག་ཚིག་གུའི་ཡོན་ཏན་ནི། །དེ་འདྲ་སྐོམ་སློན་ལུད་སེལ་ཡིན། །ཞེས་བྱ་ལ། རྒྱ་ཤུག་གི་འབྲས་བུའི་ནང་གི་ཚིག་གུའི་ཡོན་ཏན་ནི། པི་ལ་ཡའི་ཡོན་ཏན་དང་འདྲ་བ་ལས། དེ་ལས་ལྷག་པའི་ཡོན་ཏན་སྐོམ་ནད་དང་སློན་དྲོ་བ་དང༌། ལུད་པ་སེལ་བར་བྱེད་པ་ཡིན་ནོ། །ཞེས་དང༌། རྒྱ་ཤུག་སྐྱུར་པོ་ནི། ཨལྨལ་ཀོ་ལའོ། །རྒྱ་ཤུག་ཐུང་དུ་ནི། ཀརྐནྡུ་དེ་བཞིན་ནོ་ཞེས་བྱ་བ་ནི། འབྲས་བུ་དེ་དག་རློན་ཞིང་སྐྱུར་བར་གྱུར་བ་ནི་སྔ་མ་དང་འདྲ་བར་མཁྲིས་པ་དང་བད་ཀན་བསྐྱེད་ཅིང་འཁྲུ་བ་དང༌། ལྕི་བའི་ནུས་པ་ཚ་ལ་རླུང་འཇོམས་པ་ཡིན་ནོ། །ཞེས་མ་སྨིན་པས་འཁྲུ་བ་སོགས་ཀྱི་ནུས་པ་དང༌། ངོ་བོ་ནི་པི་ལ་ཡའི་འབྲས་བུའི་ཤིང་ཐོག་ནི་ཚ་བ་མིན་ཞེས་བྱ་བ་དེ་བསིལ་བའི་ནུས་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་སྲིན་སྨན་མང་སྦྱོར་ཆེན་མོ་བཤད་པ་ལ། དྭ་བ་སོགས་རྐང་པ་གསུམ་སྟེ། སྔོ་དྭ་བ་ནི་རྒོད་རི་མཐོ་སར་སྐྱེ། གཡུང་ཞིང་ལ་སྐྱེ་ཞིང་མིང་ས་འོག་བདུད་རྩི་སྲིན་འཇོམས། དབྱར་ཞུ། འབྲོང་རྩི། ལྡུམ་རྒོད་སོགས་སུ་གྲགས་པ་དེ་དང༌། གསེབ་ན་གཞོན་སྔོ་ནག་གི་རྟ་སྦང༌། སྤྲུ་མའི་རྩ་བ་རྣམས་བསྡུས་པའི་ཁནྜ་ལ། བྱི་ཏང་ག་དང༌། ཤིང་ཀུན། ཙི་ཏྲ་ཀ། དུག་སྣ་གང་ཚོགས་སྦྱར་བའི་སྲིན་སྨན་མང་སྦྱོར་ཆེན་མོར་གྲགས་པ་འདིས་ནི་སྲིན་ཐོར་གྱི་ནད་མཐའ་དག་དང༌། ཤ་བཀྲ་སོགས་སེལ་བར་བྱེད་དོ་ཞེས་པའོ། །གསུམ་པ་ཆོ་ག་བསྟན་པས་མཇུག་བསྡུ་བ་ནི། དེ་སོགས་ཚིགས་བཅད་གཉིས་ཏེ། གོང་དུ་སྨོས་པ་དེ་ལ་སོགས་པའི་ཁནྜའི་སྡེ་ཚན་བཅུ་བདུན་པོ་མཐའ་དག་སྦྱར་བའི་ཐབས་ནི་ས་རྣམས་ཆུས་བཤལ་ཁྲམ་ཁྲུམ་དུ་བརྡུངས་ལ་བཙོས་པའི་ཁུ་བ་ཡང་ཡང་བཏོན་པ་དེ་རྔ་མ་ལ་སོགས་པས་ལེགས་པར་བརྩགས་པ་གཙང་མའི་རྫ་མ་སོགས་སྣོད་ཀྱི་ནང་དུ་བསྡུ་ལ་མ་འདྲེས་མ་ཚིག་པར་དཀྲུག་ཅིང་གར་དུ་སོང་ནས་སྐྱོ་མ་ལྦུ་ནག་ཅན་འབྱུང་བས་དེ་དུས་ཕོག་ལ་ཐིག་པ་གཅིག་རྡོ་སྟེང་དུ་བླུག་པ་དེ་གྲང་བའི་ཚེ་དྲིལ་དུ་བཏུབ་ན་ཚོས་པའི་ཚད་ཡིན་པའི་མཐའ་དྲེག་པ་གལ་སྲིད་བྱུང་ཚེ་མི་བཏང་བར་མ་ཚིག་པ་རྣམས་གྲོད་པུར་བཙའ་ཞིང་བཅང་བར་བྱའོ་ཞེས་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ཀྱི་ཞི་བྱེད་བདུན་པ་ཁནྜའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དགུ་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།