སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།



ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁཎྜའི་སྡེ་ཚན་སྦྱར་ཐབས་བསྟན་པར་བྱ།།

དང་པོ་འབའ་སམ་ཁཎྜ་སྦྱར་བ་ནི། །སྔོ་སྨན་ཐང་སྨན་བསིལ་ཀུན་ཁཎྜ་སྦྱར། །རྩི་སྨན་མཁྲིས་སྨན་ཁ་ཚར་བཏབ་པ་ཡིས། །ཚ་བའི་རིགས་སུ་གྱུར་པ་ཐམས་ཅད་སེལ། །སྔོ་ཡི་ཁཎྜ་བསིལ་གྱི་སྔོ་སྣ་ཚོགས། །བྲག་ཞུན་ཁཎྜ་སྦྱར་བས་ཚད་པ་འཇོམས། །རྨ་རྩིའི་ཁཎྜ་རེ་སྐོན་བྲག་སྤོས་པ། །རི་དང་ཀླུངས་ཀྱི་རྟ་ལྤགས་དར་ཡ་ཀན། །བསེར་ཁ་བ་མོས་མ་ཕོག་རྩ་ལོར་བཅས། །ཁཎྜ་རྨ་རྣམས་ཀུན་གྱི་རྨ་རྩིར་བཟང༌། །རེ་རལ་གསུམ་དང་བཅད་འབྱོར་རྣམ་པ་གསུམ། །རྟ་ལྤགས་རེ་སྐོན་སྲོལ་གོང་དར་ཡ་ཀན། །ཨ་བི་ཥ་དང་ཚེར་སྔོན་ཆུ་རྩ་དང༌། །སྔོ་ཡི་ཚ་བ་གསུམ་ལ་ཁཎྜབྱ། །གུར་ཀུམ་ཅུ་གང་མཁྲིས་སྣ་ཁ་ཚར་གདབ། །ཤ་རུས་མགོ་དང་ཡན་ལག་རྨ་ཀུན་གསོ། །བཤལ་སྨན་ཁབྲསྤྱ་དུར་བྱིད་ཐར་ནུ་དང༌། །སྔོན་བུ་ཁྲོན་བུ་ལྕུམ་རྩ་ཙི་སྟག་མོ། །དནྜ་དོང་ག་ཤྲཱི་ཁཎྜ་དང༌། །ཨ་རུ་མཆུ་སྙུང་བ་ཆུ་ཁཎྜ་བྱ། །འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོང༌། །ཐར་ནུ་ཁཎྜ་བཙས་ཆོད་རྩ་བ་བརྐོས། །དུར་བྱིད་འཕྲོད་ཙམ་ཧོང་ལེན་ཆུ་རུག་པ། །ཁུ་བ་ལེགས་བཏོན་ཁཎྜ་བདུད་རྩི་ཟར༌། མི་སྐྱུག་མི་འགྱིང་མི་འབྱམས་ཆུ་མི་གནོད། །ནམ་ཟླ་ཚ་གྲང་ན་སོ་རྒན་གཞོན་མེད། །མཁྲིས་པའི་ཁཎྜ་མི་དོམ་ཕག་པ་གླང༌། །གཡག་དང་འཕྱི་མཁྲིས་མཚེ་ཚོས་བྲག་སྤོས་པ། །ཁཎྜར་གུར་ཀུམ་ཁ་ཚར་བཏབ་པ་ཡིས། །སྣ་ཁྲག་གློ་ཁྲག་མངལ་ཁྲག་རྩ་ཁ་ཤོར། །ཁྲག་ཏུ་འཁྲུ་སྐྱུག་མ་ལུས་གཅོད་པར་བྱེད། །བྲག་ཞུན་ཁཎྜ་བྲག་ཞུན་ཆུར་སྦངས་ལ། །ས་མེད་ཁུ་བ་ལེགས་བཙགས་མ་འདྲེགས་བསྡུ། །ཕོ་བ་མཆིན་པ་མཁལ་ཚད་མིག་ནད་དང༌། །ཆུ་འགགས་སྨུག་པོ་དུག་ཚད་སེལ་བའི་མཆོག །བ་གསར་དམར་སེར་ཆུ་ལ་ཁཎྜ་བྱ། །སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང༌། །དབྱིག་དུག་ཚད་རྙོགས་ཆུ་སེར་མ་ལུས་སྦྱོང༌། །སྟར་བུའི་ཁཎྜ་འབྲས་བུ་བཙོས་བྱས་ལ། །རུས་པ་ཕྱུངས་ལ་ཁུ་བ་ཁཎྜར་བསྡུ། །གློ་ནད་བད་ཀན་ཁྲག་སྐྲན་འདྲིལ་བ་བཤིག །ཤུག་པའི་འབྲས་བུ་ཁཎྜ་བུ་རམ་སྦྱར། །རྐང་ལག་ཆུ་སེར་ཚ་བ་ཐམས་ཅད་སྐེམ། །ར་མཉེ་ལྕ་བའི་ཁཎྜ་བུ་རམ་སྦྱར། །མཁལ་རྐེད་སྨད་ཀྱི་ཆུ་སེར་གྲང་བ་འཇོམས། །སེང་ལྡེང་ཁཎྜ་མཛེ་ལ་མཆོག་ཏུ་ཕན། །ལྡུམ་བུ་ཟངས་རྩིའི་ཁཎྜ་མཁྲིས་ནད་སེལ། །སྐྱེར་པའི་ཁཎྜ་མིག་ནད་བདུད་རྩི་ཡིན། །འབམ་པོའི་ཁཎྜ་ཁོང་འབྲས་བཤིག་པར་བྱེད། །དྭ་བ་རྟ་སྦངས་སྤྲུ་རྩའི་ཁཎྜ་ལ། །བྱི་ཏང་ག་དང་ཤིང་ཀུན་ཙི་ཏྲ་ཀ །དུག་སྣ་སྦྱར་བས་སྲིན་ཐོར་ཤ་བཀྲ་སེལ།།

དེ་སོགས་ཁཎྜའི་སྡེ་ཚན་སྦྱར་བའི་ཐབས། །ས་བཤལ་ཁྲམ་ཁྲུམ་བརྡུངས་བཙོས་ཁུ་བ་བཏོན། །རྔ་མས་ལེགས་བཙགས་གཙང་མའི་རྫ་ནང་བསྡུ། །མ་འདྲེགས་དཀྲུག་ཅིང་སྐྱོ་མ་ལྦུ་ནག་ཅན། །དེ་དུས་ཕོག་ལ་ཐིགས་གཅིག་རྡོ་སྟེང་བླུག །དེ་གྲང་དྲིལ་དུ་བཏུབ་ན་ཚོས་ཚད་ཡིན། །མཐའ་ཡི་འདྲེགས་པ་མི་བཏང་དྲོད་བུར་བཙའ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁཎྜའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།