སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་ལྔ་པ། ལོག་གནོན་ཐུར་མ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ཉེར་ལྔ་པ། ལོག་གནོན་ཐུར་མ་བསྟན་པ།



ལེའུ་ཉེར་ལྔ་པ། ལོག་གནོན་ཐུར་མ་བསྟན་པ། 

དཔྱད་ལྔའི་ལེའུ་དེ་ལྟར་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དཔྱད་ལྔའི་ལོག་གནོན་དུ་གྱུར་པ་ཐུར་མའི་དཔྱད་མཆོག་ལ་རུང་བ་དང་མི་རུང་བ་གཉིས་ནད་གཞི་ལ་བརྟག་པ་དང༌། ཆ་བྱད་ཀྱི་དབྱིབས་ཚད་ལྡན་མིན་དང༌། གསང་ས་ཡིན་མིན་དང༌། དབྱེ་བ་དང་ལུས་ཀྱི་ཆོ་ག་དང་བརྡེག་ཐབས་དང་ལག་ཚོད་དང་འཆི་རྟགས་དང་ལོག་གནོན་དང་ཕན་ཡོན་བསྟན་པ་དང་བཅུ་གཅིག་ཏུ་བཤད་པ་ལས།

ས་དཔྱད་དང་པོ་ཐུར་མ་འཕང་དུ་རུང་བའི་ནད་གཞི་ནི་རླུང་དང་བད་ཀན་དང་གྲང་བ་དང་མ་ཞུ་བ་སོགས་ཀྱི་སྐྲན་དང་དམུ་ཆུ་དང་རླངས་འཁྱིམས་པ་དང་ཤ་བེམ་དུ་སྐྲངས་པ་དང་ཁྲག་དང་ཆུ་སེར་དང་རྣག་དང་ཚིགས་ཆུ་སོགས་ལ་གསོ་དཔྱད་གཞན་རྣམས་ཀྱིས་མ་ནོན་པའི་མཐུ་རྡུགས་པ་ཕལ་ཆེར་ཐུར་མས་གསོ་བར་བྱ་དགོས་ཏེ། དེ་ཡང་རླུང་ནད་དུ་གྱུར་པ་མགོ་རླུང་སྙིང་རླུང་གློ་རླུང་མཆིན་པ་མཆེར་བ་ཕོ་བ་མཁལ་མ་རྒྱུ་མ་ལོང་མཁྲིས་པ་བཅས་པའི་རླུང་དང༌། སྒལ་པ་རུས་ཚིགས་རྣམས་ལ་རླུང་ཞུགས་པ་ཐུར་མས་གཞིལ་དགོས་ལ། སྙིང་ལ་རླུང་དང་སྨྱོ་བྱེད་དང་ཆུ་སེར་དང་བད་ཀན་ལྡན་པ་བཞི་དང༌། བད་ཀན་གྲང་བ་མེ་དྲོད་ཉམས་པ་དང་ལྷེན་དང་ལྕགས་དྲེག་དང་མགོ་བོ་ལ་བད་ཀན་རྒྱས་པ་དང༌། དོན་ལྔ་སྣོད་དྲུག་དང་ཚིགས་པ་ལ་བད་ཀན་རྒྱས་པ་རྣམས་སྨན་དཔྱད་མེ་བཙའ་སོགས་དྲོད་ཀྱིས་མ་སེལ་ན་ཐུར་མས་གསོ་དགོས་པ་དང༌། གཞན་ཡང་མ་ཞུ་བའི་སྙིགས་མ་རང་སོར་ལུས་པ་དང༌། བད་ཀན་བེ་སྣབས་རྒྱས་པ་ཡང་ཐུར་མས་བཞུ་དགོས་ཤིང༌། སྐྲན་ནད་དུ་གྱུར་པ་གློ་བ་སྙིང་མཆིན་པ་མཆེར་པ་མཁལ་མ་དང་ཕོ་བ་ལོང་ག་མཁྲིས་པ་རྒྱུ་མ་ལྒང་པ་མངལ་ཏེ་རྩ་སྐྲན་བཅུ་གཅིག་པོ་རྣམས་དང༌། གཞནཡང་བད་རླུང་ལས་གྱུར་པའི་གྲང་བའི་སྐྲན་ཐམས་ཅད་ལའང་ཐུར་མ་མཆོག་ཡིན་ཏེ། དེར་མ་ཟད་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་བའི་སྐྲན་རྣམས་ཀྱང་གཞན་གྱི་བཅོས་རྡུགས་ཤིང་ཚད་པ་ཆོགས་ན་རྙིངས་ནས་ཐུར་མས་བཤིག་དགོས་ལ་དམུ་ཆུ་དང་གྲང་བའི་ཟགས་ཆུ་དང་འཁྱིམས་ཆུ་རྣམས་ཀྱང་ཐུར་མས་གཙག་དགོས་ཤིང༌། རླངས་པ་འཁྱིམས་པ་ནི་མགོ་ལ་བད་ཀན་གྱི་རླངས་འཁྱིམས་པ་དང༌། བྱང་ཁོག་སྟོད་དུ་བད་རླུང་གི་རླངས་འཁྱིམས་པ་དང༌། གློ་སྙིང་ཕོ་བར་རླངས་འཁྱིམས་པ་ཐམས་ཅད་ཐུར་མས་གསེང་དགོས་ཤིང༌། ཤ་ལ་ཆུ་སེར་བེམ་པའི་ཉོར་ཉོར་བྱེད་པ་དང་སྐྲངས་པ་དང་མགོ་དང་བྱང་ཁོག་ཡན་ལག་སོགས་ཀྱི་ཆུ་སེར་དང༌། དེ་རྣམས་ལ་རྣག་ཁྲག་ཞུགས་པ་རྣམས་ཀྱང་ཐུར་མས་དབྱུང་བར་བྱ་དགོས་པ་ཡིན་ནོ། །

ས་བཅད་གཉིས་པ་ཐུར་མ་མི་རུང་བ་ནི་ཤིན་ཏུ་རྒས་པ་དང་བྱིས་པ་དང་སྨན་པའི་ངག་གིས་བསྒོ་བ་ལ་མི་ཉན་པ་དང༌། གནས་དུས་ཡོ་བྱད་སོགས་ཀྱིས་རྐྱེན་མ་འཛོམ་པ་དང༌། མཆིན་པ་དང་མཆེར་པའི་སྐྲན་ཟགས་པའི་ཚ་ཆུ་དང་ཚ་སྐྲན་རྒྱས་པ་དང་སྙིང་སོགས་དོན་ལྔ་སྣོད་དྲུག་འགྲམས་སམ་ཚ་བའི་ནད་རོ་ཡོད་པ་དང༌། ཁྲག་དང་མཁྲིས་པ་ལས་གྱུར་བའི་ཚ་བ་ཐམས་ཅད་དང༌། སྲོག་གནས་པ་ལྟ་བུའི་ཤིན་ཏུ་གཉན་པའི་ཤ་རུས་རྩ་ཚིལ་གྱི་གནད་སྟེང་རྣམས་སུ་ཐུར་མ་སྤང་བར་བྱའོ། །

ས་བཅད་གསུམ་པ་ཆ་བྱད་ཀྱི་དབྱིབས་དང་ཚད་ནི་མགར་བ་མཁས་པས་བརྡུངས་པའི་ནས་འདྲ་བ་མགོ་མཇུག་ཕྲ་ཞིང་རྐེད་པ་སྦོམ་པ་དེ་ནི། གློ་བ་སྙིང་ཚིགས་པ་མཁལ་མ་རྣམས་ལ་བརྡེག་པར་བསྔགས་ཤིང༌། སྦལ་མགོ་འདྲ་བ་ནི་མཆིན་པ་མཆེར་པ་རྒྱུ་མ་ལོང་རྣམས་ལ་བརྡེག རྩེ་རྣོ་སོ་ཅན་གུག་པ་ཆུ་གྲི་སྟེ་སྐྲ་གྲི་འདྲ་བས་ནི་ཡན་ལག་གི་ནད་རྣམས་ཅུར་འབྱིན་བྱ་ཞིང༌། རྩེ་རྣོ་ལ་དབལ་ཅན་མདུང་རྩེ་འདྲ་བས་ནི་ཡན་ལག་གི་རྣག་རྣམས་ཅུར་འབྱིན་བྱ་ཞིང༌། རིང་ཐུང་མཐོ་གང་ལ་དབལ་དང་ལྡན་པ་དེས་ནི་ཕོ་བའི་ནད་ཅུར་འབྱིན་བྱ་ཞིང༌། དབྱིབས་ལེབ་ལ་སྦུབས་མཆུ་ཁ་ཡོད་པ་དེས་ནི་མགོ་བོ་ལ་ནད་ཡོད་པ་གཙག་པར་བྱ། སྦུབས་ཡོད་པའི་ཐུར་མ་སྦལ་པའི་མགོ་འདྲ་བས་ནི་སྙིང་ཆུ་གཙག་ཅིང༌། སྦུབས་ཐུར་རྩེ་རྣོ་བ་བྱིད་པོའི་མཆུ་འདྲ་བས་ནི་བྱང་ཁོག་གི་རྣག་གང་དུ་ཡོད་པའི་གསང་དབྱེ། སྦུབས་ཐུར་ཁ་གསེགས་སྨྱུ་གུའི་ཁ་ལྟ་བུ་དེས་ནི། དམུ་ཆུ་གཙག་ཅིང་རླངས་འཁྱིམས་པ་གདོན། ཟངས་ཀྱི་ཐུར་མ་རྩེ་བྲ་བོའི་དབྱིབས་འདྲ་བས་མིག་གི་བར་འགྲིབས་བསལ་བ་སོགས་ལ་བསྔགས་ལ། དེ་དག་ཀུན་ཀྱང་སྐེ་ཕྲ་ཞིང་མགོ་འོག་ཏུ་ལུས་ཤོང་བ་ཐུར་མའི་ཞབས་ཅུང་ཟད་སྦོམ་ལ་ལྡིག་པ་དང་ཐུར་རྐེད་ཕྲ་ལ་མཁྲང་བ་སྲིད་དུ་སྒང་སོར་དྲུག་པ་བྱའོ། །

ས་བཅད་བཞི་པ་གསང་བའམ་ཐུར་མའི་ལམ་ནི་རྣམ་པ་བཞི་ཡིན་ཏེ། དེ་ཡང་དོན་ལྔ་སྣོད་དྲུག་གི་ཡུལ་དང༌། རྩ་རུས་ཤ་ཚིལ་གྱི་གནད་ཤེས་པའི་སྨན་པ་དེས་ནི་སྤྱི་དང་བྱེ་བྲག་གི་གསང་གི་ས་ཡང་ཤུགས་བསྟན་དུ་ཤེས་པས་ན་རྣམ་པ་བཞིར་ངེས་དགོས་སོ། །འོན་ཀྱང་དེ་ལས་གོ་ལྡོག་པ་རྣམས་ཀྱིས་དང་པོ་དོན་ལྔ་སྣོད་དྲུག་གི་གནས་ཡུལ་གྱི་ས་མ་ཤེས་ན། དེ་རྣམས་གང་ལ་ནད་ཞུགས་པ་དེ་དང་དེའི་དཔྱད་ཀྱི་དམིགས་མི་ཕྱེད་ལ།

ཤ་རུས་རྩ་ཚིལ་གྱི་གནད་རྣམས་མ་ཤེས་ན་དཔྱད་ལ་འབྱོལ་བར་མི་ནུས་པས་དེས་ན་སྨན་པའི་ལག་དགྲ་སྤང་བའི་ཕྱིར་རྩ་གནད་རུས་གནད་ཤ་གནད་ཚིལ་གནད་མཐའ་དག་ཤེས་པ་ཤིན་ཏུ་གཅེས་པ་ཡིན་པས་རྒྱུ་མཚན་དེའི་ཕྱིར་ན་བྱང་ཁོག་ཡུལ་ཐིག་གི་གསང༌། མན་ངག་རྒྱུད་ཀྱི་ལེའུ་གྱ་ལྔ་པ་རྩ་འགྲེལ་གྱི་གནད་རྣམས་མ་འཁྲུལ་པར་ཡིད་ལ་གཟུང་བར་བྱ་དགོས་ཤིང༌། སྤྱིར་མགོ་སྐེ་ཡན་ལག་བྱང་ཁོག་རྣམས་ཀྱི་གསང་ལ་དབྱེ་གསང་དང་མེ་གསང་དང་ཐུར་གསང་གསུམ་དུ་གསུངས་པ་ལས། རྣག་ཁྲག་ཆུ་སེར་འབྱིན་པའི་དབྱེ་གསང་རྣམས་ནི་བྱང་ཁོག་གི་གསང་སར་གསལ་བས་འདིར་མ་སྨོས་ཤིང༌། མེ་གསང་ནི་མེ་བཙའི་འབྲུ་བཤག་གོང་དུ་ལེའུ་ཉེར་གཅིག་པའི་ནང་དུ་བསྟན་པ་ལྟར་ཡིན་པས་དེ་ཉིད་ཡིད་ལ་བརྣགས་པ་དང༌། འདིར་སྐབས་དོན་ཐུར་མའི་གསང་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། སྤྱི་གསང་དེ་ལའང་རགས་པའི་དབང་དུ་སོང་ན་ཡངས་པ་དང་ཤིན་ཏུ་ཡངས་པ་དང༌། དོག་པ་དང་ཤིན་ཏུ་དོག་པ་རྣམ་པ་བཞིར་འདོད་དེ། དེའང་ཡངས་པའི་གསང་རྣམས་ལ་ཐུར་མ་གཡུལ་ཐབས་ཏེ་འཕྲེད་གསེགས་འཇོལ་ཐབས་སུ་བརྡེག་ཐུབ་པ་དང༌། ཤིན་ཏུ་ཡངས་པའི་གསང་རྣམས་སུ་ཐུར་མ་རྒྱ་གྲམ་དུ་བསྐོར་ཐུབ་པ་ཡིན་ཞིང༌། དོག་པ་ན་གཉན་ཐོག་ཏུ་གཉན་བབས་པ་ཞེས་བྱ་སྟེ་གདོད་ནས་གསང་མེད་པའི་གནད་པ་དེར་ནད་ཞུགས་ནས་ནད་ཀྱིས་གནད་ཀྱི་གོ་ས་ཕྲོགས་པ་དེ་ལ་གནད་ལ་ཟེམ་སྟེ་ཟོ་ལེན་གྱིན་ཐུར་མ་སོགས་དཔྱད་བྱ་དགོས་ཤིང༌། ཤིན་ཏུ་དོག་པ་ནི་ནད་ཡོད་པའི་དམིགས་ཏེ་གནད་ཤིན་ཏུ་དམ་པ་ཞིག་གིས་བཀག་པ་ཡིན་ན་དེ་ནི་གནད་ཀྱིས་ནད་ཀྱི་གོ་ས་ཕྲོགས་པ་ཡིན་པས་དེ་འདྲ་བ་ལ་ཐུར་མའི་ལམ་གཡས་གཡོན་རྒྱབ་མདུན་སྟེང་འོག་ཏུ་གཅུས་ལ། གནད་མེད་པའི་ས་བཙལ་ཞིང་བརྡེག་དགོས་པའོ། །

དེ་ལ་ཡང་ཐུར་མའི་འཕང་ཡུལ་བརྒྱ་དང་བཅུ་ཡོད་པ་ལས་བྱེ་བྲག་གི་གསང་ནི། སྙིང་ལ་གསང་ས་བཅུ་གཅིག་ཡོད་དེ། ནུ་ཏོག་ནས་གཞལ་བའི་ནུ་མའི་སྟེང་ཚོན་གང་བཅལ་བ་རགས་པའི་དབང་གིས་སྙིང་གི་སྟོད་དེ་ལ་ཐུར་མ་བཏབ་པས་གསང་དེ་གཉིས་ནི་སྙིང་སྲོག་འཛོམ་པའི་གསང་ཡིན་ཏེ་སྙིང་རླུང་སེལ། ནུ་མའི་རྒྱབ་ངོས་སུ་ཚོན་གང་གཞལ་བ་སྲོག་རྩ་མྱོས་བྱེད་ཀྱི་གསང་གཉིས་ཏེ་སྲོག་རྩ་ལ་རླུང་དང་ཆུ་སེར་ཞུགས་པ་ལ་ཕན། ནུ་མའི་ནང་ཚོན་གང་བསྐུམ། དེ་ནས་ཐུར་དུ་ཚོན་གང་གཞལ་བ་གཡས་གཡོན་ཕོ་མོའི་ཕྱོགས་ཀྱི་རགས་པ་ཐུར་དུ་སྙིང་རྩེ་གཏོད་དབང་དང་དོན་སྙིང་གཤམ་དེ་ལ་སྙིང་ཆུ་གཙག་པའི་གསང་གཉིས། བྲང་ངོས་ཏེ་ནང་དུ་ཚོན་གང་བཅལ་བ་རགས་པ་སྙིང་གི་ལོགས་གཉིས་ཡིན་ལ། དེ་ནི་ཆུ་སེར་དང་བད་རླུང་རླངས་པ་འཁྱིམས་པ་སོགས་ཀྱི་གསང་ངོ༌། །དེ་ནས་ནང་ངོས་ལ་སླར་དཀར་ནག་མཚམས་ཕྱོགས་སུ་ཚོན་གང་བཅལ་བ་གཉིས་གློ་སྙིང་འདོམ་པའི་གསང་ཡིན་ཏེ་གྲང་བ་དང་རླུང་སེལ་ཞིང༌། རྒྱབ་ཀྱི་ཚིགས་པ་བདུན་པའི་དབུས་དང་གཡས་གཡོན་ཚོན་རེ་གཞལ་བའི་ཁ་གསུམ་ཀྱང་དེ་དང་འདྲའོ། །སྲོག་རྩའི་གསང་ས་རྒྱབ་ཀྱི་ཚིགས་པ་དྲུག་པའི་དབུས་དང་གཡས་གཡོན་གྱི་ཚོན་རེ་གཞལ་བའི་ཁ་གསུམ་ཡིན་ཏེ། དེའང་གཡོན་ངོས་སུ་བྱ་འདབ་ཀྱི་གསང་བར་དུ་ནང་བརྟོལ་བྱ་དགོས་པ་དང༌། སྐེ་སྟོང་ཅ་ར་ཁུང་ནས་ཐུར་དུ་ཚོན་དོ་སོར་གང་བཅལ། དེ་ནས་གཡས་གཡོན་ཚོན་རེ་ཕུན་རེ་བཅལ་བ་བྱ་རོག་མིག་སྟེ་དེ་ནས་ཕྱིར་ཚོན་གང་བཅལ་བའི་ས་རྩིབ་བར་གོང་མ་གོ་ཆེན་དང་དེ་ནས་ཐུར་ཚོན་གང་རེ་བཅལ་བ་འོག་མ་གོ་ཆུང་གི་གསང་དང༌། སྐེ་སྟོང་ཅ་ར་ཁུང་དང་བཅས་པའི་རྣམ་པ་ལྔ་པོ་དེ་ནི་གློ་བ་དང་སྙིང་དང་མཆིན་པའི་གསང་སྟོད་དེ་དག་ཏུ་རླངས་པ་འཁྱིམས་པ་དང༌། སྙིང་འཆུས་པ་དང་སྟོད་ཁེངས་པ་དང་དབུགས་བརྩེགས་པའི་ནད་རྣམས་ལ་དབྱེ་བར་བྱའོ། །གློ་བ་ལ་གསང་ས་ཉི་ཤུ་རྩ་གཉིས་ཡོད་དེ། སོག་འདབ་ཀྱི་རྩིབ་མའི་གཡས་གཡོན་གྱི་གོ་བར་ཚིགས་པ་བདུན་པ་ནས་གཡས་གཡོན་དུ་ཚོན་གསུམ་རེ་དང༌། དེ་ནས་ཡས་མས་ལ་ཚོན་རེ་རྣམ་པ་གསུམ་གསུམ་ནི་གློ་བའི་སྒང་ལ་སྐྲན་ཞུགས་པའི་གསང་དྲུག་ཡིན་ཞིང༌། མཆན་འོག་ནས་ཐུར་དུ་ཚོན་གང་དང་པོ་དེ་ནས་ཚོན་གང་གཉིས་པ། དེ་ནས་ཚོན་གང་གསུམ་པ་སྟེ། རྩིབ་མའི་གཡས་གཡོན་གྱི་གོ་བར་གོང་འོག་རྣམ་པ་གསུམ་གསུམ་ནི་གློ་བ་བྱ་འདབ་ལ་སྐྲན་ཞུགས་པའི་གསང་དྲུག་ཡིན། བྲང་གི་རྩིབ་མའི་གོ་བར་གཡས་གཡོན་བཞི་བཞི་ནི་ནུ་མ་ནས་ཕྱིར་ལ་སོར་གང་བཅལ། དེ་ནས་གྱེན་དུ་སོར་གང་བཅལ་བར་གཅིག་དང་དེ་ནས་ནང་དུ་ཚོན་གང་བཅལ། དེ་ནས་གྱེན་དུ་ཚོན་གང་བཅལ་བར་གཅིགདེ་ནས་ནང་དུ་སོར་གང་ཕུན་གང་བཅལ། དེ་ནས་གྱེན་དུ་ཚོན་གང་བཅལ་བར་གཅིགདེ་ནས་ནང་དུ་སོར་གང་ཕུན་གང་བཅལ། དེ་ནས་གྱེན་དུ་ཚོན་གང་བཅལ་བར་གཅིག་སྟེ་དེ་རྣམས་ནི་གློ་བ་བུ་ལ་སྐྲན་ཞུགས་པའི་གསང་བརྒྱད་ཡིན། གློ་བའི་རྒྱབ་གསང་ནི་ཚིགས་པ་བཞི་པ་དང་ལྔ་པ་གཉིས་ཀྱི་གཡས་གཡོན་དུ་ཚོན་རེ་བཅལ་བ་ཁ་གསུམ་རླུང་དང་བད་ཀན་གྱི་ནད་ཞུགས་པའི་གསང་ངོ༌། །ཚིགས་པ་བརྒྱད་པ་ནི་མཆིན་དྲིའི་གསང་ས་ཡིན་ཏེ་ཆུ་སྐྱུག་དང་ཕོ་མཆིན་མི་བདེ་བ་སེལ་ལ། ཚིགས་པ་བརྒྱད་པའི་ཐད་མདུན་ངོས་ཀྱི་བྲང་ལ་ཐུར་མ་འཕངས་ཀྱང་དེ་བཞིན་དུ་འགྱུར་རོ། །མཆིན་པ་དང་མཆེར་པ་གཉིས་ལ་གསང་ས་བརྒྱད་ཡོད་དེ། ནུ་མ་ནས་ཐུར་དུ་ཚོན་དོ་བཅལ་བ་མཆིན་དྲིའི་མཚམས། དེ་འོག་རྩིབ་མ་གཡས་པ་དང་གཡོན་པའི་གོ་བར་རྣམ་པ་གསུམ་ཚོན་གང་བཅལ་བ་དང་པོ། དེ་ནས་ཚོན་གང་བཅལ་བ་གཉིས་པ། དེ་འོག་ཚོན་གང་བཅལ་བ་གསུམ་པ་སྟེ་དེ་གསུམ་པོའི་གཡས་གསུམ་གྱི་དང་པོ་ཕོ་བ་དང་མཆིན་པའི་བར་གྱི་སྐྲན་དང༌། བར་པ་མཆིན་པའི་ཐེར་དང༌། ཐ་མ་མཆིན་གཤམ་གྱི་སྐྲན་གསང་ཡིན་ཞིང༌། གཡོན་ངོས་མཆེར་སྐྲན་ཀྱང་དེ་བཞིན་དུ་རྟོགས་དགོས་ཏེ། དང་པོ་ཕོ་བ་དང་མཆེར་པའི་བར་སྐྲན་དང༌། བར་པ་མཆེར་ཐེར། ཐ་མ་མཆེར་པའི་གཤམ་སྐྲན་དུ་ཤེས་པར་བྱའོ། །རྒྱབ་ཀྱི་ཚིགས་པ་དགུ་པ་དང་བཅུ་གཅིག་པའི་དབུས་གཡས་གཡོན་ཁ་གསུམ་གསུམ་ནི་རླུང་དང་བད་ཀན་གྲང་བའི་གསང་ཡིན། མཁལ་མའི་གསང་ས་ཉི་ཤུ་རྩ་གཅིག་ཡོད་དེ། ཚིགས་པ་བཅུ་བཞི་པ་དང་དེའི་གཡས་གཡོན་དུ་ཚོན་གང་རེ་བཅལ་བ་མཁལ་མའི་རྩ་ནག་ཡིན་ཏེ། དེ་ནས་ཚོན་གང་རེ་བཅལ་བ་མཁལ་འབྲས་ཀྱི་གསང༌། དེ་ནས་ཚོན་གང་རེ་བཅལ་བ་མཁལ་ཚིལ་གྱི་གསང༌། གཞུག་གུ་ཆུང་ནས་གཡས་གཡོན་དུ་རྣག་པོ་ཆེའི་སྟེང་དུ་མཛུབ་གང་བཅལ་བ་དཔྱིའི་འཁོར་མིག་གཉིས་པོ་ཡིན་ལ། དེ་ཡང་ངེས་པའི་ཆེད་མཁལ་འབྲས་ཀྱི་སྟེང་ནས་བཅལ་བས་སོར་བཅུ་དྲུག་གི་ས་ན་དཔྱི་མིག་གཉིས་ཡོད་པ་ཡིན་ནོ། །དེ་ནས་ཕྱོགས་བཞིར་ཚོན་རེ་བཅལ་བའི་ས་དང་དབུས་དཔྱི་མིག་རང་དང་ལྔ་ལྔ་པོ་དང་བྱིན་པ་དང་བརླའི་ཕྱི་སུལ་དུ་མཆེར་ཆུ་གཙོར་གྱུར་པའི་ཆུ་སེར་འབབ་པའི་གསང་ཡིན་ཏེ། དེ་ལྟར་ཉི་ཤུ་རྩ་གཅིག་པོ་རྣམས་ཀུན་ལ་ཐུར་མ་བརྡེགས་པས་མཁལ་མའི་གྲང་རླུང་སེལ་ཞིང༌། མཁལ་ཚིལ་དང་མཁལ་འབྲས་ཀྱི་སྟེང་དུ་མཁལ་སྐྲན་འབབས་པས་དེ་རྣམས་གང་ལའང་གསང་དང་ནད་དམིགས་མཐུན་པ་ཡིད་ཆེས་བྱུང་ན་ཐུར་མ་འཕང་ངོ༌། །ཕོ་བ་ལ་མི་འགྱུར་བའི་གསང་དགུ་དང་གཡས་གཡོན་དུ་ཅུར་འབྱིན་གཉིས། རྒྱབ་ཚིགས་པ་བཅུ་གཉིས་པ་དང་བཅས་གསང་ས་བཅུ་གཉིས་ཡོད་པ་ལས། རྒྱབ་གསང་གོང་སྨོས་ལྟར་དང་འདིར་ལྷེན་སྣའི་སྣ་ནས་ཐུར་དུ་ཚོན་གང་བཅལ། དེ་ནས་གཡས་གཡོན་དུ་ཚོན་གང་རེ་བཅལ་བའི་གཡས་གཡོན་དབུས་དང་ཁ་གསུམ་པོ་ནི་ལྷེན་གསང་ཡིན། དེ་ནས་འོག་ཏུ་ཚོན་གང་ཐུར་དུ་གཞལ་བ་དང༌། ཡང་གཡས་གཡོན་དུ་སྔར་བཞིན་གཞལ་བའི་ཁ་གསུམ་པོ་ནི་སྐྲན་གསང་ཡིན། དེ་འོག་ཚོན་གང་མར་གཞལ་དེ་ནས་གཡས་གཡོན་དུ་ཚོན་རེ་གཞལ་བ་ཁ་གསུམ་ནི་མེ་ཉམས་ཀྱི་གསང་དེ་རྣམས་ནི་ཕོ་བ་མི་འགྱུར་བའི་གསང་དགུ་ཡིན་ནོ། །ཕོ་བའི་དབུས་ནས་གཡས་གཡོན་དུ་ཚོན་དོ་རེ་གཞལ་བ་ནི་ཅུར་འབྱིན་གྱི་གསང་ཡིན་ཀྱང་མཆིན་པ་རྒྱས་ན་ཕོ་བའི་ཡུལ་ཕྱོགས་རྣམས་ཀྱི་ཐུར་མ་སྤང་དགོས། འོན་ཀྱང་སྐྲན་དང་མཆིན་པ་རྒྱས་པ་ནོར་འཁྲུལ་འབྱུང་ཕྱིར་ཅིས་ཀྱང་ཐུར་མ་འཕང་དགོས་ན་ལག་ཚོད་རན་པར་བྱའོ། །རྒྱབ་ཚིགས་པ་བཅུ་གསུམ་པ་དང་བཅོ་ལྔ་པ་གཉིས་བུ་སྣོད་ཀྱི་གསང་ཡིན་ཏེ་སྐྲན་ཞུགས་པ་དང་གྲང་བས་བུ་མི་ཆགས་པ་ལ་ཕན། ལོང་གསང་ལྔ་ནི་ལྟེ་བའི་གཡས་གཡོན་ནས་ཚོན་གང་རེ་གཞལ་བ་ལོང་གི་ཐེར་ཡིན་ཏེ་ལོང་དུ་བད་རླུང་གྲང་བ་ཞུགས་པ་ལ་ཕན། དེ་ནས་གཡས་གཡོན་དུ་ཚོན་རེ་གཞལ་བ་ལོང་སྐྲན་གྱི་གསང་དང༌། རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང་བཅས་ཏེ་གསང་ས་ལྔའོ། །རྒྱུ་མའི་གསང་བདུན་ནི་ལྟེ་འོག་ནས་ཚོན་གང་གཞལ་བ་དང༌། དེ་ནས་གཡས་གཡོན་དུ་ཚོན་རེ་གཞལ་བ་ཁ་གསུམ་རྒྱུ་སྟོད་ཀྱི་གསང༌། དེ་འོག་ནས་ཚོན་གང་གཞལ་དེ་ནས་གཡས་གཡོན་དུ་ཚོན་རེ་གཞལ་བ་ཁ་གསུམ་རྒྱུ་སྨད་ཀྱི་གསང་དང༌། རྒྱབ་ཀྱི་ཚིགས་པ་བཅུ་བདུན་པའི་ཐད་ཀྱི་མདུན་ངོས་དང་བདུན་དུ་བཤད་དོ། །རྒྱུ་ཞབས་ཀྱི་ཐེར་དུ་དཔྱི་མགོའི་ཁ་གཟར་ནས་ཆག་གང་བཅལ་བ་སྨད་ཀྱི་དབྱེ་གསང་ཡིན་ཏེ། དེ་དང་ཚིགས་པ་བཅོ་བརྒྱད་པ་གཉིས་རླིག་པའི་འབྲས་བུ་སྐྲངས་པ་དང༌། གྲང་བས་ཆུ་ཁ་སྲ་བ་དང་སྙི་བ་སེལ་བར་བྱེད། ཡན་ལག་གི་ཚིགས་ཆེན་བཅུ་དང་གོང་དུ་སོང་ཟིན་པའི་དཔྱིའི་འཁོར་མིག་གཉིས་རྣམས་ལ་ཆུ་སེར་རྒྱས་ན་ཚིགས་མིག་གི་ཆུ་བའི་བར་ན་གསང་གི་དམིག་ཡོད་པས་དེ་རྣམས་རུས་ལ་གཏུགས་པ་དང༌། ཅུར་འབྱིན་བྱ་བ་གང་འོས་རིག་པས་དཔྱད་དགོས་སོ། །

ས་བཅད་ལྔ་པ་ཐུར་མའི་དབྱེ་བ་ནི་ཚ་ཐུར་དང་གྲང་ཐུར་གཉིས་སུ་ཡོད་པ་ལས། ཚ་ཐུར་ལ་ཡང་དབྱེ་བ་གསུམ་ཡོད་དེ། ཚ་ཐུར་རྐྱང་པ་དང་ཚ་ཐུར་གྱིས་ནི་གྲང་ཐུར་དང་ཚ་ཐུར་སྦྲགས་མ་དང་གསུམ་ལས་དང་པོ་ཚ་ཐུར་རྐྱང་པ་ནི། ཐུར་མ་མེ་ལ་བསྲེགས་ནས་བརྡེག་པར་བྱ་དགོས་ཏེ། དེ་ནི་འབྲས། ལྷོག་པ། ལྦ་བ། རྣག་རྣམས་ལ་བྱའོ། །གཉིས་པ་ཚ་ཐུར་གྱི་གྲང་ཐུར་ནི་མེ་བཙའ་ཞིག་བཏབ་པའི་ཤུལ་རྗེས་ལ་ཐུར་མ་རྐྱང་པ་མ་བསྲེགས་པར་བརྡེག་དགོས་ཏེ། འདི་ནི་ནང་ན་རྣག་ཡོད་མེད་ཐེ་ཚོམ་དང་བཅས་པའི་རྣག་གསང་འབྱེད་པ་ལ་སྦྱར་དགོས་སོ། །གསུམ་པ་ཚ་ཐུར་སྦྲགས་མ་ནི་ཐུར་མ་བསྲེགས་ནས་བསྣུན་པའི་སྟེང་དུ་མེ་བཙའ་འདེབས་པར་བྱ་དགོས་ཏེ། འདི་ནི་འབྲས་དང་ལྷོག་པ་རྨ་རྒན་སྐྲན་རྣམས་ལ་བྱའོ། །གྲང་ཐུར་ལའང་དབྱེ་བ་གསུམ་ཡོད་དེ་གྲང་ཐུར་རྐྱང་པ་དང༌། གྲང་ཐུར་གྱི་ནི་ཚ་ཐུར་དང༌། གྲང་ཐུར་སྦྲགས་མ་དང་གསུམ་ལས་དང་པོ་གྲང་ཐུར་རྐྱང་པ་ནི་ཐུར་མ་རྐྱང་པ་མ་བསྲེགས་པར་བརྡེག་པར་བྱ་དགོས་ཏེ། འདི་ནི་དམུ་ཆུ་དབུག་པ་དང་མིག་འགྲིབས་པ། །རྣག་གསང་དབྱེ་བ་རྣམས་ལ་སྦྱར་རོ། །གཉིས་པ་གྲང་ཐུར་གྱི་ཚ་ཐུར་ནི་ཐུར་མ་མ་བསྲེགས་པར་སྣུན་པའི་རྗེས་ཤུལ་མེས་གདབ་པ་སྟེ་མནན་དགོས་ལ། འདི་ནི་རྣག་ཁ་འཁྱིམས་པ་དང་ཚིགས་ཆུ་ཁུག་པ་སོགས་ལ་སྦྱར་དགོས་སོ། །གསུམ་པ་གྲང་ཐུར་སྦྲགས་མ་ནི་ཐུར་མ་གྲང་མོར་བཏབ་པའི་རྗེས་ལ་འཁྱགས་པ་དང༌། །རྡོ་གྲང་དང་ཆུས་བྲན་པར་བྱ་དགོས་ཏེ། །འདི་ནི་ཤ་བེམ་པ་དང་ཚ་བས་སྐྲངས་པ་དང༌། མགོའི་ཆུ་སེར་བཙག་པ་དང༌། ཚ་སྐྲན་དང་ཚ་རོ་རྙིང་པ་ཡོད་པ་རྣམས་ལ་བསྔགས་ཤིང༌། གཞན་ཡང་ཐུར་དཔྱད་ཕལ་ཆེར་ལ་སྤྲ་བ་གཅིག་བཏབ་པའི་རྗེས་སུ་ཐུར་མ་འཕངས་ལ་དེའི་ཤུལ་ཀྱང་མེ་ཡིས་བསྲེག་པ་ཤིས་ཤིང་ལེགས་པ་ཡིན་ནོ། །

ས་བཅད་དྲུག་པ་ལུས་ཀྱི་ཆོ་ག་ནི་མཐོ་དམན་ཁད་མཉམ་པའི་སྟན་གྱི་སྟེང་དུ་སྐྱིལ་ཀྲུང་བཅས་ལ་ལག་པ་གཉིས་པུས་མོར་བཀབ་ཅིང་གླན། ལུས་རྩ་གཅུ་མེད་པར་དྲང་པོར་འདུག་ལ་གཙུག་ལག་སྤོར་ཐང་ནས་འབྱུང་བའི་ལུས་ཀྱི་མ་སོགས་བཻ་ཌཱུརྱ་དཀར་པོར་བཤད་པ་ལྟར་གྱི་ལོ་མཐུན་ནད་གཡོག་གིས་རྒྱབ་བསྟེན་ཏེ་དེ་ལ་མདུན་རྒྱབ་ཏུ་ཐུར་མ་གང་ལ་གང་དགོས་འཕང་བར་བྱ་དགོས་ཤིང་འོན་ཀྱང་ཕོ་བའི་ཐུར་མ་ནི་ཟས་ཟོས་རྗེས་རྒྱབ་ནས་ནད་གཡོག་གི་པུས་མོས་བརྟེན་ལ་འཕང་བ་དང༌། གཞན་ཡང་ཁྱི་ཚུགས་ཞེས་འཕོངས་རྟིང་པའི་སྟེང་དུ་བཞག་ནས་པུས་མོ་དང་ལག་མཐིལ་སར་བཙུགས་ལ་མགྲིན་པ་བཀུག་སྟེ་གནས་པ་ལ་སྐེ་སྟོང་དུ་ཐུར་མ་འཕང་བ་དང༌། ལག་པ་བརྒྱངས་ནས་ཀ་བ་ལ་བརྟེན་ཏེ་གནས་པ་ལ་སྙིང་གསང་དུ་སྨྱོ་ཐུར་འཕང་བ་དང༌། དྲང་པོར་ལངས་པ་ལ་དཔྱི་མིག་ཏུ་ཐུར་མ་འཕང་བ་དང༌། རྐང་པ་བརྐྱངས་ཏེ་གནས་པ་ལ་པུས་མོའི་དྲུག་བསྐོར་འཕང་བ་སོགས་ཀྱིས་མཚོན་ནས་དེ་བཞིན་དུ་གསང་གསལ་ཞིང་ནད་དང་ཕྲད་སླ་བའི་ཐབས་ཀྱི་བརྡེག་ཚུལ་རྣམས་གང་ལ་གང་བདེ་སྨན་པའི་ཤེས་རབ་ཀྱི་རིག་པས་དཔགས་ལ་དྲིས་ཤིག་གོ།

ས་བཅད་བདུན་པ་བརྡེག་པའི་ཐབས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། སྤྱིར་བཏང་དུ་ནི་ལག་པ་གཡས་པར་ཐུར་རྩེ་ནས་ཕུན་གང་སྟེ་སོར་གང་གི་མཚམས་ནས་བཟུང་ལ། གཡོན་པའི་གུང་མོས་གསང་དམིགས་གསལ་ནུས་པར་གནོན་པར་མཚོན་ལེགས་པར་བརྟགས་ཏེ། དེ་རྗེས་ལག་པ་གཡས་པས་ཐུར་རྐེད་ནས་བཟུང་སྟེ་དྲང་པོར་དབུལ་བ་དང་པགས་པ་ཕིགས་ཟིན་པ་དང་ཕུན་རེ་སྟེ་ནད་པ་དེ་རང་གི་སོར་ཕྱེད་ཕར་བསྣུད་ཀྱིན་དལ་བུས་དབུལ་ལ་ཤ་རུས་ཀྱི་ནང་དུ་རྡོལ་བ་དང་དོན་གྱི་ལག་ཚོད་མྱང་གིན་དབུལ་དགོས་ཤིང༌། དེ་ཡང་སྨན་པའི་ཡིད་དང་མཐེབ་ཚོད་དང་ཕྱི་རྟགས་གསུམ་བསྟུན་ལ་ལྟ་ཡིན་ལྟ་ཡིན་འཕང་དགོས་པ་ཡིན་ཞིང༌། ཤ་རུས་རྣམས་རྡོལ་མ་རྡོལ་དོན་སྣོད་ཕྲད་མ་ཕྲད་ལག་ཚོད་ཐུར་མས་འཛིན་པ་ནི་ཐུར་རྩེ་དང་དོན་སྣོད་འུག་པ་ཉིན་མོ་མི་དང་ཐུག་སྟེ་ཕྲད་པ་ལྟར་ཡིན་ཅིང༌། ཕོ་རོག་ལྟ་བུ་བྱ་ཤ་ཟན་གྱི་རིགས་རྒྱང་རིང་པོ་ནས་ཤ་གཅེར་ཏེ་མཐོང་ནས་འགྲོ་བ་ལྟར་སྨན་པའི་ཡིད་དང་ཐུར་མའི་ཚོད་ནད་པའི་ཕྱིའི་རྟགས་སོགས་ལ་སྦྱར་ཏེ་ཐུར་ཚོད་བཟུང་ཞིང༌། ཡང་ན་དང་པོ་པགས་པ་ལག་པ་གཡོན་པས་ཚུར་ཀོ་འཐེན་བྱས་ལ་གཙག་བུས་ཁུག་དབུག་པའི་ནང་དུ་ཐུར་མ་འཕང་ངོ༌། །

བྱེ་བྲག་བཤད་པ་ལའང་གཡུལ་ཐབས། འཕྲེད་གཅུས། སྟ་རྒབ། ཐོད་སྐོར། རྒྱ་གྲམ། ཅུར་འབྱིན་སོགས་རྣམ་པ་དྲུག་དང༌། བུ་སྐོར་མ་ལ་མི་གནོད་པར་འཕང་བ་དང་བདུན། ཡང་མ་སྐོར་བུ་ལ་མི་གནོད་པར་འཕང་བ་དང་བརྒྱད་ཡོད་པ་ལས་དང་པོ་ཐུར་མ་གཡུལ་ཐབས་ནི་ཐུར་མ་དྲང་པོའི་ཐད་ཀར་འཕང་བ་ཡིན་ཏེ། འདི་ནི་མགོ་དང་སྒལ་ཚིགས་རྒྱུ་སྨད་སོགས་ཀྱི་གསང་རྣམས་ལ་བྱའོ། །གཉིས་པ་འཕྲེད་གཅུས་ནི་ཐུར་རྩེ་གཡས་གཡོན་དུ་གཅུ་ཡིན་གཏོང་བ་ཡིན་ཏེ་འདི་ནི་མཆིན་མཆེར་མཁལ་མ་ལ་སོགས་པ་ཕལ་ཆེ་བ་ལ་ཤིས་སོ། །གསུམ་པ་སྟ་སྒབ་ནི་ཐུར་རྩེ་ཐུར་དུ་བསྟན་ལ་འཕང་བ་ཡིན་ཏེ། འདི་ནི་སྐེ་སྟོང་གློ་སྙིང་ལྷན་གསང་གསུམ་ལ་སོགས་པར་སྦྱར་དགོས་སོ། །བཞི་པ་ཐོད་སྐོར་ནི་ཐུར་རྩེ་གྱེན་ལ་བསྟན་པ་ཡིན་ཏེ། འདི་ནི་མེ་ཉམས་གསང་དང་མཛོད་ཆུང་བཅས་ཀྱི་རྣག་འཚོལ་རྣམས་ལ་སྦྱར་རོ། །ལྔ་པ་རྒྱ་གྲམ་ནི་ཐུར་རྩེ་ཕྱོགས་མཚམས་སུ་བསྐོར་བ་ཡིན་ཏེ་འདི་ནི་ཕོ་བའི་དབུས་ཀྱི་སྐྲན་དང་རྣག་འཚོལ་བ་སོགས་ལ་སྦྱར་རོ། །དྲུག་པ་ཅུར་འབྱིན་བྱ་བ་ནི་ཐུར་མ་ཅུར་ལ་འབྱིན་པར་འཕང་དགོས་པ་ཡིན་ཏེ། འདི་ནི་ཕོ་བའི་ཐེར་དང་མཛོ་མིག་དང་བརླའི་འོག་སོགས་སུ་ཤིས་སོ། །བདུན་པ་བུ་སྐོར་མ་ལ་མི་གནོད་པ་ནི་བྱང་ཁོག་ལ་ཐུར་མ་འཕེན་པ་རྣམས་ལ་བྱ་བ་ཡིན་ཏེ། འདི་ནི་དོན་ལྔ་དང་སྣོད་དྲུག་ལ་གནོད་པ་མེད་པར་འཕང་བ་ལ་བཤད་དོ། །བརྒྱད་པ་མ་སྐོར་བུ་ལ་མི་གནོད་པ་ནི་གནད་དུ་ཞུགས་པའི་ནད་ལ་འཕང་བ་ལ་བྱ་བ་ཡིན་ཏེ། དེ་ཡང་གང་ཞེ་ན་དེ་དག་ནི་མིག་དང་སྙིང་ཆུ་འབྱིན་པ་མཆིན་སྐྲན་དང་མཁལ་སྐྲན། སྐྱི་ཕུར་གྱི་རྣག་འབྱིན་པ་རྣམས་ལ་སྦྱར་བར་བྱའོ། །

ས་བཅད་བརྒྱད་པ་ཐུར་མའི་ལག་ཚོད་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། སྤྱིའི་ལག་ཚོད་ནི་པགས་པ་ལས་སྲ་བ་ཡིན་ཏེ། ཅུང་ཟད་འགྲོ་དཀའ་ཙམ་དང༌། ཤ་ལ་ཟིན་ནས་སྙི་སྟེ་བྱོལ་གྱིས་འགྲོ་བ་ཡིན་ཞིང༌། རུས་པ་ལ་ཐུག་ན་རྟུགས་ཀྱིས་མཐུ་བརྡུགས་ཏེ་མི་འགྲོ་བར་འགྱུར་བས་དེ་ལ་རྩིབ་མའི་གོ་བར་གང་ན་འདུག་བཙལ་ཏེ་དབུལ་དགོས་ཤིང༌། དེའང་བྱང་ཁོག་གི་ནང་དུ་བརྡོལ་ནས་ཐུར་རྩེ་བྱོལ་གྱིས་འགྲོ་བ་ཡིན་ལ། འོན་ཀྱང་སྨན་པའི་ཡིད་ལ་ཐུར་མ་རྟེན་གྱིས་བརྡུགས་སྙམ་བྱེད་པ་དང༌། ནད་པ་བཞིན་ལྡོག་པ་དང་སྐད་ངན་འཆོར་བ་གསུམ་ལྷན་ཅིག་ཏུ་བྱུང་ན་ཐུར་མ་ཚད་དུ་སླེབ་པའི་རྟགས་ཀྱི་མན་ངག་ཡིན་ལ། དེ་ནས་ཀྱང་ཐུར་མ་མི་བརྡུགས་པར་ནང་དུ་ཕྱོལ་ཕྱོལ་འགྲོ་ན་ཕར་ལ་བཏང་བས་ཆོག་ཅིང༌། ནང་དོག་ཅིང་ཐུར་མ་འཐེན་སྡོད་བྱེད་ན་ཡང་ནད་པས་བསྲན་བཟོད་པར་འདུག་ཚེ་ཟོ་བླངས་ཏེ་བཏང་བས་ཆོག་ལ། ནད་པས་བསྲན་མི་བཟོད་པར་འདུག་ན་ཕར་ལ་དེ་ལས་དབུལ་ཐབས་མེད་པས་ཚོད་ཟིན་པར་བྱའོ། །

བྱེ་བྲག་ཏུ་ནི་དོན་ལྔ་གང་རུང་ལ་ཐུར་རྩེ་ཉེ་ན་ནད་པ་དེའི་ཤེས་པ་འཁྲུག་ཅིང་ལུས་འདར་བ་དང་མིག་གྱེན་དུ་ལྡོག་ཅིང་ཐུར་མ་ཕྲིག་ཕྲིག་འཕར་བ་རྣམས་འབྱུང་བ་ཡིན་པས། དོན་གཞན་རྣམས་ལ་ཐུར་ཚོད་དེས་ཆོག་ལ། འོན་ཀྱང་སྙིང་ཆུ་གཙག་པ་ལ་ནི། ཐུར་རྩེ་ཚུར་ལ་འཕུལ་སྙམ་བྱེད་ན་སྙིང་ལྤགས་ལ་སླེབ་པའི་རྟགས་ཡིན་པས། ནད་པའི་གདོང་ལ་ཆུ་ལྕག་བརྒྱབ། ནད་པ་དབུགས་བསྡམ་དུ་བཅུག་ལ་ཐུར་མ་སོར་གཅིག་ཕར་སྣུད་ལ་དབུལ་ལོ། །སྲོག་རྩ་ལ་ནི་ཐུར་མའི་ལོགས་ལས་སྲོག་རྩ་འཕར་བ་ཡིན་ཅིང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་ནས་དེ་བཞིན་དུ་གློ་བ་ལ་སྣ་བུག་ཧར་ཞིང་གློ་ཆུང་ཆུང་འོང་བ་དང༌། མཆིན་མཆེར་གཉིས་ལ་སྐྱུག་མེར་བྱེད་པ་ལ་སོགས་ཁ་ནས་རང་དབང་མེད་པར་ཆུ་ལྡུགས་པ་འོང༌། མཁལ་མ་ལ་དེ་ཉིད་ན་ཞིང་མཁལ་རྩ་འབྲལ་སྙམ་བྱེད་པ་འབྱུང་ལ། དེའང་སྤྱིར་ནི་དོན་རྣམས་ཐུར་མ་ངོས་ལ་ཚུར་ཚུར་བསྙེག་པ་ཡིན་ཏེ་དཔེར་ན་བྱའི་ཚང་ནང་དུ་སྦྲུལ་ཞུགས་ན་ཕྲུ་གུ་རྣམས་མ་དང་ནོར་ཏེ་ཚུར་བསྙེག་པ་དང་འདྲ་ལ། འོན་ཀྱང་དམིགས་བསལ་མཆིན་མཆེར་མཁལ་མ་གསུམ་ལ་ཕར་འབྲོས་པ་དང་ཚུར་བསྙེག་པ་སོགས་བྱ་རྒྱུ་གང་ཡང་མེད་པས་དེ་ལྟར་ཡིད་ལ་བརྣགས་པ་དང༌། སྣོད་རྣམས་ནི་ཐུར་རྩེ་ལས་ཕར་འབྲོས་པ་ཡིན་ཏེ་དཔེར་ན་ཡོལ་བ་རླུང་གིས་དེད་པ་འདྲ་ལ། དེ་ཡང་ཐུར་མ་དལ་བུས་དབུལ་བས་སྣོད་རྣམས་རིམ་གྱིས་འབྲོས་པར་འགྱུར་བ་ཡིན་ཀྱང་མགྱོགས་དྲགས་ན་འབྲོས་ལོང་མེད་པར་ཐུར་རྩེ་སྣོད་ལ་འཇུག་པས་དེ་ལྟར་ཁེ་ཉེན་ཤེས་པ་དང༌། ཕོ་བ་ལ་ཕྱིའི་དར་ཤ་ཕུགས་པ་དང་ཕོ་བའི་བར་ན་སྟོང་པ་སོར་གཅིག་ཙམ་ཡོད་ལ། དེ་ནས་ཕོ་བའི་རྩར་སླེབ་པའི་ཚེ་ཡིད་ཙམ་སྲ་སྙམ་བྱེད་པ་འབྱུང་ཞིང༌། སྐབས་འདིར་མཆིན་པས་ཕོ་བའི་ཡུལ་ཕྲོགས་ནས་མཆིན་པའི་ཇ་ལོག་འབྱུང་བ་ཡིན་པས་གཟབ་པར་བྱའོ། །ཕོ་བའི་ནང་དུ་བརྡོལ་ནས་ནི་ཡང་སར་ཕྱོལ་གྱིས་འགྲོ་ལ་རྒྱུ་ལོང་གི་པགས་པ་ཕིགས་ནས་ནུར་ནུར་བྱིལ་བྱིལ་འགྲོ་ཞིང་ནང་དུ་སླེབ་ན་སྐྱུག་ལོག་དང་ན་བར་འགྱུར་ཞིང་ཚ་འབྲབ་ཀྱང་བྱེད། སྐྲན་དང་ཐུར་རྩེ་ཕྲད་ན་རེག་པ་སྲ་བ་སྙམ་བྱེད་ལ་ཐད་ཀར་གཟེར་ཞིང་ཁ་ནས་ཨ་ན་ཟེར་བ་འོང་བས་སྐྲན་གསར་པའི་དུས་ན་མཐའ་བསྐོར་བ་མ་གཏོགས་དཀྱིལ་མི་དབུག་ཅིང་རྙིངས་ནས་ནི་རྨ་མང་པོ་གདོད་པས་ཆོག་གོ། རྣག་དང་དམུ་ཆུ་དང་རླངས་པ་འཁྱིམས་པ་རྣམས་ལ་ནི་དངོས་སུ་གསལ་བར་འབྱུང་ཞིང་མགོ་དང་ཡན་ལག་གི་ཚིགས་མིག་རུས་པར་ཐུག་པ་དང༌། བཤུལ་ཤའི་ཐུར་མ་རྣམས་ནི་རང་གིས་བསྣུན་པའི་ཚད་དང་ལག་ཚོད་བསྟུན་ལ་བྱ་ཞིང་ཐུར་མ་ཆག་གང་ནང་དུ་བརྡོལ་ཏེ་དེ་ལས་ལྷག་པའམ་འཕར་ན་དེ་ནས་དབུལ་ཐབས་མེད་ཅིང་ཡན་ལག་ཅུར་འབྱིན་དང་ཚིགས་པའི་བར་དུ་ནི་ཐུར་མ་བཀྲུལ་ལ་གདོན་ནོ། །

ས་བཅད་དགུ་པ་འཆི་བའི་རྟགས་ལ་ནད་གཞིས་སླེབ་པ་དང༌། གནད་ལ་ཉེ་བ་དང་ཐོར་བུའི་རླུང་སྐྱེས་པ་དང་གསུམ་ཡོད་པ་ལས་དང་པོ་ནད་གཞིས་སླེབ་པ་དང༌། གནད་ལ་ཉེ་བ་གཉིས་ཀ་གོང་དུ་ལག་ཚོད་ཀྱི་སྐབས་སུ་བསྟན་ཟིན་པ་ཡིན་ཀྱང་ཁྱད་པར་རྩ་གནད་ལ་ན་ཚ་སྦྲེང་ངེ་འོང་བ་དང་ཡང་ན་ན་ཚ་རབས་ཀྱིས་འོང་ལ། དེ་ཡང་ནད་པ་ཉིད་རང་ལ་དྲིས་པས་གསལ་འོང་ངོ༌། །གསུམ་པ་ཐོར་བུའི་རླུང་སྐྱེས་ན་ནི་གཡལ་བ་དང་དངངས་ཤིང་འདར་བ་སོགས་དང་སྐྱུག་པར་ཡང་བྱེད་དོ། །

ས་བཅད་བཅུ་པ་ཐུར་མ་ལོག་པ་ནི་ཚ་ལོག་དང་གྲང་ལོག་རྣམ་པ་གཉིས་སུ་ཡོད་དེ། དེའང་ཚ་ལོག་ནི་ཐུར་མ་འཕངས་ནས་ཞག་གསུམ་མམ་གཉིས་ཙམ་ལ་འབྱུང་བ་ཡིན་ཏེ། འདི་ནི་ནད་ཚ་གྲང་ངོས་མ་ཟིན་པར་འཁྲུལ་ལམ་སྐྲན་ནད་ཚ་བར་ལོག་པ་གང་རུང་ཡིན་ནོ། །གྲང་ལོག་ནི་དཔྱད་བྱས་མ་ཐག་པའི་རྗེས་ལ་འབྱུང་བ་ཡིན་ཏེ། དེ་ཡང་ཐོར་བུའི་རླུང་སྐྱེས་ན་གསུར་དུད་བཏང་བ་དང་བྱུག་པ་དང་བུར་ཆང་རུས་ཁུ་སོགས་བཅུད་ཆེན་གྱི་རིགས་བསྟེན་ཞིང་རླུང་གསང་མེ་བཙས་མནན་ནོ། །ཐུར་ཤུལ་ནས་ཁྲག་བབས་པ་ནི་འཁྱགས་པའི་སྐྱོན་ཡིན་ཏེ་དུགས་ཀྱིས་བསྲོ་བ་དང་ཆུ་སྐྲན་བརྡོལ་བས་སྣོད་ཀྱི་ནང་དུ་འགྲིམས་ཤིང་དེ་དག་བྱེར་ནས་ལུས་སྐྲངས་ན་དེ་ལ་སེ་འབྲུའི་སྦྱོར་བ་སོགས་དྲོད་སྨན་དང་ཆུ་སྦྱོང་དང་བི་ཥའི་རུས་སྦྱོར་སོགས་སྐེམ་སྨན་གང་འོས་ཀྱིས་བཅོས་དགོས་སོ། །ཚ་ལོག་གམ་ཚ་གྲང་འཁྲུལ་བས་ཐུར་ལོག་དེའི་རྟགས་དང་བཅོས་ཐབས་རྣམས་ནི་རང་རང་གི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་དགོས་ཀྱང་ཐུར་ནད་ཕལ་ཆེ་བ་ནི་བསིལ་དུགས་ཀྱི་སྦྱོར་བ་མཆོག་ཏུ་བསྔགས་ཤིང་དོན་སྣོད་ཀྱི་གནད་ལ་ཐུར་རྩེས་ཟིན་ན་ནི་དེ་དག་སོ་སོའི་རྨའི་སྐབས་བཞིན་བཅོས་པ་གལ་ཆེའོ། །

ས་བཅད་བཅུ་གཅིག་པ་ཐུར་མ་བྱས་པའི་ཕན་ཡོན་ནི་རླུང་ཁ་གནོན་པ་དང༌། གྲང་བའི་དྲོད་སྐྱེད། སྐྲན་བཤིག་ལ། མ་ཞུ་བའང་འཇུ་བ་དང༌། རླངས་པ་འཁྱིམས་པ་གསེང་ཞིང་ཤ་བེམ་ཡང་གསེང་བ་དང་རྣག་ཁྲག་ཆུ་སེར་བ་དམུ་ཆུ་རྣམས་ཕྱིར་ལ་འབྱིན་པས་དེ་དག་ནི་ཐུར་མ་བྱས་པའི་ཕན་ཡོན་ཡིན་ནོ། །དེ་ཡང་དང་པོ་ཐུར་མ་རྒྱག་ཏུ་རུང་བའི་ཡུལ་མ་ཤེས་ན་དཔྱད་ཀྱི་ལ་བཟླ་མི་ཤེས་པས་གཞན་ལས་མཁས་པའི་ཁྱད་མི་ཐོན། གཉིས་པ་མི་རུང་བའི་སྤང་ཡུལ་མ་ཤེས་ན་ཐུར་ལོག་བྱུང་ནས་རང་ཉིད་ཁ་སྐྱེངས་ལ་མི་གཞན་གྱིས་འཕྱར་ཁའང་འོང༌། གསུམ་པ་ཐུར་མའི་དབྱིབས་སོགས་ཚད་དང་མ་ལྡན་ན་ལག་ཚོད་མི་སྐྱེ་བར་དམན་པ་དང་ཐལ་བ་གང་རུང་གི་སྐྱོན་གྱིས་འཕོག་ཅིང༌། བཞི་པ་ཐུར་མའི་གསེང་ས་མ་ཤེས་ན་ཐུར་ལམ་འགགས་ནས་ནད་དང་དཔྱད་གཉིས་པོ་ཕྲད་པར་མི་བྱེད། ལྔ་པ་ཐུར་མའི་དབྱེ་བ་ཇི་ལྟ་བར་མ་ཤེས་ན་ནད་དང་དཔྱད་དུ་མི་འཕྲོད་པར་འཛོལ་ཞིང་ཐུར་ལོག་འོང༌། དྲུག་པ་ཐུར་མའི་ཆོ་གའམ་བཅའ་ཐབས་མ་ཤེས་ན་ཐུར་ལམ་འགགས་ནས་མི་དགོས་པའི་གནད་ལ་སྙེག་ཅིང་དགོས་པའི་ནད་ཀྱི་གནས་སུ་མི་སྐྱོལ། བདུན་པ་ཐུར་མའི་བརྡེག་ཐབས་ལེགས་པར་མ་ཤེས་ན་ནད་དང་མི་ཕྲད་ཅིང་གནད་ལས་འབྱོལ་བར་མི་ནུས་ལ། བརྒྱད་པ་ཐུར་མའི་ལག་ཚོད་རན་པར་མ་ཟིན་ན་ཐུར་མ་ཁ་ཐལ་ནས་སྨན་པའི་ལག་དགྲས་ནད་པ་འཕུང་བར་འགྱུར། དགུ་པ་ཐུར་མའི་འཆི་རྟགས་ཇི་བཞིན་མ་ཤེས་ན་གསོ་ཤིའི་བྱ་ར་མེད་པས་ཚད་དུ་མི་སྐྱོལ། བཅུ་པ་ཐུར་མའི་ལོག་གནོན་གང་ཡིན་པ་ལྟར་མ་ཤེས་ན་གསོ་དཔྱད་བྱས་པ་དེ་ནད་པའི་སྲོག་གཅོད་ཀྱི་བསྐུལ་མར་འགྱུར་ལ། བཅུ་གཅིག་པ་ཐུར་མའི་ཕན་ཡོན་མ་ཤེས་ན་དཔྱད་མཆོག་ཐུར་མའི་གདེངས་མེད་པས་སྤྱོད་པར་མི་ནུས་སོ། །རྒྱུ་མཚན་དེ་ལྟ་བས་ན་དེ་རྣམས་ལས་ལྡོག་པ་ནི་དེའི་ཡོན་ཏན་ཡིན་པར་བཤད་དོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཔྱད་ཀུན་གྱི་ལོག་གནོན་ཐུར་མ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།