སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་ལྔ་པ། རྒྱུ་གཟེར་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་ལྔ་པ། རྒྱུ་གཟེར་བཅོས་པ།

ལེའུ་ཉེར་ལྔ་པ་རྒྱུ་གཟེར་བཅོས་པ་ལ་གསུམ་ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་ལེའུའི་གཞུང༌། གཞུང་རྫོགས་ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ལ་ལྔ། རྒྱུ་རྐྱེན། མཚན་ཉིད། དབྱེ་བ། རྟགས། བཅོས་ཐབས་སོ། །དང་པོ་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་ནི། རྒྱུ་གཟེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་མཚན་ཉིད་ནི། ངོ་བོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ངོ་བོ་ནི་མཆིན་པའི་ཁྲག་ཚད་ཐུར་དུ་བབས་པ་ལས། གཉན་ཆུ་སེར་མཁྲིས་ཚད་རྣམས་སླང་བའམ་སློང་བ་ཡིས་རྒྱུ་མར་གཟེར་བས་ན་རྒྱུ་གཟེར་ཞེས་བརྗོད་དོ། །གསུམ་པ་དབྱེ་བ་ལ་གཉིས་མདོར་རྒྱས་སོ།།

        དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། །སྤྱིར་དབྱེ་བ་དང་བྱེ་བྲག་ཏུ་དབྱེ་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དོན་འཁྲུ་དང༌། སྣོད་འཁྲུ་དང༌། སྟོབས་ཆེན་དུ་འཁྲུ་བ་དང༌། སྟོབས་ཆུང་དུ་འཁྲུ་བ་སྟེ་རྣམ་པ་བཞིའོ། །གཉིས་པ་བྱེ་བྲག་གི་དབྱེ་བ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱེ་བྲག་གི་དབྱེ་བ་ལ་རྒྱུ་གཟེར་དང་རྒྱུ་འཁོར་དང༌། རྒྱུ་འཁྲོལ་དང་རྒྱུ་ལྐུགས་དང་བཞི་སྟེ་དྲིལ་བས་བརྒྱད་དོ། །བཞི་པ་རྟགས་བཤད་པ་ལ་གསུམ། སྤྱི་དང་ཁྱད་པར་དང་བྱེ་བྲག་གོ །དང་པོ་སྤྱི་རྟགས་ནི། དེ་རྟགས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། སྣོད་འཁྲུ་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ནོ། །གསུམ་པ་ནི། སྟོབས་ལྡན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། སྟོབས་ཆུང་ཞེས་འབྲུ་ལྔས་བསྟན་ནོ། །གསུམ་པ་བྱེ་བྲག་གི་རྟགས་ལའང་བཞི་ལས། དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། རྒྱུ་འཁོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། རྒྱུ་ཁྲོལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། རྒྱུ་ལྐུགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་བཅོས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གསར་པ་དང་རྙིང་པ་དང་དུས་དང་སྦྱར་ནས་བཅོས་པའོ། །གསུམ་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་གསར་བཅོས་ལའང་གཉིས་མདོར་རྒྱས་སོ།།

        དང་པོ་ནི། གསར་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་སྤྱི་ལ་བཅོས་པ་ལའང་མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྟོབས་ཆེ་ཆུང་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྟོབས་ཆེན་བཅོས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྟོབས་ཆེན་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་སྟོབས་ཆེན་ལ་བཅོས་པའི་ཐབས་ནི། སྣོད་ཀྱི་རྩི་བསྲུང་བ་དང༌། མཁྲིས་པའི་མེ་བསད་པ་དང༌། རྒྱུ་ལོང་གི་རུལ་བ་སྦྱང་བ་དང༌། ནད་དངོས་གཉེན་པོས་བསད་པ་དང༌། མཆིན་པའི་ཟགས་བསྡམ་བ་དང༌། འཁྲུ་བའི་མདོག་སྒྱུར་བ་དང༌། ཐ་མ་ཆུ་བོའི་རྒྱུན་ལམ་བཅད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ལས། དང་པོ་སྣོད་ཀྱི་རྩི་བསྲུང་བ་བཤད་པ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིར་ཆིག་ཐུབ་ཅེས་པ་ཆིག་བུའམ་གཅིག་པུས་ཐུབ་པའི་མིང་ཡིན་ལ། རི་བོང་ཀླད་པ་མ་རྙེད་ན་ཏིལ་དཀར་པོས་ཚབ་རུང་ཞེས་ཕྱག་དྲེག་མར་བཤད་དོ། །གཉིས་པ་མཁྲིས་པའི་མེ་བསད་པ་ནི། མཁྲིས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུས་བཞི་ལྟག་པ་སྤྲད་པ་ནི། ཆིག་ཐུབ་གསུམ་ནང་ནུབ་བཏང༌། འདི་ན་མཆན་གྱི་གུར་གུམ་བདུན་པ་དགུང་གཉིས་ལ་བཏང༌། གསུམ་པ་ནི། དེ་འོག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། སྦྱངས་རྗེས་ཞེས་རྐང་པ་ལྔས་བསྟན་ནོ། །ལྔ་པ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། འཁྲུ་མདོག་ཅེས་རྐང་པ་དགུས་བསྟན་ཏེ། ནས་སྔོན་ཅར་བརྡུངས་ནི། ནས་སྔོན་པོ་དེ་ཡོས་སུ་མ་བྱས་པར་དེ་ཀ་རྡོ་གཞོང་དུ་བརྡུངས་པའོ། །བདུན་པ་ནི། དེ་དུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གཅོད་བྱེད་སྨན་ནི། འོག་ཏུ་ཚ་བ་ཆོམས་ནས་བཅད་པའི་དུས་སུ་སླེབས་པའི་ཚེ། ཅོང་ཞི་རྩི་མར་གང་ག་ཆུང་དང་གསུམ་སོགས་ཀྱི་སྨན་སྦྱོར་རྣམས་སོ། གསར་བཅུད་ཟས་ནི་རུལ་སུངས་མེད་ཅིང་བཅུད་དང་ལྡན་པའོ། །གཉིས་པ་སྟོབས་ཆུང་གི་བཅོས་ལ་གཉིས། རིམ་པ་དང༌། ཕྱིངས་དྲིལ་ལོ། །དང་པོ་རིམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྟོབས་ཆུང་ཞེས་རྐང་པ་བཞིས་བསྟན་ཏེ། དང་པོ་རྩ་ཁ་བསྡམ་པ། བར་དུ་ཚ་བ་བསད་པ། ཐ་མ་རྒྱུན་ལམ་བཅད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ལའང་གཉིས། སྤྱི་སྨན་གཙོ་བོར་བསྟན་པ། དེའི་འཁོར་བསྟན་པའོ།།

        དང་པོ་སྤྱི་སྨན་ནི། ཀུན་གྱི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དང་པོ་བར་དང་ཐ་མ་ཀུན་གྱི་སྨན་གྱི་གཙོ་བོ་ནི་དཀར་པོ་ཆིག་ཐུབ་ཡིན་ལ། དེ་ཡང་རྩ་བ་དུང་ལོ་མ་གཡུ་མེ་ཏོག་མཆོང་ལོ་མ་སྟེ་སྤང་རྩི་དོ་བོ་ཡིན་ལ། འདི་ལ་རིགས་སྤང་རྩི། ལུག་རྩི། སྤང་རྩི་འབྱར་བག་ཅན་དང་གསུམ་ཡོད་པ་ལས་འདིར་དང་པོ་སྤང་རྩི་དངོས་ཏེ་མིང་ནི་ཀུན་བྱེད་རྒྱལ་པོ། བེ་དོ་བ། ཨ་ལོག་བེར་ཀ སྤོ་སྤོ་མགོ་སོགས་མིང་དུ་གྲགས་པ་དེ་ཡིན་ནོ། །གཉིས་པ་དེའི་འཁོར་བཤད་པ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་རྐང་ནི་མྱང་རྩི་སྨྲས་སོ། །གཙོ་བོ་ནི་སྤང་རྩི་དོ་བོའོ། །ཆ་མཉམ་པ་ནི། སྤང་རྩི་ཆ་གཅིག་དང༌། གཞན་གཉིས་པོ་བསྡོམས་པ་ཆ་གཅིག་གོ གཉིས་པ་ནི། བར་དུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གསུམ་ཆ་སྦྱར་བ་ནི། གཙོ་བོ་སྤང་རྩི་དོ་བོ་ཆ་གཉིས་ལ་སྨན་གཞན་བཞི་པོ་ཆ་གཅིག་སྦྱར་བའོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སུམ་ཆ་སྦྱར་བ་ནི། གཙོ་བོ་སྤང་རྩི་ཆ་མཉམ་ལ་སྐྱེར་པའི་མེ་ཏོག་ཆ་གཅིག་སྦྱར་རོ། །གཉིས་པ་ནི། ཡང་ན་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཆོས་སྨན་ནི་ཟུར་མཁར་བས་མཛད་པའི་སྨན་ངོ་གསལ་བྱེད་དུ། གསང་སྔགས་གསར་མའི་བདུད་རྩི་རིལ་བུ། རྙིང་མའི་ཨ་མྲྀ་ཏ་ཡིན་པར་གསུངས་འདུག །སུམ་གཉིས་བཏང་བ་ནི། རྒུ་དྲུས་ཆོས་སྨན་རང་ཤིའི་ཐོད་པ་ཐོག་རུས་བཞི་རྒྱལ་པོ་ཡིན་པས་ཆ་སུམ་གཉིས་ལ། གླ་རྩི་ནས་བྲག་ཞུན་ཀྱི་བར་བློན་པོ་ཡིན་པས་སུམ་གཅིག་བྱ། དེའི་སྟེང་དུ་འཁྲུ་མདོག་དང་སྦྱར་བའི་ཁ་བསྒྱུར་བསྣན་པ་གངས་ཆུས་ཕུལ་ལ་བཏང་བས་རུལ་སུངས་ཚད་པ་གཅོག་ནད་རྒྱས་དུས་བསྔགས། ཚད་རྟགས་འབྲི་འཁྲུ་ཚིགས་རིང་དུ་སོང་ནས་སྨན་དེ་རྣམས་ལ་ཀ་ར་སྦྱར་བ་བ་འོ་སྐོལ་གྲངས་ཀྱིས་ཕུལ་ནས་བཏང་བས་འཁྲུ་བ་གཅོད་ལུས་བརྟས་པར་བྱེད་དོ། །གཉིས་པ་བྱེ་བྲག་གི་བཅོས་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ལ་བཞི། རྒྱུ་གཟེར། རྒྱུ་འཁོར། རྒྱུ་འཁྲོག རྒྱུ་ལྐུགས་སོ། །དང་པོ་རྒྱུ་གཟེར་ནི་ཁྱད་པར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་རྒྱུ་འཁོར་ནི། རྒྱུ་འཁོར་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། རྒྱུ་འཁྲོག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་རྒྱུ་ལྐུགས་ནི། རྒྱུ་ལྐུགས་ཞེས་རྐང་པ་ལྔས་བསྟན་ཏེ། གྲོད་པའི་དུགས་ནི། གྲོད་པར་གངས་ཆུ་གྲང་མོ་བླུག་པ་རྒྱུ་ཞབས་སུ་བདུག་གོ །གཉིས་པ་ལ་གསུམ། རང་གི་ངོ་བོ་གཞོམས་ཐབས། ཐུན་མོང་བཅད་པའི་རིམ་པ། གྲང་འབྱམས་བཅོས་པའི་ལག་ལེན་ནོ། །དང་པོ་ནི། ཟླ་ཕྱེད་ཅེས་རྐང་པ་ལྔས་བསྟན་ཏེ། བཤལ་གྱིས་སྦྱང་བ་ནི་གོང་གི་རུལ་དྲི་སྦྱང་བ་དེའོ། །གཉིས་པ་ནི། ཚ་བ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཤ་ནུས་བསྡུས་པ་ནི། ནད་པ་རང་གི་འཁྲུས་པའི་དྲི་ཆེན་ཡིན་ཡང་ཟེར། མཆན་ལ་ལར་སྤྲིའམ་བེའུ་སྐྱེས་འཕྲལ་གྱི་འོ་མ་ཞེས་འབྱུང༌། སྨན་དཔྱད་སོ་མ་རཱ་ཛར། ཤ་བ་དག་དང་དགོ་བ་དང༌། །བོང་བུ་རྟ་དང་རི་བོང་གི །སྣུས་བུ་ཞོ་བཙོས་དག་དང་སྦྱར། །འཁྲུ་བ་གཅོད་པའི་སྨན་མཆོག་ཡིན། ཞེས་པའི་དོན་ནོ། །གསུམ་པ་ནི། འཁྲུས་དྲགས་ཞེས་རྐང་པ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། རྒྱུ་ལོང་གསང་ནི་མདུན་རྒྱབ་ཀྱི་གསང་ངོ༌། །གསར་འཇམ་ནི་ཆང་གསར་པའོ། །གླ་བ་ནི་སྟར་མ་ཤིང་ངོ༌། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ཉི་ཤུ་ལྔ་པའི་བར་གྱིས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།