སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །རྒྱུ་གཟེར་རིམས་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གིས་ལན་གསུངས་པ།།

སྤྱི་དོན་དང་པོ་དང་གཉིས་པ་རྒྱུ་གཟེར་རྒྱུ་ནི་རིམས་ཚད་སྤྱི་དང་འདྲ། །སྤྱི་དོན་གསུམ་པ་ངོ་བོ་མཆིན་པའི་ཁྲག་ཚད་པས་ཐུར་དུ་བབས་པ་ལ། །གཉན་ནད་ཆུ་སེར་མཁྲིས་ཚད་རྣམས་བསླང་བ་ཡིས། །རྒྱུ་མ་གཟེར་ཞིང་འཁྲུ་བས་རྒྱུ་གཟེར་ཡིན།།

སྤྱི་དོན་བཞི་བ་དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ལ་དོན་འཁྲུ་བ་དང་སྣོད་འཁྲུ་བ། །སྟོབས་ཆེན་སྟོབས་ཆུང་རྣམ་པ་བཞི་རུ་འགྱུར། །གཉིས་པ་བྱེ་བྲག་དབྱེ་བ་རྒྱུ་གཟེར་རྒྱུ་འཁོར་དང༌། །རྒྱུ་འཁྲོལ་རྒྱུ་ལུགས་ཞེས་བྱ་བཞི་རུ་བཤད།

སྤྱི་དོན་ལྔ་བ་དེ་རྟགས་དང་པོ་མགོ་དང་ཚིགས་གཞི་ན། །ཕྲུམ་སེར་གྲང་ཤུམ་ཁྱེར་ཞིང་རྒྱུ་མ་ན་ལ་འཁྲུ། །འཁྲུ་བའི་བོངས་ཆུང་འཁྲུ་དུས་ཟུག་གཟེར་ཆེ། །དམར་སེར་ཟ་ཁུ་སྨུག་པོ་བེ་སྣབས་འཁྲུ། །དང་པོ་ཁྱད་པར་དོན་འཁྲུ་ཟུག་ཆེ་འཁྲུ་བོངས་ཆུང༌། །སོ་ཁྲག་གཞིབས་དང་ཤ་ཁོག་བཤལ་བ་འདྲ། གཉིས་པ་སྣོད་འཁྲུ་དམར་སེར་ཟ་ཁུ་བེ་སྣབས་འཁྲུ། །ཟུག་ཆུང་གྲངས་ཉུང་ཚ་བ་ཆུང་གསུམ་པ་སྟོབས་ལྡན་གྲང་བ་ཆུང་ཞིང་ཚ་བ་ཆེ། །གྲངས་མང་ཟུག་ཆེ་བཞི་པ་སྟོབས་ཆུང་དེ་ལས་ལྡོག །གཉིས་པ་བྱེ་བྲག་དང་རྒྱུ་གཟེར་བོངས་ཆུང་ཡང་ཡང་འཁྲུ། །འཁྲུ་བའི་དུས་ན་ཁྱད་པར་ཟུག་གཟེར་ཆེ། །གཉིས་པ་རྒྱུ་འཁོར་ཐུན་དུ་བཅད་ནས་བོངས་ཆེར་འཁྲུ། །རྒྱུ་མ་གཏུབས་སྙམ་ཟུག་ཆེ་འཁྲུས་རྗེས་བདེ། །གསུམ་པ་རྒྱུ་འཁྲོལ་ཟུག་ཆུང་ལྡང་དུབ་མེད་པ་ལ། །འཁྲུ་བའི་བོངས་དང་རྩ་ཆུའི་ཚ་བ་ཆུང༌། །བཞི་བ་རྒྱུ་ལུགས་མི་འཁྲུ་སྦོ་འགག་གཏུབས་སྙམ་བྱེད།།

སྤྱི་དོན་དྲུག་པ་བཅོས་པའི་ཐབས་ལ་གསར་རྙིང་དུས་དང་སྦྱར། །དང་པོ་གསར་པའི་བཅོས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་ཐབས་ནད་སྟོབས་ཆེ་ཆུང་གིས། །དང་པོ་སྟོབས་ཆེན་ནད་ལ་བཅོས་ཚུལ་རྣམ་པ་བདུན། །སྣོད་ཀྱི་རྩི་སྲུང་མ་བསྲུངས་ན་འདྲུལ་ལ་མཁྲིས་པའི་མེ་བསད་ཅིང༌། །རྒྱུ་ལོང་རུལ་སྦྱང་ནད་དངོས་གཉེན་པོས་བསད། །མཆིན་པའི་ཟགས་བསྡམ་འཁྲུ་བའི་ཁ་དོག་སྒྱུར། །ཐ་མར་ཆུ་བོའི་རྒྱུན་ལམ་བཅད་པའོ། །དང་པོ་སྣོད་ཀྱི་རྩི་སྲུང་ཆིག་ཐུབ་(རི་བོང་ཀླད་པ་མ་རྙེད་ན་ཏིལ་དཀར་གྱིས་ཚབ་རུང་དོམ་མཁྲིས་ཏིལ་ནག་)གསུམ་ཆ་མཉམ་གངས་ཆུར་སྦྱར་ལ་ནང་ནུབ་བཏང་། །གཉིས་པ་མཁྲིས་པའི་མེ་བསད་མ་བསད་ན་ཚ་བ་མི་ཆོག་གུར་ཀུམ་(ཅུ་གང་ཨུཏྤལ་ཏིག་ཏ་བ་ལེ་ཀ་བྲག་ཞུན་དྲུག་ལ་ཚད་སྟོབས་སྦྱར་ནས་ཚད་སྟོབས་ཆེ་ན་ག་བུར་འབྲིང་ན་ཙན་དན་དཀར་པོ་ཆུང་ན་གི་ཝཾ་གིས་ཁ་བསྒྱུར་)བདུན་པ་གཉིས། །དུས་བཞི་ལྟག་པ་སྤྲད་ལ་བཏང་བར་བྱ་ཆིག་ཐུབ་གསུམ་ནང་ནུབ་གཏང་གུར་གུམ་བདུན་པ་དགུང་གཉིས་གཏང་། །གསུམ་པ་དེ་འོག་སྦྱོང་བྱེད་ཆིག་ཐུབ་(ཐར་ནུ་ཆུ་རྩ་རེ་ལྕག་ལོ་བརྒྱད་དྲི་ཆུར་)རྣམ་པ་གསུམ། །འཁྲུ་མདོག་བློན་(དམར་ན་བྱ་རྐང་དང་རྒྱ་སྐྱེགས་སེར་ན་དུག་ཉུང་དང་དོམ་མཁྲིས་སྨུག་ན་རེ་རལ་དང་ཁྲག་རྐང་ཟ་ཁུ་སྐྱི་འབྲུ་དང་མི་མཁྲིས་བེ་སྣབས་སུག་སྨེལ་)དང་ཐོག་རུས་གྱིས་ཁ་བསྒྱུར་རུལ་དྲི་སྦྱང་།།ལན་གཅིག་ལན་གཉིས་གང་དགོས་ནད་སྟོབས་སྦྱར་བཤལ་ཐེབས་པ་དེ་དྲི་དང་བུངས་ཆེ་ཆུང་ཆུ་གྲང་གི་ལྕག་དང་རྗེས་ཆུ་གྲང་གིས་ཆོད་། །བཞི་བ་སྦྱངས་རྗེས་གཉེན་པོ་ཆིག་ཐུབ་སྨན་མ་སོང་བའི་རྒྱུ་གཟེར་(རང་ཤིའི་ཐོད་པ་ཐོག་རུས་ཆོས་སྨན་དུག་པུས་རྒུ་དྲུས་འདིའི་སྟེང་ཆུ་རྩ་གླ་རྩི་བྲག་ཞུན་)རྣམ་པ་གསུམ་གནན་ན་མཆོག་ཏུ་བཟང་མཆོད་སྨན་ཡང་བསྣན་ནོ། །ཐུན་ཆུང་གྲངས་མང་བཏང་ལ་དངོས་པོ་བསད་མ་བསད་ན་མི་འཚམས་པས་ལྡོག། །ཤིན་ཏུ་ཟུག་ཆེ་རྒྱུ་ཞབས་ཆུ་རྡོས་གྲང་མོས་བདུག །བོང་ང་(དཀར་པོ་ཀྱི་ལྕེ་དཀར་པོ་ཧོང་ལེན་གྱི་ཕྱེ་མ་)ཆུ་འཁྱགས་སྦྱངས་པའི་སྨད་འདྲེན་བཏང༌། །གཞང་ཁ་ལུག་ན་ཤིང་ལེབ་ཁ་སྡོམ་བྱ། །དེ་ནས་ཚད་སྟོབས་ཅུང་ཟད་ཆག་མངོན་ནས། །ལྔ་བ་མཆིན་པའི་ཟགས་སྡོམ་(གུར་ཀུམ་ཅུ་གང་བ་ལེ་ཏིག་ཏ་མཚེ་ཚིགས་ཨ་རུ་མཚལ་དོམ་མཁྲིས་)བྲག་ཞུན་དགུ་པ་དང་།།དྲུག་པ་འཁྲུ་མདོག་སྒྱུར་བྱེད་(དམར་ན་བྱ་རྐང་ཚོས་སེར་ན་དུག་ཉུང་དོམ་མཁྲིས་བེ་སྣབས་སུག་སྨེལ་ཐོག་རུས་སྨུག་ན་རེ་རལ་ཁྲག་རྐང་ཟ་ཁུ་སྐྱི་འབྲུ་མི་མཁྲིས་ཀུན་ལ་ཀ་ར་སྦྱར་བ་)ལྟག་པ་སྤྲད་ལ་བཏང་། །ཟས་སྐོམ་ནས་སྔོན་ཡོས་མ་བརྔོས་པ་དེ་ཀ་ཅར་བརྡུངས་ཚོས་པ་ལ། །བ་རའི་འོ་མ་བག་ཙམ་བཏབ་པ་དང་། །བ་ཚྭ་མེད་པའི་ཆུ་གྲོག་བསྟེན་པར་བྱ། །དཀར་མངར་རུལ་སྐྱུར་དྲོད་བཅུད་མཐའ་དག་སྤང་། །དེ་ནས་ཚ་བ་ཆོགས་ན་ནད་སྟོབས་བྲི། །རྩ་དལ་ཆུ་སྔོ་དྲོད་ཆུང་ཕོ་ལོང་འཁྲོག །འཁྲུ་བའི་དྲི་དང་ཟུག་ཆུང་འཁྲུ་བའི་ཚིགས་རིང་། །འཁྲུ་བ་སྒྲ་བཅས་ཆུར་སྐྱུར་སྟེང་དུ་ལྡིང་། །བདུན་པ་དེ་དུས་གཅོད་བྱེད་སྨན་ནི་འོག་ཏུ། ཚ་བ་ཆོག་ནས་བཅད་དུས་སླེབས་པའི་ཚེ། །ཅོང་ཞི་རྩི་དམར་གངྒ་ཆུང་དང་གསུམ། །ཞེས་སོགས་ཀྱི་སྨན་སྦྱོར་རྣམས་དང་རུལ་སུངས་མེད་པའི་གསར་འཇམ་བཅུད་ཅན་གྱི་ཟས། །རིམ་པས་སྤེལ་ཏེ་ཆུ་བོའི་རྒྱུན་ལམ་བཅད། །བཙན་ཐབས་མི་བཅད་ཆ་ཡིས་བྲིད་པ་ཡིན། །གཉིས་པ་སྟོབས་ཆུང་ནད་ལ་བཅོས་ཐབས་རྣམ་པ་གསུམ། །རྒྱུ་རིམས་དང་པོ་མཆིན་པའི་རྩ་ཁ་བསྡམ་པ་དང༌། །བར་དུ་མཁྲིས་པའི་ཚ་བ་རོལ་དུ་བསད་པ་དང༌། །ཐ་མ་འཁྲུ་བའི་ཆུ་བོའི་རྒྱུན་ལམ་བཅད་པའོ། །ཀུན་གྱི་གཙོ་བོ་ནི་ཆིག་ཐུབ་དཀར་པོ་སྔོ་རྩ་བ་དུང་གི་མེ་ཏོག་འཆོང་ལོ་ལ་གཡུ་སྟེ་སྤང་རྩི་དོ་བོ་ཡིན་ཅིང་འདི་ལ་རིགས་སྤང་རྩི་ལུག་རྩི་འབྱར་བག་ཅན་དང་གསུམ་ཡོད་པ་ལས་འདིར་དང་པོ་སྤང་རྩི་དོ་བོ་དངོས་ཏེ་ཀུན་འབྱེད་རྒྱལ་པོ་དང་བེ་དོ་བ་དང་ཨ་ལོག་བེར་ཀ་དང་སྤོ་སྤོ་མགོ་སོགས་མིང་དུ་གྲགས་པ་དེ་ཡིན་ནོ། །དང་པོ་པར་པ་ཏ་དང་ཁྲག་རྐང་ཉང་རྩི་སྤྲས་གཉིས་དང་། །གཙོ་བོ་སྤང་རྩི་དོ་བོ་དང་ཆ་མཉམ་གངས་ཆུ་བསྐོལ་གྲང་བཏང་། །གཉིས་པ་བར་དུ་ཏིག་ཏ་བོང་ང་དཀར་པོ་སྲོ་ལོ་དཀར། །ཧོང་ལེན་བཞི་པོ་གཙོ་སྤང་རྩ་དོ་བོའིསུམ་ཆ་གཅིག་དང་གཙོ་བོ་ཆ་གཉིས་སྦྱར། །བསྐོལ་གྲང་ཐང་ངམ་ཕྱེ་མ་ཆུས་སྦྱངས་བཏང༌། །གསུམ་པ་ཐ་མ་ཚ་བའི་སྟོབས་ཆག་བཅད་རན་དུས། །སྐྱེར་པའི་མེ་ཏོག་གཙོ་བོ་སྤང་རྩི་དོ་བོའི་སུམ་ཆ་གཙོ་བོ་ཆ་གཉིས་སྦྱར། །བ་ཡར་འོ་མར་བཏབ་བཏང་རྒྱུན་ལམ་གཅོད། །ཡང་ན་རྒུ་དྲུས་ཆོས་སྨན་རྒྱུ་གཟེར་གྱིས་རང་ཤིའི་ཐོད་པ་དང༌། །ཐོག་རུས་དང་བཞི་བོ་རྒྱལ་པོ་ཡིན་པས་ཆ་སུམ་གཉིས་བཏང་། །གླ་རྩི་དོམ་མཁྲིས་ཨ་བྱག་གཟེར་འཇོམས་བོང་ང་དཀར། །རྩི་དམར་ཏེ་རེ་སྐོན་པ་བློན་པོ་ཡིན་པས་ཆུ་རྩ་བྲག་ཞུན་རྣམས་སུམ་ཆ་གཅིག་བཏང་། །འཁྲུ་མདོག་དམར་ན་མེ་ཏོག་བྱ་རྐང་སྡེབ། །སེར་པོ་ལ་དུག་ཉུང་ཟ་ཁུ་སྐྱི་འབྲུ་སྡེབ། །རྒྱ་ཤལ་ལ་རེ་རལ་བེ་སྣབས་ལ་སུག་སྨེལ་སྡེབ། །གངས་ཆུ་སྦྱར་བས་རུལ་བསྲུང་ཚ་བ་གཅོག །འཁྲུ་བའི་བར་ཚིགས་རིང་ཞིང་འགྱང་ཚད་ལྷག་བྲི་བ་དང༌། །ཀ་ར་སྦྱར་ལ་བ་འོ་བསྐོལ་གྲང་དབུལ། །རོ་འདོན་འཁྲུ་བ་གཅོད་ཅིང་ལུས་བརྟས་བྱེད། །གཉིས་པ་བྱེ་བྲག་བཅོས་ཐབས་རྒྱུ་གཟེར་རྒྱུ་འཁོར་གཉིས། །སྲ་བྱེད་བདུན་པ་ནི་སྤང་རྩི་ཧོང་ལེན་བོང་ང་དཀར་པོ་སུམ་ཅུ་ཏིག །ཁྲག་རྐང་ཉང་རྩི་སྤྲས་སྲོ་ལོ་དཀར་པོ་པར་པ་ཏ་བསྡུས་ཐང་། །མཆིན་པའི་རྩ་ཁ་སྡོམ་དང་མི་འདྲུལ་སྲ་བར་བྱེད། །དམར་ཟལ་བ་ཡི་འོ་མ་མར་དཀར་བསྡུས། །རྒྱུ་མའི་ནང་རྩི་མི་འཛད་འདྲེད་པར་བྱེད། །ཁྱད་པར་རྒྱུ་གཟེར་རྒྱ་བཤལ་བཙོད་ཁུ་ལ། །གུར་ཀུམ་ཨུཏྤལ་ཀ་ར་གོང་གི་སྲ་བྱེད་བདུན་དང་སྦྱར། །སེར་པོ་གི་ཝཾ་སྒྲོ་པུས་སྒྲོ་བ་ཤིང་གི་མེ་ཏོག་དམར་ཆུང་སྲ་བྱེད་བདུན་པ་དང་སྦྱར། །ཁྲག་ཏུ་ཞག་ཅན་ཡོང་སྲིད་འཁྲུ་ན་དོམ་མཁྲིས་སྲ་བྱེད་བདུན་པ་སྦྱར། །རྒྱུ་འཁོར་འོ་ཁུ་འམ་ཆུ་རྩ་དུད་ཁུ་ཐལ་ཁུ་འདྲ། །ཨ་རུ་མཆུ་སྙུང་སྐྱེར་ཤུན་བ་ལེ་ཀ །གསེར་གྱི་མེ་ཏོག་རྣམས་སྲ་བྱེད་བདུན་པ་དང་སྦྱར་ལ་བཏང༌། །ཁྲག་ནག་ཤེ་རུལ་འཁྲུ་ན་བ་ཤ་ཀ །སླེ་ཏྲེས་སྲ་བྱེད་བདུན་ལ་སྦྱར་བའི་བསྡུས་ཐང་བཏང་། །རྒྱུ་འཁྲོག་འཁྲོལ་དམར་པོར་འཁྲུ་ན་གུར་ཀུམ་དང༌། །དོམ་མཁྲིས་ཀར་སྦྱར་བ་བཏང་བོང་ང་དཀར་པོའི་ཆིག་ཐང་བཏང་། །ཆུ་སྐྱ་བེ་སྣབས་འཁྲུ་ན་སུག་སྨེལ་ཀ་ར་སྦྱར། །རྒྱུ་ལུགས་ཨ་རུ་མཆུ་སྙུང་བ་ལེ་ཀ །བསྡུས་ཁུར་གསེར་གྱི་མེ་ཏོག་སུམ་ཅུ་ཏིག །ཏིག་ཏ་བོང་ང་དཀར་པོ་བཏབ་ལ་བཏང༌། །ལོང་རྩ་གཉིས་གཏར་གྲོད་པའི་ཆུ་གངས་ཆུ་གྲང་མོ་དྲོད་པར་བླུགས་ལ་རྒྱུ་ཞབས་སུ་དུགས་བྱ། །དེ་ཡིས་འཁྲུར་མ་འདོད་ན་(འཁྲུ་བའི་ཐར་ནུ་ཆུ་རྩ་རེ་ལྩག་པ་ཆིག་ཐུབ་གསུམ་གྱི་སྟེང་དུ་ཨ་བྱག་ཧོང་ལེན་དུག་པུས་དྲི་ཆུར་སྦྱར་བའི་)གཉན་བཤལ་བཏང༌། །ཟླ་ཕྱེད་ཕར་འདས་རྒྱུ་རིམས་རྙིང་པ་རྣམས། །ཕྱི་རྒྱུད་ཀྱི་མཁྲིས་ཕྱེ་དོམ་མཁྲིས་བྲག་ཞུན་རྩི་མར་དུག་ཉུང་བ་ལེ་ཀ་ག་དུར་བདུན་ནམ་ཨིཎྜ་བཞི་ཐང་བསྟེན། །འཁྲུ་བ་དྲི་བཅས་དུགས་ཡོད་ཧོང་ལེན་བཤལ་གྱིས་སྦྱང་། །ཕྱེ་ཐུག་འབྲས་དང་ཆུ་གྲོག་བསྐོལ་གྲང་རྣམས། །བོངས་ཆུང་གྲངས་མང་བཏང་ཞིང་གནོད་ཟས་བསྲུང༌། །ཚ་བ་ཆོགས་ནས་བཅད་དུས་འཁྲུ་ཆུ་སྒྲ་དང་ལྦུ་བ་ཆེ་བ་སླེབ་པའི་ཚེ། །ཅོང་ཞི་རྩི་མར་གངྒ་ཆུང་དང་གསུམ་གྱི་ཕྱེ་མ་  །ཡང་ན་མེ་ཏོག་བྱ་རྐང་ཤ་ནུས་བསྡུས། །སྨན་དཔྱད་སོ་མ་རཱ་ཛར། ཤྭ་བ་དང་ནི་དགོ་བ་དང་། །བོང་བུ་རྟ་དང་རི་བོང་གིའང་། །ནུས་པའི་ནུ་ཞོ་བཅོས་དང་སྦྱར། འཁྲུ་བ་གཅོད་པའི་སྨན་མཆོག་ཡིན། །ཞེས་གསུངས་པས་འདི་ལ་ངོས་འཛིན་ལ། སྨན་པ་ལ་ལས་འབྲི་དང་མཛོའི་སྤྲིའམ་བེའུ་སྐྱེས་འཕྲལ་གྱི་འོ་མ་ལ་བྱེད་པ་ནི་ཤིན་ཏུ་ནོངས་སོ། །ལ་ལས་ནད་པ་རང་གིས་འཁྲུས་པའི་དྲི་ཆེན་ཡིན་ཡང་ཟེར།  ཡང་ན་བ་ཞོ་རི་དྭགས་ཀླད་པ་སྤྱིན་དང་འབྲས་ཡོས་ཁྱོར་བ་གང་ཕྱེ། །ཚོས་པར་བཙོས་ལ་ཁྱིན་བུ་གསུམ་གསུམ་ཙམ་ཙེ་གུར་བཏང་བར་བྱ། །ཡང་ན་ད་ཏྲིག་ཀ་པེད་མོན་ཆ་ར། །སྨག་དང་ཐ་རམས་འབྲས་ཐུག་བཏབ་པ་འམ། །ཡང་ན་གཙོད་ཁྲག་རྒོད་ཁྲག་སྦྱར་ལ་བཏང༌། །ཡང་ན་ཐ་རམ་བྱ་རྐང་བསྡུས་ཁུ་ལ། །སྨག་དང་ད་ཏྲིག་ཀ་པེད་མོན་ཆ་ར། །ཞིབ་བཏགས་བཏབ་ལ་ནུབ་རེ་རེར་ཙེ་གུར་ཐུན་ཆུང་གྲངས་མང་ཡང་ཡང་བཏང༌། །འཁྲུ་དྲགས་སྣོད་ཀྱི་དྲོད་ཤོར་གྲང་འབྱམས་ན། །སེ་འབྲུ་སུག་ཤིང་པི་སྒ་ལྔ་སྦྱར་རྒྱུ་མ་དང་ལོང་གི་རྒྱབ་མདུན་གྱི་གསང་ལ་བསྲེག །ཁ་ཟས་ལུག་དང་བ་ལང་རི་དྭགས་ཤ། །མ་རུལ་གསར་པའི་ཚོ་ཁུ་བོངས་ཆུང་བཏང༌། །ཆང་གསར་འཇམ་དྭངས་མ་གླ་བ་ཤིང་སྟག་མ་རྒྱ་སྐྱེགས་ཀྱི་ནང་གི་ཤིང་ཐལ་སྦྱར། །ཅོང་ཞིའི་ཕྱེས་བྲན་ཁ་སྐོམ་བག་རེ་བསྟེན། །འཁྲུ་བ་མ་ཆོད་ན་བཤལ་རྗེས་བར་དུ་ཟས་སྤྱོད་གཟབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་གཟེར་གྱི་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།