སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་ལྔ་པ། དཔྱད་ཀྱི་ལོག་གནོན་ཐུར་མ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་ལྔ་པ། དཔྱད་ཀྱི་ལོག་གནོན་ཐུར་མ་བསྟན་པ།

ཉེར་གསུམ་པ་དཔྱད་ཐམས་ཅད་ཀྱི་ལོག་གནོན་ཐུར་མའི་ལེའུ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། དཔྱད་ལྔའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དཔྱད་ལྔའི་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། དཔྱད་ལྔའི་ལོག་གནོན་དུ་གྱུར་པ་ཐུར་མའི་དཔྱད་མཆོག་ལ་རུང་བ་དང་། མི་རུང་བ། ནད་གཞིས་བརྟག་པ། ཆ་བྱད་ཀྱི་དབྱིབས། གསང་ས། དབྱེ་བ། ཆོ་ག བརྡེག་ཐབས། ལག་ཚོད། འཆི་རྟགས། ལོག་གནོན། ཕན་ཡོན་བསྟན་པ་དང་བཅུ་གཅིག་ཏུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་གཅིག་གི་དང་པོ་ནི། ཐུར་མ་ཞེས་པ་ནས། དབྱུང་བར་བྱ་ཞེས་པའི་བར་ཚིགས་བཅད་བདུན་གྱིས་བསྟན་ཏེ། དེ་ལྟར་དཔྱད་མཆོག་ཐུར་མ་འཕང་དུ་རུང་བའི་ནད་གཞི་ནི། རླུང༌། བད་ཀན། གྲང་བ། མ་ཞུ་བ། སྐྲན། དམུ་ཆུ། རླངས་འཁྱིམས་པ། ཤ་བེམ་དུ་སྐྲངས་པ། ཁྲག ཆུ་སེར། རྣག ཚིགས་ཆུ་སོགས་གསོ་དཔྱད་གཞན་རྣམས་ཀྱི་མཐུ་རྡུགས་པ་ཕལ་ཆེར་ཐུར་མས་གསོ་བར་བྱ་དགོས་ཏེ། དེ་ཡང་རླུང་ནད་ལ་ཡང༌། མགོ་རླུང་སོགས། སྙིང༌། གློ། མཆིན་པ། མཆེར་པ། ཕོ་བ། མཁལ་མ། རྒྱུ་མ། ལོང༌། མཁྲིས་པ། སྒལ་པ། རུས་ཚིགས་རྣམས་ལ་རླུང་ཞུགས་པ་ཐུར་མས་གཞིལ་དགོས་ལ། སྙིང་རླུང༌། སྨྱོ་བྱེད། ཆུ་སེར། བད་ཀན་དང་ལྡན་པ་བཞི། བད་ཀན་གྲང་བ་མེ་དྲོད་ཉམས་པ། ལྷེན། ལྕགས་དྲེག མགོ་བོ་ལ་བད་ཀན་རྒྱས་པ། དོན་ལྔ་སྣོད་དྲུག་དང་ཚིགས་ལ་བད་ཀན་རྒྱས་པ་རྣམས་སྨན་དང་དཔྱད་དྲོད། མེ་བཙའ་སོགས་ཀྱིས་མ་སེལ་ན་ཐུར་མས་གསོ་དགོས་པ་དང༌། གཞན་ཡང་མ་ཞུ་སྙིགས་མ་རང་སོར་ལུས་པ་དང་བད་ཀན་བེ་སྣབས་རྒྱས་པ་ཡང་ཐུར་མས་བཞུ་དགོས་ཤིང༌། སྐྲན་ནད་དང༌། གློ་བ། སྙིང༌། མཆིན་པ། མཆེར་པ། མཁལ་མ། ཕོ་བ། ལོང་ག མཁྲིས་པ། རྒྱུ་མ། ལྒང་པ། མངལ་ཏེ་རྩ་སྐྲན་བཅུ་གཅིག་པོ་རྣམས་དང༌། གཞན་ཡང་བད་རླུང་ལས་གྱུར་པའི་གྲང་བའི་སྐྲན་ཐམས་ཅད་ལའང་ཐུར་མ་མཆོག་ཡིན་ལ། དེར་མ་ཟད་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་བའི་སྐྲན་རྣམས་ཀྱང་གཞན་གྱི་བཅོས་རྡུགས་ཤིང་ཚད་པ་ཆོགས་རྙིངས་ན་ཐུར་མས་བཤིག་དགོས་ལ། དམུ་ཆུ་དང༌། གྲང་བའི་ཟགས་ཆུ། འཁྱིམས་ཆུ་རྣམས་ཀྱང་ཐུར་མས་བཙག་དགོས་ཤིང༌། རླངས་པ་འཁྱིམས་པ། མགོ་ལ་བད་ཀན་གྱི་རླངས་འཁྱིམས་པ་དང༌། བྱང་ཁོག་སྟོད་དུ་བད་རླུང་གི་རླངས་འཁྱིམས་པ་དང༌། གློ་སྙིང་ཕོ་བར་རླངས་འཁྱིམས་པ་ཐམས་ཅད་ཐུར་མས་གསེང་དགོས་པ་དང༌། ཤ་ལ་ཆུ་སེར་བེམ་པའི་ཉོར་ཉོར་དང་སྐྲངས་པ་དང༌། མགོ་དང་བྱང་ཁོག་ཡན་ལག་གི་ཆུ་སེར་དེ་རྣམས་ལ་རྣག་ཁྲག་ཞུགས་རྣམས་ཀྱང་ཐུར་མས་དབྱུང་བར་བྱ་དགོས་པ་ཡིན་ནོ་ཞེས་པའོ།།

        གཉིས་པ་མི་རུང་བ་ནི། རྣག་ཁྲག་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། ཐུར་མ་མི་རུང་བའི་ཡུལ་ནི་ཤིན་ཏུ་རྒས་པ་དང༌། བྱིས་པ་དང༌། སྨན་པའི་ངག་གི་བསྒོ་བ་མི་ཉན་པ། གནས་དུས་ཡོ་བྱད་སོགས་ཀྱི་རྐྱེན་མ་འཛོམ་པ། མཆིན་པ་དང༌། མཆེར་པའི་སྐྲན་ཟགས་པའི་ཚ་ཆུ་དང་ཚ་སྐྲན་རྒྱས་པ། སྙིང་སོགས་དོན་ལྔ་སྣོད་དྲུག་འགྲམས་སམ་ཚ་བའི་ནད་རོ་ཡོད་པ། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་བ་ཐམས་ཅད་དང༌། སྲོག་གནས་པ་ལྟ་བུའི་ཤིན་ཏུ་གཉན་པའི་ཤ་རུས་རྩ་ཚིལ་གྱི་གནད་སྟེང་རྣམས་སུ་ཐུར་མ་སྤང་བར་བྱའོ་ཞེས་པའི་དོན་ཏོ། །གསུམ་པ་ཆ་བྱད་བཤད་པ་ནི། ཆ་བྱད་ཅེས་པ་ནས་དྲུག་པ་བྱ་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། ཆ་བྱད་ཀྱི་དབྱིབས་དང་ཚད་ནི། མགར་བ་མཁས་པས་བརྡུངས་པའི་ནས་འདྲ་བ་མགོ་མཇུག་ཕྲ་ཞིང་རྐེད་པ་སྦོམ་པ་དེ་ནི། གློ་བ་དང༌། སྙིང་དང༌། ཚིགས་པ་དང༌། མཁལ་མར་བསྔགས་སོ། སྦལ་མགོ་འདྲ་བ་ནི་མཆིན་པ་དང༌། མཆེར་པ་དང༌། རྒྱུ་མ་དང༌། ལོང་རྣམས་ལ་བརྡེག་པ་དང༌། རྩེ་རྣོ་སོ་ཅན་གུག་པ་ཆུ་གྲི་འདྲ་བ་ནི་ཡན་ལག་གི་ནད་རྣམས་ཅུར་འབྱིན་བྱ་བ་དང༌། རྩེ་རྣོ་ལ་དབལ་ཅན་མདུང་རྩེ་འདྲ་བས་ནི་ཡན་ལག་གི་ནད་རྣམས་ཅུར་འབྱིན་བྱ་བ་དང༌། རྩེ་རྣོ་ལ་དབལ་ཅན་མདུང་རྩེ་འདྲ་བས་ནི་ཡན་ལག་གི་རྣག་རྣམས་ལ་སྦྱར་བ་དང༌། རིང་ཐུང་མཐོ་གང་ལ་དབལ་དང་ལྡན་པ་དེས་ནི་ཕོ་བའི་ནད་ཅུར་འབྱིན་བྱ་བ་དང༌། དབྱིབས་ལེབ་ལ་སྦུབས་མཆུ་ཁ་ཡོད་པ་དེས་ནི་མགོ་ལ་བཙག་པར་བྱ་བ་དང༌། སྦུབས་ཐུར་སྦལ་བའི་མགོ་འདྲ་བས་ནི་སྙིང་ཆུ་བཙག་པ་དང༌། སྦུབས་ཐུར་རྩེ་རྣོ་བ་བྱིད་པོའི་མཆུ་འདྲ་བས་ནི་བྱང་ཁོག་གི་རྣག་གང་དུ་ཡོད་པའི་གསང་དབྱེ་བ་དང༌། སྦུབས་ཐུར་ཁ་གསེགས་སྨྱུག་གུའི་ཁ་ལྟ་བུ་དེས་ནི་དམུ་ཆུ་བཙག་ཅིང་རླངས་འཁྱིམས་པ་གདོན་པ་དང༌། ཟངས་ཐུར་རྩེ་བྲ་པོའི་དབྱིབས་འདྲ་བས་མིག་འགྲིབས་བསལ་བ་དང༌། དེ་དག་ཀུན་ཀྱང་མགོ་ལས་སྐེ་ཕྲ་བས་འོག་ཏུ་ལུས་ཤོང་བ་ཐུར་མའི་ཞབས་ཅུང་ཟད་སྦོམ་ལ་ལྡིག་པ། ཐུར་སྐེད་ཕྲ་ལ་མཁྲང་བ་སྲིད་དུ་སྒང་སོར་དྲུག་པ་བྱའོ་ཞེས་པའོ།།

        བཞི་པ་གསང་ས་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། མགོ སྐེ། བྱང་ཁོག ཡན་ལག་དང་བཅས་པའི་གནས་ལུགས་རྟོགས་པ་གལ་ཆེ་བས། མན་ངག་རྒྱུད་ཀྱི་རྨ་བཅོས་ཀྱི་སྐབས་སུ་ཡན་ལག་དང་པོ་མགོ་བོའི་གནས་ལུགས་བསྟན་པ་ལ། རུས་པ། ཤ། རྩ་གསུམ་དུ་བཤད་པ་ལས། རུས་པའི་གནས་ཚུལ་ནི། སྨིན་མའི་དཀྱིལ་ནས་ལྟག་རུས་ཀྱི་བར་གྱི་སོར་བཞི་པོ་ནི་སྒང་ཡིན་པས་རུས་པ་མཐུག་ཅིང་མཁྲེགས་པ་ལྷ་བ་ཆེ་བ་ཡིན་ལ། དེའི་གཡས་གཡོན་གྱི་སོར་བཞི་བཞི་ནི་རུས་པའི་རྩིབས་ཡིན་ཏེ་སྔ་མ་ལས་སྲབ་ཅིང་ལྷ་གདུང་སྙོམས་པ་མཉེན་པ་ཡིན། དེའི་ཐ་མ་རྣ་ལྟག་གི་ལྷག་མ་རྣམས་ནི་ལྷ་བ་ཆུང་ཞིང་སྲབ་ལ་ཤིན་ཏུ་ཀྲོན་པར་བཤད་ལ། དེ་ལ་གཡོགས་པའི་ཤ་ནི་སྤྱི་གཙུག་ཏུ་བཞག་སྒོར་འཁྱིལ་འདྲ། ལྟག་པའི་ཤ་ཉ་ལྡང་གཞིབས་འདྲ། མཚོག་མའི་ཤ་གཞུ་བཤུལ་བཏང་འདྲ། མུར་གོང་ཤ་ལུག་མཁལ་བརྩེགས་འདྲ་རྣམས་ཤིན་ཏུ་གཉན། གཞན་མགོ་བོའི་ཤ་རྣམས་འདག་པ་གཡོགས་པ་འདྲ་སྟེ་མི་གཉན། འབྲེལ་བའི་རྩ་ལ་ཀླད་རྩ། རུས་རྩ། ཤ་རྩ་གསུམ། ཀླད་རྩ་ལ་དར་རྩ་དང༌། ཆུ་རྩ་གཉིས། དར་རྩ་ལ་གཉན་གྱི་རེ་ཐག་བཞི། ཞེས་པ་རྣ་བའི་ཕྱི་ལྟག་ཁུང་ངོས་རྩེ་ནག་དང༌། མདུན་ཕྱོགས་གཉིད་ལོག་གཉིས་ལས་གྱེས་པའི་རྩ་ཀླད་རྒྱའི་དར་གྱི་སྟེང་དུ་ཤིང་ལོའི་འདབ་མ་ལྟར་གནས་པ་ཕྱི་ནང་རྒྱུག་པ་ཚངས་པའི་སྐུད་པ་ཞེས་བྱ་བ་ལྟག་རུས་འབུར་པོ་ནས་མཁུར་ཚོས་སུ་བྱུང་སྟེ་སླར་ལོག ཀླད་པ་བླངས། དབུས་ཀྱི་འདུས་སོ་སྤྱི་གཙུག དེ་ནས་སོར་བཞི་མདུན་དུ་གཞལ་བ་མཚོག་མའི་འདུས་སོ། སྤྱི་གཙུག་ནས་རྒྱབ་ཏུ་སོར་བཞི་གཞལ་བ་ལྟག་པའི་འདུས་སོ་གསུམ་སྦྲེལ་ནས་རྒྱ་སྲུབས་ལ་ཕྱི་ནང་བཙེམས་པའི་ཚུལ་དུ་གནས། ཆུ་རྩ་ལ་ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་སྐེ་དང་རྗེ་ཞབས་བརྒྱུད་དེ་དོན་ལྔ་སྣོད་དྲུག་དང་འབྲེལ་བ། ཕྱི་རྩ། ལྟག་པའི་ཆུ་རྩ་སྦུ་གུ་ཅན་གཉིས། ལྟག་ཟུར་སྤུ་འཁྱིལ་གྱི་ཆུ་རྩ་འཇའ་བྱེད་ཅན་གཉིས། རྣ་ཤལ་འོག་ཏུ་ཆུ་རྩ་རནྟ་གཉིས་ཏེ་དྲུག་པོ་རྐང་ལག་རུས་ཚིགས་ཀྱི་ཆུ་རྒྱུས་ཐམས་ཅད་དང་འབྲེལ་ཞིང༌། ཟ་འགྲམ་གྱི་སྟེང་ན་སོ་རྩ་ལྡད་བྱེད་གཉིས། རྐན་གྱི་དཀྱིལ་ན་འདོམ་རྩ་སུམ་མདོ་རིས་ཏེ་ཆུ་རྩ་ཉི་ཤུ་རྩ་གཉིས། རུས་རྩ་ལ་མདུང་ཚུགས་ནི་མཚོག་མ། ལྟག་པའི་སྡུད་སྒོ་གཉིས། སྨིན་དཀྱིལ་གཉིས། མཁུར་ཚོས་ཀྱི་རུས་འབུར་གཉིས་རྣམས་སུ་འབྱུང་ལ། གཞན་གར་ཡང་ངེས་མེད་དུ་ཡོད། རུས་རྩ་འཕྲེད་ཉལ་ནི། རྣ་ལྟག་སྟེང་སོར་བཞིན་ཡོད་དེ་བོན་པོའི་ཐོད་ཅེས་གྲགས། འཁྱམས་པོ་ནི་གཞའ་ཁུག་ཁྱི་ཉལ་བྱི་སྡེར་གསུམ་གནས་ངེས་པ་མེད་པས་རུས་པ་བརྡར་ཚེ་ལྷ་བའི་གསེབ་ཏུ་ཡོད་མེད་བྱ་ར་དགོས་པར་གྲགས། ཤའི་རྩ་ལ་ལྟག་ཟུར་ན་ལྟག་རྩ་ནག་པོ་གཉིས། རྣ་བའི་རྒྱབ་མདུན་ན་ཕྱི་ལྗོན་ནང་ལྗོན་གཉིས། མུར་གོང་ཟུར་ན་ལྟག་རལ་དང་འཁྱུག་རྩ་གཉིས། མུར་གོང་གཤོངས་ན་མཐོང་བྱེད་མིག་རྩ་གཉིས། མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས། གཙུག་གི་ཕྱོགས་བཞི་རེ་ཐག་རྣམ་པ་བཞི་སྟེ་ཉི་ཤུ་ཡིན་ལ། མ་ངེས་པའི་ཤ་རྩ་ནི་དོན་ལྔ་སྣོད་དྲུག དབང་པོའི་སྒོ་བཞི་རྣམས་སུ་རྩ་བཅོ་ལྔ་པོ་ངེས་མེད་ཀྱི་ཚུལ་དུ་གནས་པས་རྟགས་ལས་ངོས་བཟུང་བ་གཅེས་པ་ཡིན་ནོ། ཡན་ལག་གཉིས་པ་སྐེའི་གནས་ལུགས་ནི། སྐེ་ནི་རུས་པའི་མཁར་ལ་རྩ་ཡི་འཕྲང༌། །ཤ་དང་ཆུ་རྒྱུས་ཀུན་གྱི་འདྲིལ་ས་ཡིན། །ཞེས་གསུངས་པ་ལ། རུས་གཉན་རྩ་གཉན་གཉིས་ལས། རུས་པ་ནི་འཕང་ལོ་རྣམ་པ་ལྔ་བརྩེགས་མར་གནས་པ་ཁ་མཚམས་གཡས་གཡོན་དུ་གཤོག་པ་ལྟར་བཏགས་པ་བྱ་འདབ་བཞི། ངོས་སུ་འབྲེལ་བ་རྒྱུངས་པའི་གནད་རྣམས་དང༌། རྩ་ལ་ཕྱི་རྩ་ནང་རྩ་གཉིས། ཕྱི་རྩ་ལ་ཁྲག་རྩ། རླུང་རྩ་རླུང་ཁྲག་གཉིས་འདོམ་གྱི་འཕར་རྩ་གསུམ། སྙིང་རྩ་གཉིད་ལོག་རྩེ་འདྲ་གཉིས་ཨོལ་གོང་པའི་གཡས་གཡོན་གྱི་འདབ་ན་འབྱར་བ། དེ་ནས་ཕྱིར་ཕུན་རེ་གཞལ་བའི་གཡས་གཡོན་ན་སྙིང་རྩ་རྩེ་ནག་གཉིས། དེ་ནས་ཕུན་རེ་གཞལ་བ་ན་ཁྲག་རྩ་ཆེ་ཆུང་གཉིས་ཏེ་བདུན། ལྟག་པ་གཡས་གཡོན་ན་ཆུ་རྩ་སྦུ་གུ་ཅན་གཉིས། དེའི་ཕྱི་མཚོན་གང་ན་ཆུ་རྩ་སྒྲིལ་མ་གཉིས། རྣ་ཤལ་འོག་ན་ཆུ་རྩ་རཏྣ་གཉིས་ཏེ་ཆུ་རྩ་དྲུག ནང་རྩ་བཅུ་གསུམ་རྣམས་སུ་ཡོད།

        བྱང་ཁོག་གི་གནས་ལུགས་ལ་རུས་པའི་གནས་ལུགས། སྒལ་ཚིགས་མཁར་དང་མཁར་མཚམས་བྱ་འདབ་དང་བཅས་པ་བྲང་རུས་གཉིས། རྩིབ་མ་ཉེར་བཞི། ལྷ་རུ་རྩེ་དྲུག སྒྲོག་རུས་གཉིས། དཔྱི་གཉིས། སོག་པ་གཉིས། གཞུག་ཆུང་གཉིས་རྣམས་སོ། ཤའི་གནས་ལུགས། སྒལ་འདབ་བཤུལ་ཤ་ནག་པོ་ཕྱི་ནང་གཉིས། བྲང་གི་ནུ་ཤ་གཉིས། སྟ་ཟུར་གཉིས་ཀྱི་སྟ་ཤ་གཉིས། གཞག་ཤ་དཀར་ནག་གཉིས། ཕྲག་གོང་ན་གཉའ་ཤ་ནག་པོ་གཉིས། སོག་པའི་ཁ་འཁོར་གཉིས། སོག་མཐིལ་འབྲོས་ཤ་གཉིས་རྣམས་སུ་ཡོད། གཉན་པའི་དོན་སྣོད་ནི་གཞན་དུ་བཤད་ཅིང་ས་བཅད་ཡུལ་གྱི་གནས་ལུགས་མན་ངག་རྒྱུད་ཀྱི་བྱང་ཁོག་གི་ལེའུར་གསུངས་པ་དང༌། དེའི་ལག་ལེན། ཟུར་མཁར་བས་ཐིག་འགྲེམས་སུ་བཀོད་པའི་དགོངས་པ་ལྟར། བྱང་ཁོག་ཡུལ་ཐིག་ནི་ཐོག་མར་ལུས་ཀྱི་འདུག་སྟངས། སྟོད་སྨད་དོན་སྣོད་ཡུལ་སྐལ་ཐིག་གིས་བཙལ། ཁད་མཉམ་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག །ཅེས་པ་ལྟར་ཡོད་པའི་རྒྱབ་མདུན་གཉིས་ཀར་གནམ་ཐིག་ཅེས་པ་ཚིགས་པ་གཉིས་པའི་ཐད་ནས་འཕྲེད་དུ་དཔུང་འཛུམ་གཉིས་ཀྱི་ཁར་བཏབ། རྒྱབ་ཀྱི་ཨན་སྟོང་ནས་གཞུག་ཆུང་གི་བར་དང༌། མདུན་གྱི་སྐེ་སྟོང་ནས་མཚན་མའི་བར་མ་ཡོ་བར་ཐིག་དྲང་པོ་རེ་ཚངས་ཐིག་ལྟར་གཞུང་ལ་བཏབ། དེ་ནས་རྒྱབ་ཏུ་ཚིགས་པ་བཞི་པ་ནས་གཡས་གཡོན་གཉིས་སུ་ཚིགས་པ་གསུམ་པའི་ཐད་ཙམ་གྱེན་གསེགས་སུ་ཆག་གང་རེ་གཞལ་བའི་སར་ཐིག་སྣེ་བཟུང༌། ཚིགས་པ་བརྒྱད་པ་ནས་ཟུར་གསེགས་སུ་ཚིག་པ་དགུ་པའི་ཐད་ཙམ་ཕྱིན་པར་མཛུབ་གང་གཞལ་ཏེ་གཡས་གཡོན་གཉིས་ཀར་ཐིག་སྣེ་བཟུང༌། དེ་ནས་མཐའ་ཐིག་གཉིས་དང༌། ཐིག་སྣེ་སོ་སོ་ནས་གཞུང་ཐིག་ལ་རེག་པར་ཡས་མས་གཉིས་ཀར་ཐིག་གཉིས་གཉིས་བཏབ་པས་གྲུ་བཞི་སྟོད་སྨད་ལ་ཆེ་ཆུང་ཅན་ཞིག་འབྱུང་ལ། དེ་གཡས་གཡོན་གཉིས་ཀ་བསྡོམས་པའི་ངོས་གང་ཡོད་དུམ་བུ་གསུམ་དུ་གཞུང་ལ་བགོས། དཀྱིལ་མ་རང་སོར་བཞག།  །ཐ་མ་གཉིས་དུམ་བུ་བཞི་བཞིར་བགོས་པ། གློ་བ་མ་ལྔའི་ཡུལ་ཡིན་ཏེ་གཡས་གཡོན་གྱི་རྩེ་ཟུར་གསུམ་གྱི་རྣམ་པ་ཅན་གཉིས་པོ་སྟག་མགོ །དེའི་འོག་མ་ནར་སྟབས་ཅན་གཉིས་པོ་སྒང༌། དཀྱིལ་གྱི་ཆ་གཅིག་པོ་རྩིབས། གཡས་གཡོན་གྱི་ནར་སྟབས་འོག་མ་གཉིས་པོ་གཤམ། འོག་ཟུར་གྲ་གཉིས་པོ་ཟགས་སྣ་དང༌། མདུན་དུ་སྐེ་སྟོང་ནས་སོར་བཞིའི་འོག་ཏུ་ཐིག་སྣེ་གཅིག་བཟུང༌། སྣེ་རེ་ནུ་མ་གཡས་གཡོན་གྱི་ནུ་ཏོག་གི་ཁར་བཟུང༌། དེ་ནས་ནང་དུ་མཚོན་རེ་བསྐུམ་པའི་ཐིག་གཉིས་གོང་བཞིན་བཏབ། དེ་ནས་ནུ་མ་གཉིས་ཀྱི་ཁར་འཕྲེད་ལ་ཐིག་གཅིག་བཏབ་པས་ནང་དུ་ཟུར་གསུམ་གཅིག་འབྱུང་བ་སྙིང་གི་ཡུལ། དེའི་ཕྱིར་བར་ཁྱམས་ཀྱི་ཟུར་གསུམ་རྩེ་མོ་ནས་ཟུར་གསུམ་གཅིག་ཐིག་གིས་བཅད།

        ལྷག་མ་གཡས་གཡོན་གཉིས་དུམ་བུ་བཞིར་བགོས་པའི་རྩེའི་ཟུར་གསུམ་མཛོ་སྣ་དང༌། དེའི་འོག་མ་གཉིས་བྱ་ཁབ། དེའི་འོག་མ་གཉིས་ཐུགས་ཁབ། དེའི་འོག་མ་གཉིས་རྟེ་རྨིག དེའི་འོག་མ་གཉིས་དགྲ་ལྕེ་སྟེ་གློ་བ་བུ་ལྔའི་ཡུལ། ནུ་ཏོག་གི་ཕྱིར་མཚོན་རེ་གཞལ་བའི་གྲུ་གསུམ་གྱི་ཐིག་གོང་བཞིན་བཏབ་པ་གློ་བ་མ་ལྔའི་ཕྱི་ཐིག ཟུར་འོག་མ་གཉིས་ནས་གོང་གི་དཔུང་འཛུམ་གྱི་ཐད་ཀར་དང་ཕོག་ཐིག་རེ་བཏབ་པའི་གཡས་གཡོན་སྟོད་ཀྱི་གྲ་གཉིས་པོ་སྟོང་པ་ཕུག་རོན་གྱི་གསང༌། ནུ་མ་གཉིས་ཀྱི་བར་ཐིག་གསུམ་བཀུག་ཏུ་བཏང་བའི་ཆ་གཅིག་དཀར་ནག་མཚམས་ནས་ཐུར་དུ་གཞལ་བ་ལྷེན་སྣའི་རྩེ། དེ་ནས་གཡས་གཡོན་གྱི་རྩིབ་རིང་ནས་གྱེན་དུ་མཚོནགང་གཞལ་བའི་ས་དང༌། དེ་ནས་རྒྱབ་ཀྱི་ཚིགས་པ་བརྒྱད་པར་ཆུ་བབས་སུ་ཐིག་བཏང་བ་མཆིན་དྲི་དཀར་པོའི་ཡུལ་དང༌། རྒྱབ་ཀྱི་ཚིགས་པ་བཅུ་གསུམ་པ་ནས་ལྷེན་རུས་ཀྱི་མཚམས་སུ་གོང་བཞིན་བཅད་པ་མཆིན་དྲི་ནག་པོའི་ཡུལ་དང༌། ཚིགས་པ་བརྒྱད་པ་དང་བཅུ་གསུམ་པའི་བར་བཅད་པ་མཆིན་དྲི་ཁུག་པའམ་ཁྲ་བོའི་ཡུལ། ལྷེན་སྣེའི་རྩེ་ནས་གཡས་གཡོན་དུ་ནུ་མའི་བར་གྱི་ཐིག་ཚད་ཉིས་བཀུག་གམ་སོར་དྲུག་གསེགས་སྟབས་སུ་བཏང་བའི་གྲུ་བཞི་ཟུར་ལངས་དཔངས་སུ་སོར་བརྒྱད་དང༌། ཞེང་སོར་བཅུ་གཉིས་ཡོད་པ་ཕོ་བ། མདུན་གྱི་ལྷེན་རུས་ཀྱི་དབུས་དང༌། རྒྱབ་ཀྱི་ཚིགས་པ་བརྒྱད་པ་ནས་མཚོན་རེ་རེ་གཡས་སུ་གཞལ་བའི་མཚམས་གཉིས་པོ་མཆིན་པའི་ཞེང་དང༌། ལག་པའི་མཐེབ་མཛུབ་ཀྱིས་རྣ་ཤལ་བཟུང་བ་བསྐོར་བའི་གྲུ་མོས་གར་སླེབ་མཆིན་པའི་ཡུལ་ཡིན་ལ། དེ་ཡང་གྲུ་མོའི་གཤམ་གྱིས་གར་སླེབ་མཆིན་པའི་སྣ་དང༌། རྒྱབ་ཏུ་གར་སླེབ་ཞེང༌། རྩིབ་ཐུང་གཡོན་ནས་ཕོ་ཟུར་དུ་མཛུབ་གང་གཞལ་བའི་ཞེང་དུ་སོར་ལྔ་མཆེར་པའི་ཡུལ། ཕོ་ཟུར་ནས་མཚོན་གང་གཡས་སུ་གཞལ་བ་མཁྲིས་པའི་འདོགས་མཚམས། དཀྱུས་སུ་སོར་དྲུག་དང་ཞེང་དུ་སོར་གསུམ་མཁྲིས་པ། ལྟེ་བའི་གོང་འོག་ཏུ་མཚོན་རེ། དཀྱུས་སུ་མཚོན་བརྒྱད་ལོང་གི་ཡུལ་ཡིན་ལ། དེ་ཡང་དུམ་བུ་གསུམ་དུ་བགོས་པའི་གཡས་ཁྲག་ལོང༌། གཡོན་སྲིན་ལོང༌། དབུས་རྩམ་ལོང༌། དེ་འོག་གཡས་གཡོན་གོང་དང་མཉམ་པའི་མཚོན་གང་མར་གཞལ་བ་རྒྱུ་སྟོད། དེ་ནས་མཚོན་གང་རྒྱུ་སྨད། གཡས་གཡོན་གྱི་ཟུར་གཉིས་ནས་ཐིག་སྐུད་རེ་བཟུང་མཚན་མའི་སྟེང་དུ་སྣེ་གཅིག་བཟུང་བའི་ཟུར་གསུམ་དུ་བཅད་པ་ལྒང་པ། རྣ་བའི་ཐ་མ་བསྐོར་བའི་སྲད་བུས་ཚིགས་པ་བཅུ་བཞི་པའི་ཐད་ནས་གཡས་གཡོན་དུ་བསྐོར་བ་མཁལ་མའི་ཡུལ། དེ་དབུས་མཁལ་འབྲས་ངོ་བོ་དཔངས་སུ་སོར་ལྔ་དང་ཞེང་སོར་བདུན་མཁལ་མ་དངོས། དེའི་ཕྱི་མཁལ་ཚིལ། བསམ་སེའུ་ཚིགས་པ་བཅུ་གསུམ་པའི་འོག་ན་ཡོད་ཅིང༌། ཚིགས་པ་བཅོ་བརྒྱད་པའི་གཡས་གཡོན་དུ་སོར་བརྒྱད་རེ་གཞལ་བའི་སྣ་ཕན་ཚུན་དུ་ཐིག་སྣེ་བཟུང༌། དེ་ནས་སྣ་གཅིག་གཞུག་གུ་ཆུང་གི་སྟེང་དུ་བཟུང་ནས་ཟུར་གསུམ་དུ་བཅད་པ་ནི་སྨད་ཀྱི་གཞང་གསང་སྟེ་བྱ་ཁོག་ཡུལ་ཐིག་གི་དགོངས་དོན་ཡིན་ལ།

        འདིའི་སྐབས་ནས་བཤད་པའི་མཛུབ་ནི་མཛུབ་མོའི་ཚིགས་མཚམས་ནས་རྩེའི་བར་ཏེ་རང་སོར་དྲུག་གི་རྩིས། མཁྱིད་ཅེས་པ་ཁུ་ཚུར་གྱི་སྟེང་དུ་མཐེ་བོང་བགྲད་དེ་བཞག་པ་སྟེ་སོར་བདུན། ཆག་ཅེས་པ་ཁུ་ཚུར་གྱི་ཁར་མཐེ་བོང་གི་ནེ་ལེ་རེག་ཙམ་བཞག་པ་སྟེ་སོར་ལྔ། མཚོན་ཞེས་པ་མཐེ་བོང་གི་རྐེད་ཚིགས་ཡན་ཏེ་སོར་དོ། ཕུན་དང་ཧུན་དང་ཞེས་པ་མཚོན་གྱི་ཕྱེད་དེ་སོར་དོ་ཡིན་ནོ། །སོར་མཛུབ་སོགས་གང་གཞལ་ཐམས་ཅད་ཐིག་འདེབས་ཡུལ་དེ་གའི་སོར་ཚད་ཀྱིས་གཞལ་བ་ཡིན། བྱང་ཁོག་གི་རྩའི་གནས་ལུགས་ལ། སྲོག་རྩ་དཀར་ནག་གཉིས། སྤས་པའི་རྩ་བརྒྱད། ཕྱིར་མངོན་གྱི་རྩ་བཅུ་དྲུག གཏར་རྩ། རྩ་གནད། ཆུ་རྩ་རྣམས་ལས་གཉན་པའི་རྩ་གནད་ནི་ནུ་མ་གཡས་གཡོན་ནས་མདུན་དུ་མཚོན་དོ་གཞལ་བའི་ས་ན་སྙིང་རྩ་ཕྲ་ཁབ་དང་ཁབ་འདྲ་གཉིས། སྒྲོག་རུས་དབུས་ནས་མཚོན་གང་ཐུར་དུ་གཞལ་བ་ན་སྙིང་རྩ་དངུལ་གྱི་འབུ་རུ་གཉིས། ནུ་མའི་སྟེང་འོག་མཚོན་རེའི་ས་ན་ནུ་རྩ་ཨ་ལོང་སྐོར་འདྲ་གཉིས་ཏེ་སྙིང་རྩའི་གནད་དྲུག ཚིགས་པ་བཞི་པའི་གཡས་གཡོན་མཚོན་རེ་ཕུན་རེའི་ས་ན་ཚིགས་འགྲམས་གཉིས། ཚིགས་པ་བཅུ་པའི་ཐད་ཀ་མཚོན་རེ་ཕུན་རེའི་ས་ན་ཀུན་ཏུ་རྒྱུ་གཉིས་དམིགས་བསལ་ཚིགས་པ་བཞི་པའི་ཐད་ཀར་གཉན་ཞིང༌། གཡས་གཡོན་དུ་གཉིས་གཉིས་རེ་སྟེ་བཞིར་གྱེས་པ་དང༌། སྣེ་གཉིས་ཕྲག་པར་བཀལ་ནས་བྲང་དང༌། གཉིས་ལྟག་ཆུའི་འདབ་ནས་མགོ་ལ་འགྲོ །དེ་མཆིན་དྲི་ཡན་ཆད་གློ་བ་དབང་བས་གློ་རྩ་ཞེས་དང༌། ཚིགས་པ་བཅུ་བཞི་མན་ཆད་ལ་མཁལ་མའི་རྩ་ནག་ཏུ་གྲགས། ཚིགས་པ་དྲུག་པའི་སོར་ལྔའི་ས་ན་གློ་རྩ་ནང་རྒྱུག་གཉིས། ཚིགས་པ་བརྒྱད་པའི་སོར་བདུན་གྱི་ས་ན་གློ་རྩ་གྲོག་རྐེད་གཉིས། ཚིགས་པ་བཅུ་པའི་ཆག་གང་གི་ས་ན་གློ་རྩ་སྒེ་དོར་གཉིས། ནུ་མའི་ཐད་བྲང་གི་སྒྲོག་རུས་འོག་ན་གློ་རྩ་འགྲེང་བུ་གཉིས། ནུ་མཆན་མཚོན་རེའི་ས་ན་གློ་རྩ་ཕྱིར་རྒྱུག་གཉིས། དེ་ནས་སྒྲོག་ཆར་གཡས་གཡོན་བསྣོལ་བ་ན་གློ་རྩ་བསྣོལ་མ་གཉིས། མཆན་འོག་ཕྱི་ནང་གྱེན་ཐུར་ཆག་གང་གི་སར་གློ་རྩ་གཟེར་མགོ་གཉིས། མཆན་ཁུང་འོག་རྩིབ་རིང་སྟེང་དུ་གློ་རྩ་ཟང་མ་གཉིས། སོག་པའི་མེ་ལོང་གི་འོག་ན་གློ་རྩ་སྔོན་བུ་གཉིས། དཔུང་ཚིགས་ཆག་གང་ཨུ་ཟུར་གྱི་ཁ་ལ་གློ་རྩ་ཁུགས་པ་གཉིས། དཔུང་པའི་ནང་ངོས་ཆག་གང་གི་ས་ན་གློ་རྩ་དུང་འབུད་གཉིས་རྣམས་ཏེ་གློ་རྩ་ཉེར་བཞི། ལྷེན་སྣའི་ནུ་མདུན་མཚོན་དོའི་སར་ཡར་ལ་ཆག་གང་ནས་མར་གཉིས་སུ་གྱེས་པ་མཆིན་རྩ་ཤ་རུ་དང་མོན་རུ་གཉིས། དཔུང་པ་དང་རྣ་རྒྱབ་ཏུ་རྒྱུ་བ་དཔྱི་མགོའི་རྟ་ཤའི་གསེབ་ན་མཆེར་རྩ་བྱ་རྐང་གཉིས། གློའི་ཚང་ཚིང་གི་གསེབ་ན་མཁྲིས་རྩ་ཆུ་མིག་ཡོད་པར་གྲགས། དཔུང་སོག་གི་བར་ན་མཁྲིས་རྩ་གསེར་གྱི་ཀ་བ་གཉིས། ལྷེན་སྣའི་གཡས་གཡོན་མཚོན་རེའི་ས་ན་ཕོ་རྩ་སྦྲུལ་མིག་གཉིས། ཕོ་དཀྱིལ་གཡས་གཡོན་སོར་གསུམ་གྱི་ས་ན་ཕོ་རྩ་སྦྲུལ་མིག་གཉིས། ཕོ་དཀྱིལ་གཡས་གཡོན་སོར་གསུམ་གྱི་ས་ན་ཕོ་རྩ་ཀ་བ་གཉིས། ལྟེ་བའི་གྱེན་མཚོན་གང་ན་ཕོ་རྩ་བོང་སྨེད་གཉིས། ལྟེ་ཟུར་གཡས་གཡོན་གྱི་མཚོན་རེ་ན་ལོང་རྩ་གཉིས། དེའི་མཇུག་ནས་སྣེ་ཁུག་གཉིས་བརྒྱུད་དེ་རྒྱུ་རྩ་གཉིས། དཔྱི་མགོའི་བར་ནས་སྣེ་སར་བརྒྱུད་དེ་བསམ་སེའི་རྩ་གཉིས། མཚན་མ་དང་འོག་སྒོའི་བར་རམ་དབྲག་གི་དབུས་ན་སྲོག་རྩ། གཡས་ན་སྲིད་རྩ། གཡོན་ན་ཆུ་རྩ་རྣམས་ཏེ་བྱང་ཁོག་གི་རྩ་གནད་ཞེ་བརྒྱད་དོ།།

        ཡན་ལག་གི་གནས་ལུགས་ལ་ཤ་གནད་ཕྲག་པའི་སྟེང་ན་ཉྭ་ཤ་ནག་པོ་གཉིས། སོག་པའི་མེ་ལོང་ན་འབྲོས་ཤ་ནག་པོ་གཉིས། སོག་པའི་ཁ་འཁོར་ན་འདར་ཤ་ཁུག་པ་གཉིས། དཔུང་ཚིགས་མཚམས་སོར་བཞི་ན་དཔུང་ཉྭ་ལུག་གཞུག་གཉིས། མཁྲིག་མའི་མཚམས་ནས་མཁྱིད་གང་དང་གཞུ་མཆོག་རྩེ་ནས་སོར་དྲུག་བཅལ་བའི་བར་ན་ལག་པའི་ཉྭ་སྙིང་གཉིས། ལག་པའི་མཐེབ་མཛུབ་བར་ན་གར་ཤ་གཉིས། དཔྱིའི་ཆང་བཟུང་སྟེང་ན་ཤ་རྒོད་གཉིས། བྲལ་སྒང་དཔྱི་ནས་སོར་གཉིས་བཅལ་བ་སྒང་ཤ་དཀར་མོ་གཉིས། པུས་མོའི་གཉན་གོང་སོར་བཞི་ན་སྦལ་ནག་གཉིས། སྲེ་ལོང་སྟེང་མཁྱིད་གང་ན་བྱིན་པའི་ཉྭ་མགོ་གཉིས། དེ་ནས་སོར་དྲུག་ན་བྱིན་སྙིང་གཉིས་ཏེ་ཉི་ཤུ་རྩ་གཉིས་དང༌། རྨེན་བུའི་གནད་དཔུང་རྒྱབ་སྐྱོགས་རའི་རུས་པ་དང་དཔུང་ཚིགས་ཀྱི་མཚམས་ནས་ཕྲག་གོང་དུ་སོར་བཞི་གཞལ་བ་མགོ་སྔོན་གཉིས། གྲུ་མོའི་ཚིགས་གོང་ཁྱི་ཁྲོས་པ་ལྟར་ཉེར་ཉེར་བྱེད་པའི་སྣ་ནས་གྱེན་དུ་སོར་ལྔ་ན་རྨེན་བུ་སྨུག་པོ་གཉིས། པུས་མོའི་ཕྱི་ཟུར་ཚིགས་མཚམས་ནས་ཡར་མཐོ་གང་གཞལ་སར་རྨེན་བུ་དཀར་པོ་གཉིས། དེ་ནས་སོར་གསུམ་པར་རྨེན་བུ་སྦྲུལ་མགོ་གདེངས་པ་གཉིས་ཏེ་བརྒྱད་དོ། །རྩ་གནད་དཔུང་པའི་ལུག་གཞུག་དང་ཕྱི་མཆན་གྱི་བར་ན་ཆུ་རྩ་གཉིས། གྲུ་མོའི་གཞུ་མཆོག་གི་བར་ན་རླུང་རྩ་རཏྣ་གཉིས། པུས་མོའི་གཉན་གོང་ན་རུས་རྩ་སྒྱེད་པུ་གཉིས། སྲེ་ལོང་དང་ཕྱི་ལོང་རུས་འབུར་གྱི་བར་ན་རྒྱུངས་རྩ་གཉིས། མཐེ་བོང་སྤུ་སྐྱེས་ཀྱི་སྟེང་ན་རྒྱུས་རྩ་པིར་མགོ་གཉིས་ཏེ་རྩ་དཀར་བཅུ། སོག་པའི་མེ་ལོང་གི་འོག་ན་སྔོན་བུ་གཉིས། ཨུ་ཟུར་ཆག་གང་གི་ས་ན་ཁུག་པ་གཉིས། དཔུང་ནང་ཆག་གང་གི་ས་ན་དུང་འབུད་གཉིས་ཏེ་གློ་བའི་ཁྲག་རྩ་དྲུག དཔུང་སོག་བར་སྐྱོགས་རའི་ཚིགས་མཚམས་ན་གསེར་གྱི་ཀ་བ་གཉིས། སྣག་ཆེན་གཉེར་རིང་གི་སྟེང་ན་མཁྲིས་རྩ་སྐྱ་རིང་གཉིས་ཏེ་མཁྲིས་ཚད་སྐྱེ་བའི་ཁྲག་རྩ་བཞི། ལག་པའི་ཁུག་གི་མར་ཟུར་ན་སྣོད་ཀ་གཉིས། གཞུ་མཆོག་ནང་ངོས་ན་རུ་ཐུང་གཉིས། བརླ་ནང་ལྡེབས་ན་རྩ་བོ་ཆེ་གཉིས། སྒབ་ཁུང་བྱིན་སྟེང་ན་མཆིན་རྩ་སྨད་གསུམ་གཉིས་ཏེ་ཁྲག་འཆོར་གྱི་རྩ་གནད་བརྒྱད། དཔྱིའི་ཁ་གཟར་ན་མཁལ་རྩ་ན་གུ་གཉིས། བརླ་སྒང་མཐོ་བོའི་སྟེང་ན་མཁལ་རྩ་རུས་ཞེན་གཉིས། བརླའི་ཕྱིར་ཟུར་ལག་པའི་གུང་མོས་སླེབ་པ་ན་མཁལ་རྩ་རྐང་འདེགས་གཉིས། བརླའི་ཕྱི་ཟུར་ན་མཆེར་པའི་རྩ་ནག་གཉིས་ཏེ་བད་ཀན་གྲང་བ་བསྐྱེད་པའི་ཁྲག་རྩ་བརྒྱད། རྐལ་མཐིལ་གུང་མོའི་ཐད་ན་གཞག་འདྲ་གཉིས། བོལ་གོང་སྟེང་ན་འགུལ་རྩ་ནག་པོ་གཉིས། ནང་ལོང་རུས་འབུར་གྱི་འོག་ན་ལྕགས་ཀྱི་སྲན་མ་གཉིས། ལོང་གི་ཚིགས་ནས་ངར་གདོང་སྟེང་གྱེན་སོར་བཞི་ན་གསེར་རྩ་ཀ་གདུང་གཉིས། སྒྱིད་ཁུང་ནང་ན་སྒབ་རྩ་ནག་པོ་གཉིས། བརླ་ནང་སྣེ་ས་ཁུང་ན་སྙིང་རྩ་མིག་དམར་གཉིས། སྒྱིད་ཁུང་ནང་ན་སྒབ་རྩ་ནག་པོ་གཉིས། བརླ་ནང་སྣེ་ས་ཁུང་ན་སྙིང་རྩ་མིག་དམར་གཉིས། ལག་མཐིལ་སྲིན་ལག་བཀུག་པའི་འོག་ན་སྙིང་རྩ་མྱུར་བ་གཉིས། ལག་མཐིལ་དབུས་དང་གར་ཤའི་མཚམས་མཛོད་བུ་ཆུང་གི་འོག་ན་འགུལ་རྩ་གཉིས། ལག་པའི་མཁྲིག་མའི་རུས་པ་འབུར་པོའི་སྟེང་ན་འཕར་རྩ་གཉིས། མར་ཟུར་ཆུ་རྒྱུས་གསེབ་ན་བླ་རྩ་གཉིས། གྲུ་མོའི་ནང་ཁུག་ཨ་སོ་ལི་ཀ་གཉིས། མཆན་ཁུང་ནང་ན་སྙིང་རྩ་རྔུལ་འདུ་གཉིས་ཏེ་ཉི་ཤུ་རྩ་བཞི་པོ་རླུང་ཁྲག་གཉིས་འདོམ་གྱི་རྩ་གནད་དོ།།

རུས་པའི་གནད་ནི་དཔྱི་དཔུང་པ་པུས་མོ་གྲུ་མོ་མཁྲིག་མ་ལོང་ཚིགས་གཉིས་གཉིས་ཏེ་བཅུ་གཉིས་པོ་སོ་སོའི་ཡར་མར་སོར་བཞི་བཞི་ལྷ་བའི་གནད་དང་བཅས་པ། རུས་ལྷག་དཔྱི་མིག སོག་པ། ལྷ་ང༌། ལོང་བུ། སྲེ་ལོང༌། པྲན་རྩེ། སྤུན་མངས་གཉིས་གཉིས་ཏེ་རུས་གནད་ཉེར་དྲུག ཆུ་རྒྱུས་གནད་སྒྱིད་ཁུང་གཉིས། གྲུ་མོ་གཉིས། མཁྲིག་མ་གཉིས། རྟིང་ཆུ་གཉིས། ཆུ་བ་སྦལ་མགོ་གཉིས་ཏེ་བཅུའོ། །དེ་ལྟར་གནས་ལུགས་དང་གཉན་པའི་གནས་རྣམས་རྟོགས་ནས། དེ་ནས་གསང་ཐིག་དངོས་ནི། གསང་ས་བཅོ་བརྒྱད་རྒྱ་སྐར་དབྱེ་བ་འདྲ། །ཞེས་པའི་དོན་ལྟར། སྙིང་གསང་དྲུག་ནི། ལྷེན་སྣའི་གྱེན་ཐིག་དང༌། ནུ་མའི་ཁའི་འཕྲེད་ཐིག་འཕྲད་བའི་རྒྱ་གྲམ་ནས་གྱེན་དུ་མཚོན་གང་གཞལ་བའི་གཡས་གཡོན་གཉིས་སུ་མཚོན་རེ་དང་ཕུན་རེ་གཞལ་བ་དཔལ་ཁབ་ཀྱི་གསང་དང༌། དེ་ནས་གྱེན་དུ་མཚོན་གང་གཞལ་བ་གཉིས་ཐུགས་ཁབ། དེ་ནས་མཚོན་གང་གཞལ་བ་གཉིས་བྱ་རོག་མིག རྒྱབ་ཀྱི་གློ་བའི་མ་གསང་བཞི་ནི། ཚིགས་པ་བཞི་པའི་གཡས་གཡོན་སོར་བཞི་བཞིའི་སར་གློ་སྟོད་རྣག་གི་འབབ་གསང༌། ཚིགས་པ་བརྒྱད་པ་དང་དགུ་པའི་ཐད་ཀར་མཛུབ་གང་ཐུར་གསེགས་སུ་གཞལ། དེ་ནས་སོར་གཉིས་གཞལ་བའི་འོག་ནི་རྒྱབ་གསང་རིང་མོ་གཉིས། ནུ་མ་གཉིས་ནས་མཆན་ཁུང་ངོས་སུ་སོར་བཞི་བཞི། དེ་ནས་ཐུར་དུ་སོར་བཞི་གཞལ་བའི་ས་དང་ནུ་མ་ནས་ཐུར་དུ་ཆག་གང་གཞལ་བ་གཉིས་མཐུན་པ་གློ་བུའི་ཟུར་གསང༌། མ་བུ་གཉིས་རྒྱུག་གི་གསང་ས་དྲུག་ནི་ཚིགས་པ་བཅུ་གཉིས་པ་དང་བཅུ་གསུམ་པའི་མཚམས་ནས་མདུན་ཟུར་དུ་ཆག་གང༌། མཁྱིད་གང༌། མཛུབ་གང་གཞལ་བའི་ས་གསུམ་ནི་རྩིབ་མ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་པའི་གོ་བར་གསུམ་གསུམ་ཡིན། སྨད་ཀྱི་དབྱེ་གསང་ནི། ཚིགས་པ་བཅུ་བཞི་པ་ནས་གཡས་གཡོན་དུ་སོར་དྲུག་དྲུག་གཞལ་བ་མཁལ་མའི་རྣག་འབབ་ཀྱི་གསང༌། ལྟེ་བ་ནས་སྣེ་སའི་དཀྱིལ་དུ་ཐིག་གདབ། དཔྱི་མགོའི་ཟུར་ནས་མཚན་མའི་སྟེང་དུ་ཐིག་བཏབ་པའི་རྒྱ་གྲམ་གཉིས་ནི་ལྟོ་བའི་སྤྱི་གསང༌། ཨ་ལོང་ཁ་ནས་སོར་བཞི་ནང་དུ་གཞལ་བ་འཇང་གསང་ངམ་གཞང་གསང་རྣམས་དབྱེ་གསང་ཡིན་ལ། མེ་གསང་ནི་མེ་བཙའི་ལེའུར་བསྟན་གྲུབ་ཅིང༌། བྱེ་བྲག་གི་ཐུར་གསང་ནི། སྙིང་ལ་གསང་བཅུ་གཅིག་ཡོད་དེ། ནུ་ཏོག་ནས་གཞལ་བའི་ནུ་མའི་སྟེང་མཚོན་གང་གཞལ་བ་སྙིང་རྩེ་སྙིང་སྲོག་འཛོམ་པའི་གསང༌། ནུ་མའི་རྒྱབ་མཆན་ཁུང་ངོས་སུ་མཚོན་གང་གཞལ་བ་སྲོག་རྩ་མྱོས་བྱེད་ཀྱི་གསང༌། ནུ་མའི་ཐུར་དུ་མཚོན་གང་གཞལ་བ་སྙིང་ཆུ་བཙག་པའི་གསང༌། བྲང་ངོས་མཚོན་གང་གཞལ་བ་སྙིང་ལོགས་ཆུ་སེར་དང་བད་རླུང་རླངས་པ་འཁྱིམས་པའི་གསང༌། དེ་ནས་དཀར་ནག་མཚམས་ལ་མཚོན་གང་གཞལ་བ་གློ་སྙིང་འདོམ་གསང༌། རྒྱབ་ཀྱི་ཚིགས་པ་བདུན་པའི་དབུས་དང༌། གཡས་གཡོན་མཚོན་རེ་གཞལ་བའི་གསང་གསུམ་ཀྱང་དེ་དང་འདྲ། སྲོག་རྩའི་གསང་ས་རྒྱབ་ཀྱི་ཚིགས་པ་དྲུག་པའི་དབུས་དང་གཡས་གཡོན་གྱི་མཚོན་རེ་གཞལ་བའི་ས། གཡོན་ངོས་སུ་བྱ་འདབ་ཀྱི་གསང༌། བར་དུ་ནང་རྟོལ་གྱི་གསང༌། བྱ་རོག་མིག་ནས་ཕྱིར་མཚོན་གང་གཞལ་བ་རྩིབ་བར་གོང་མ་གོ་ཆེན་དང་འོག་མ་གོ་ཆུང་གི་གསང༌། སྐེ་སྟོང་ཙ་ར་ཁུང་དང་ལྔ།

        གློ་གསང་ཉི་ཤུ་རྩ་གཉིས་ནི། སོག་འདབ་ཀྱི་རྩིབ་མ་གཡས་གཡོན་གྱི་གོ་བར་གསུམ་གསུམ་ནི་གློ་བའི་སྒང་གསང༌། མཆན་འོག་གི་རྩིབ་མའི་གཡས་གཡོན་གྱི་གོ་བར་གོང་འོག་གསུམ་གསུམ་ནི། གློ་བུ་བྱ་འདབ་ཀྱི་གསང༌། བྲང་གི་རྩིབ་མའི་གོ་བར་གཡས་གཡོན་བཞི་བཞི་ནི་གློ་བུ་སྐྲན་ཞུགས་ཀྱི་གསང༌། གློ་བའི་རྒྱབ་གསང་ནི་ཚིགས་པ་བཞི་པ་དང་ལྔ་པ་སྟེ་ཉི་ཤུ་རྩ་གཉིས། ཚིགས་པ་བརྒྱད་པའི་ཐད་དྲངས་ཀྱི་མདུན་ངོས་མཆིན་དྲིའི་གསང༌། མཆིན་མཆེར་གྱི་གསང་ས་བརྒྱད་ནི་ནུ་མ་ནས་ཐུར་དུ་མཚོན་དོ་གཞལ་བ་མཆིན་དྲིའི་མཚམས། དེའི་འོག་གི་རྩིབ་མའི་གོ་བར་གསུམ་པོ་གཡས་གསུམ་ཕོ་བ་དང་མཆིན་པའི་བར་སྐྲན། བར་པ་མཆིན་ཐེར། ཐ་མ་མཆིན་གཤམ་སྐྲན། གཡོན་ངོས་མཆེར་སྐྲན། བར་པ་མཆེར་ཐེར། ཐ་མ་མཆེར་བའི་བཤམ་སྐྲན། རྒྱབ་ཀྱི་ཚིགས་པ་དགུ་པ་དང་བཅུ་གཅིག་པའི་དབུས་གཡས་གཡོན་གསུམ་གསུམ་ནི་རླུང་དང་བད་ཀན་གྲང་བའི་གསང༌། མཁལ་མའི་གསང་ས་ཉི་ཤུ་རྩ་གཅིག་ནི། ཚིགས་པ་བཅུ་བཞི་པའི་གཡས་གཡོན་དུ་མཚོན་གང་རེ་གཞལ་བ་མཁལ་མའི་རྩ་ནག དེ་ནས་མཚོན་གང་རེ་གཞལ་བ་མཁལ་འབྲས་གྱི་གསང༌། དེ་ནས་མཚོན་གང་རེ་གཞལ་བ་མཁལ་ཚིལ་གྱི་གསང༌། གཞུག་གུ་ཆུང་ནས་རྣག་པོ་ཆེའི་སྟེང་དུ་མཛུབ་རེ་གཞལ་བ་དཔྱིའི་འཁོར་མིག་ཡིན། མདུན་ངོས་མཁལ་འབྲས་ཀྱི་སྟེང་ནས་གཡས་གཡོན་དུ་སོར་དྲུག་རེ་གཞལ་བ་དཔྱི་མིག་གཉིས་ཡིན་ལ། དེ་ནས་ཕྱོགས་བཞིར་མཚོན་རེ་དབུས་དང་ལྔ་ལྔ་པོ་ནི་མཆེར་ཆུའི་ཆུ་སེར་འབབ་པའི་གསང་ཡིན། ཕོ་བའི་གསང་བཅུ་གཉིས་ནི། ལྷེན་སྣའི་སྣ་ནས་ཐུར་དུ་མཚོན་གང་གཞལ། དེ་ནས་གཡས་གཡོན་དུ་མཚོན་རེ་གཞལ་བའི་གཡས་གཡོན་དབུས་དང་གསུམ་པོ་ནི་ལྷེན་གསང༌། དེ་ནས་མཚོན་གང་ཐུར་དུ་གཞལ། ཡང་གཡས་གཡོན་དུ་སྔར་བཞིན་གཞལ་བའི་དབུས་དང་གཡས་གཡོན་གསུམ་པོ་ནི་སྐྲན་གསང༌། དེ་འོག་མཚོན་གང་མར་གཞལ་དེ་ནས་གཡས་གཡོན་དུ་མཚོན་རེ་གཞལ་བ་ནི་མེ་མཉམ་གྱི་གསང༌། ཕོ་བའི་དབུས་ནས་གཡས་གཡོན་དུ་མཚོན་དོ་རེ་གཞལ་བ་ནི་ཅུར་འབྱིན་གྱི་གསང༌། རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་སྟེ་ཕོ་གསང་བཅུ་གཉིས། ཚིགས་པ་བཅུ་གསུམ་པ་དང་བཅོ་ལྔ་ལ་གཉིས་བུ་སྣོད་ཀྱི་གསང༌། ལོང་གསང་ལྔའི་ལྟེ་བའི་གཡས་གཡོན་ནས་མཚོན་རེ་གཞལ་བ་ལོང་གི་ཐེར། དེ་ནས་གཡས་གཡོན་དུ་མཚོན་རེ་གཞལ་བ་ལོང་སྐྲན་གྱི་གསང༌། རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང་བཅས་ཏེ་ལྔ་ཡིན་ནོ།།

        རྒྱུ་མའི་གསང་བདུན་ནི། ལྟེ་འོག་ནས་མཚོན་གང་གཞལ་བ། དེ་ནས་གཡས་གཡོན་དུ་མཚོན་རེ་གཞལ་བ་གསུམ་རྒྱུ་མའི་སྟོད་གསང༌། དེ་འོག་ནས་མཚོན་གང་གཞལ། གཡས་གཡོན་ནས་མཚོན་རེ་གཞལ་བ་གསུམ་རྒྱུ་མའི་སྨད་གསང༌། རྒྱབ་ཀྱི་ཚིགས་པ་བཅུ་བདུན་པ་རྣམས་སོ། །རྒྱུ་ཞབས་ཀྱི་ཐེར། དཔྱི་མགོའི་ཁ་གཟར་ནས་ཆག་གང་གཞལ་བ་སྨད་ཀྱི་དབྱེ་གསང༌། ཚིགས་པ་བཅོ་བརྒྱད་པའི་ཐད་ཀྱི་མདུན་ངོས་སྨད་ཀྱི་གསང༌། ཡན་ལག་གི་ཚིགས་ཆེན་བཅུ་གཉིས་པོ་ཚིགས་མིག་ཆུ་བའི་བར་གསང་སྟེ། བྱེ་བྲག་ཐུར་མའི་གསང་ས་རྣམས་སོ། །གཉིས་པ་ཚིག་གི་དོན་ནི། གསང་ས་ཐུར་ལམ་རྣམ་པ་བཞི་ཡིན་ཏེ་ཞེས་པ་ནས། རུས་ལ་གཏུག་དང་ཅུར་འབྱིན་གང་འོས་སྤྱད་ཅེས་པའི་བར་ཏེ་གསང་གི་ས། ཐུར་མའི་ལམ་ནི་རྣམ་པ་བཞི་ཡིན་ཏེ་དོན་ལྔ་སྣོད་དྲུག་གི་ཡུལ་དང༌། རྩ་རུས་ཤ་ཚིལ་གྱི་གནད་ཤེས་པས་སྤྱི་དང་བྱེ་བྲག་གི་གསང་ས་རྣམས་བསྟན་པར་བྱའོ། དེ་ལ་དང་པོ་དོན་ལྔ་སྣོད་དྲུག་གི་གནས་ཡུལ་མ་ཤེས་ན། དེ་རྣམས་གང་ལ་ནད་ཞུགས་པ་དང་གང་དེའི་དཔྱད་ཀྱི་དམིགས་མི་ཕྱེད་ལ། རྩའི་གནད་རྣམས་མ་ཤེས་ན་ཉེན་ཆེ་བའི་རྩ་གནད་རྣམས་ལ་ཐུར་དཔྱད་འབྱོལ་བར་མི་ནུས་པས་ན་སྨན་པའི་ལག་དགྲ་སྤང་བའི་ཕྱིར་རྩ་གནད། རུས་གནད། ཤ་གནད། ཚིལ་གནད་མཐའ་དག་ཤེས་པ་ཤིན་ཏུ་གཅེས་ལ། དེའི་ཕྱིར་བྱང་ཁོག་ཡུལ་ཐིག་གི་གསང་ཚད་རྣམས་མ་འཁྲུལ་བར་ཡིད་ལ་བཟུང་བར་བྱ་ཞིང༌། སྤྱིར མགོ་སྐེ་ཡན་ལག་བྱང་ཁོག་རྣམས་ཀྱི་གསང་ལ། དབྱེ་གསང་དང༌། མེ་གསང་དང༌། ཐུར་གསང་གསུམ་ལས། རྣག་ཁྲག་ཆུ་སེར་འབྱིན་པའི་དབྱེ་གསང་རྣམས་ནི། བྱང་ཁོག་གི་གསང་ས་བསྟན་པའི་སྐབས་མན་ངག་རྒྱུད་ཀྱི་ལེའུ་གྱ་ལྔ་པ་སོགས་ལས་གསལ་ཞིང༌། མེ་གསང་ནི་མེ་བཙའི་འབྲུ་བཤག་ལེའུ་ཉེར་གཅིག་པའི་ནང་དུ་བསྟན་པ་དང༌། འདིར་སྐབས་དོན་ཐུར་མའི་གསང་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་གསང་ལ་ཡངས་པ་དང་ཤིན་ཏུ་ཡངས་པ་དང་དོགས་དང་ཤིན་ཏུ་དོགས་པ་རྣམ་པ་བཞི། ཡངས་པའི་གསང་རྣམས་ལ་ཐུར་མ་གཡུལ་ཐབས་ཏེ་འཕྲེད་གསེགས་འབྱོལ་ཐབས་སུ་བརྡེག་ཐུབ་པ་དང༌། ཤིན་ཏུ་ཡངས་པའི་གསང་རྣམས་སུ་ཐུར་མ་རྒྱ་གྲམ་དུ་བསྐོར་ཐུབ་བ་ཡིན་ཞིང༌། དོག་པ་ནི་གཉན་ཐོག་ཏུ་གཉན་བབས་པ་ཞེས་བྱ་སྟེ། གདོད་ནས་གསང་མེད་པའི་གནད་ས་ཡིན་ཀྱང་དེར་ནད་ཞུགས་པས་ནད་ཀྱི་གནད་ཀྱིས་དེའི་གོ་ས་ཕྲོགས་པས་དེ་ལ་གནད་ཤིན་ཏུ་གཉན་པ་མིན་ཕྱིན་གནད་འབྲིང་ཙམ་ལ་མི་འཛེམ་བར་ཐུར་མ་སོགས་དཔྱད་བྱ་རུང་བ་དང༌། ཤིན་ཏུ་དོག་པ་ནི་ནད་ཡོད་ཀྱང་དམིགས་ཏེ་གནད་ཤིན་ཏུ་དམ་པོ་ཡིན་པའི་ས་དེ་གནད་ཀྱིས་ནད་ཀྱི་སའི་གོ་ས་ཕྲོགས་པ་ཡིན་པས་དེ་འདྲ་བ་ལ་ཐུར་མའི་ལམ་གཡས་གསང་ནི། སྙིང་ལ་གསང་ས་བཅུ་གཅིག །གློ་སྙིང་མཆིན་གསང་ལྔ། གློ་གསང་ཉི་ཤུ་རྩ་གཉིས། མཆིན་མཆེར་གྱི་གསང་བརྒྱད། བད་ཀན་གྲང་གསང༌། མཁལ་གསང་ཉི་ཤུ་རྩ་གཅིག །ཕོ་གསང་བཅུ་གཉིས། བུ་སྣོད་ཀྱི་གསང་གཉིས། ལོང་གསང་ལྔ། རྒྱུ་གསང་བདུན། སྨད་གྱི་དབྱེ་གསང༌། ཚིགས་གསང་བཅུ་གཉིས་སོགས་ཡོད་པ་རྣམས་ཚིག་དོན་གོ་བར་སླའོ། །ལྔ་པ་དབྱེ་བ་བཤད་པ་ནི། ཐུར་མའི་ཞེས་པ་ནས། ཤིས་པ་ཡིན་ཅེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ཐུར་མའི་དབྱེ་བ་ནི། ཚ་ཐུར་དང་གྲང་ཐུར་གཉིས་སུ་ཡོད་པ། དང་པོ་ཚ་ཐུར་ལ་ཡང༌། ཚ་ཐུར་རྐྱང་པ་དང་ཚ་ཐུར་གྱི་གྲང་ཐུར་དང༌། ཚ་ཐུར་སྦྲགས་མ་དང་གསུམ། དང་པོ་ཚ་ཐུར་རྐྱང་པ་ནི། ཐུར་མ་བསྲེགས་ནས་བརྡེག་པ་སྟེ། འབྲས་དང༌། ལྷོག་པ། ལྦ་བ། རྣག་རྣམས་ལ་བྱ་བ་དང༌། གཉིས་པ་ཚ་ཐུར་གྱི་གྲང་ཐུར་ནི། མེ་བཙའ་ཞིག་བཏབ་པའི་ཤུལ་རྗེས་ལ། ཐུར་མ་རྐྱང་པ་མ་བསྲེགས་པར་བརྡེག་པ་སྟེ། འདི་ནི་ཐེ་ཚོམ་དང་བཅས་པའི་རྣག་གསང་དབྱེ་བ་ལ་སྦྱར་ཞིང༌།

        གསུམ་པ་ཚ་ཐུར་སྦྲགས་མ་ནི། ཐུར་མ་བསྲེགས་ནས་བསྣུན་པའི་སྟེང་དུ་མེ་བཙའ་འདེབས་པ་འདི་ནི། འབྲས། ལྷོག་པ། རྨ་རྒན། སྐྲན་རྣམས་ལ་བྱའོ། །གྲང་ཐུར་རྐྱང་པ། གྲང་ཐུར་གྱི་ཚ་ཐུར། གྲང་ཐུར་སྦྲགས་མ་དང་གསུམ། དང་པོ་གྲང་ཐུར་རྐྱང་པ་ནི། ཐུར་མ་རྐྱང་པ་མ་བསྲེགས་པར་བརྡེག་པ་སྟེ། དམུ་ཆུ་དབུག་པ་དང༌། མིག་འགྲིབས་པ། རྣག་གསང་དབྱེ་བ་རྣམས་ལ་སྦྱར་ཞིང༌། གཉིས་པ་གྲང་ཐུར་གྱི་ཚ་ཐུར་ནི། ཐུར་མ་མ་བསྲེགས་པར་བསྣུན་པའི་རྗེས་ཤུལ་མེ་བཙའ་གདབ་པ་སྟེ། འདི་ནི་རྣག་ཁ་འཁྱིམས་པ་དང༌། ཚིགས་ཆུ་ཕུག་པ་ལ་སྦྱར་ཞིང༌། གསུམ་པ་གྲང་ཐུར་སྦྲགས་མ་ནི། ཐུར་མ་གྲང་མོར་བཏབ་པའི་རྗེས་ལ་འཁྱགས་པ་དང༌། རྡོ་གྲང་དང༌། ཆུ་ཡིས་བྲན་པ་སྟེ། འདི་ནི་ཤ་བེམ་པ་དང༌། ཚ་སྐྲངས་དང༌། མགོ་ཡི་ཆུ་བཙག་པ་དང༌། ཚ་སྐྲན་དང༌། ཚ་རོ་རྙིངས་པ་ཡོད་པ་རྣམས་ལ་བསྔགས་ཤིང༌། གཞན་ཡང་ཐུར་དཔྱད་ཕལ་ཆེར་ལ་སྤྲ་བ་ཞིག་བཏབ་པའི་རྗེས་ཐུར་མ་འཕང་ཞིང༌། དེའི་ཤུལ་མེས་བསྲེག་པ་ཤིས་ཤིང་ལེགས་པ་ཡིན་ནོ། །ཞེས་པའོ། །དྲུག་པ་ཆོ་ག་ནི། ལུས་ཀྱི་ཞེས་པ་ནས། རིག་ལ་དྲིས་ཞེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོ་ཐུར་མ་འཕང་ཡུལ་གྱི་ལུས་ཀྱི་ཆོ་ག་ནི། མཐོ་དམན་ཁད་མཉམ་པའི་སྟན་གྱི་སྟེང་དུ། སྐྱིལ་ཀྲུང་བཅས་ལ་ལག་པ་གཉིས་པུས་མོར་བཀབ་ཅིང་གླན། ལུས་རྩ་གཅུ་མེད་པར་དྲག་པོར་འདུག་ལ་གཙུག་ལག་སྤོར་ཐང་ནས་འབྱུང་བའི་ལུས་ཀྱི་མ་སོགས་ལོ་མཐུན་ནད་གཡོག་གིས་རྒྱབ་བརྟེན་ཏེ་མདུན་རྒྱབ་ཀྱི་ཐུར་མ་ཕལ་ཆེ་བ་རྣམས་འཕང་བར་བྱ་ཞིང༌། ཕོ་བའི་ཐུར་མ་ནི་ཟས་ཟོས་རྗེས་རྒྱས་ནས་པུས་མོས་བརྟེན་དགོས་ཤིང༌། གཞན་ཡང་ཁྱི་ཚུགས་སུ་མགྲིན་བ་བཀུག་སྟེ་གནས་པ་ལ་སྐེ་སྟོང་གི་ཐུར་མ་འཕང་བ་དང༌། ལག་པ་བརྒྱངས་ཏེ་ཀ་བ་ལ་བརྟེན་ཏེ་གནས་པ་ལ་སྨྱོ་ཐུར་འཕང་བ་དང༌། དྲང་པོར་ལངས་པ་ལ་དཔྱི་མིག་ཏུ་ཐུར་མ་འཕང་བ་དང༌། རྐང་པ་བརྐྱང་སྟེ་གནས་པ་ལ་པུས་མོའི་དྲུག་བསྐོར་འཕང་བ། དེ་བཞིན་དུ་གསང་གསལ་བ་དང༌། ནད་དང་ཕྲད་སླ་བའི་ཐབས་ཀྱི་བརྡེག་ཚུལ་གང་ལ་གང་བདེ་སྨན་པའི་ཤེས་རབ་ཀྱི་རིག་པས་དཔགས་ལ་དྲིས་ཤིག་གོ།

        བདུན་པ་བརྡེག་ཐབས་ནི། བརྡེག་པའི་ཞེས་པ་ནས། སྦྱར་བར་བྱ་ཞེས་པའི་བར་ཚིགས་བཅད་བདུན་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ཐུར་མ་བརྡེག་པའི་ཐབས་ལ། སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །སྤྱིར་ནི་ལག་པ་གཡས་པས་ཐུར་རྩི་ནས་ཧུན་སོར་གང་གི་མཚམས་ནས་བཟུང་ཞིང༌། གཡོན་པའི་གུང་མོས་གསང་དམིགས་གསལ་ནུས་པར་མཚོན་ཏེ་བསྣན། དེ་རྗེས་ལག་པ་གཡས་པས་ཐུར་སྐེད་ནས་བཟུང་སྟེ་དྲང་པོར་དབུལ། ཕུས་ཞེས་པགས་པ་ཕིགས་ཟིན་པ་དང་ཧུན་ཏེ་ནད་པ་དེ་རང་གི་སོར་གང་ཕར་བསྣུད་ཀྱིན་དལ་བུས་ཤ་རུས་ནང་རྡོལ་བ་དང༌། དོན་གྱི་ལག་ཚོད་མྱང་གིན་དབུལ་དགོས་ཤིང༌། དེ་ཡང་སྨན་པའི་ཡིད་དང་མཐེབ་ཚོད་དང༌། ཕྱི་རྟགས་གསུམ་བསྟུན་ལ་ལྟ་ཡིན་ལྟ་ཡིན་འཕང་དགོས་པ་ཡིན་ཞིང༌། ལག་ཚོད་ཀྱི་ཐུར་འཛིན་ནི་འུག་པ་ལྟ་བུར་ཐུག་ཕྲད་དང༌། ཕོ་རོག་ལྟ་བུར་གཅེར་མཐོང་གིས་ཐུར་མའི་ཚོད་བརྟགས་ལ་ཐུར་མ་བཟུང་ཞིང༌། ཡང་ན་དང་པོ་པགས་པ་ལག་པ་གཡོན་པས་ཚུར་ཀོ་འཐེན་བྱས་ལ་བཙག་བུས་ཁུང་དབུག་པའི་ནང་དུ་གཟོད་ཐུར་མ་འཕང་བ་ཡིན། བྱེ་བྲག་ནི། གཡུལ་ཐབས། ཕྲེང་གཅུས། རྟ་སྒབ། ཐོད་སྐོར། རྒྱ་གྲམ། ཅུར་འབྱིན། བུ་སྐོར་མ་ལ་མི་གནོད་པ། མ་སྐོར་བུ་ལ་མི་གནོད་པ་དང་བརྒྱད། དང་པོ་ཐུར་མ་གཡུལ་ཐབས་ནི་ཐུར་མ་དྲང་པོར་ཐད་ཀར་འཕང་བ་སྟེ་མགོ་དང་སྒལ་ཚིགས་རྒྱུ་སྨད་ཀྱི་གསང་རྣམས་ལ་བྱ་བ་དང༌། གཉིས་པ་འཕྲེད་གཅུས་ཐུར་རྩེ་གཡས་གཡོན་དུ་གཅུ་ཡིན་གཏོང་བ་སྟེ། འདི་ནི་མཆིན་མཆེར་མཁལ་མ་ལ་སོགས་ཕལ་ཆེ་བ་ལ་ཤིས་སོ། །གསུམ་པ་རྟ་སྒབ་ནི། ཐུར་རྩེ་ཐུར་དུ་བསྟན་ལ་འཕང་བ་སྟེ། སྐེ་སྟོང༌། གློ་སྙིང༌། ལྷེན་གསང་གསུམ་ལ་སྦྱར་རོ། །བཞི་པ་ཐོད་སྐོར་ནི། ཐུར་རྩེ་གྱེན་ལ་བསྟན་པ་སྟེ། མེ་ཉམས་གསང་དང༌། མཛོད་ཆུང༌། རྣག་འཚོལ་རྣམས་ལ་སྦྱར་རོ། །ལྔ་པ་རྒྱ་གྲམ་ནི། ཐུར་རྩེ་ཕྱོགས་མཚམས་སུ་སྐོར་བ་སྟེ། ཕོ་བའི་དབུས་ཀྱི་སྐྲན་དང༌། རྣག་འཆོལ་བ་སོགས་ལ་སྦྱར་རོ། །དྲུག་པ་ཅུར་འབྱིན་ནི། ཐུར་མ་ཅུར་ལ་འབྱིན་པ་འཕང་བ་སྟེ། ཕོ་བའི་ཐེར་དང༌། མཛོ་མིག བརླ་ཡི་འོག་ཏུ་ཤིས་སོ། །བདུན་པ་བུ་སྐོར་མ་ལ་མི་གནོད་པ་ནི། བྱང་ཁོག་ཐུར་མ་འཕེན་པ་རྣམས་དོན་ལྔ་སྣོད་དྲུག་ལ་གནོད་པ་མེད་པར་འཕང་བ་དང༌། བརྒྱད་པ་མ་སྐོར་བུ་ལ་མི་གནོད་པ་འཕང་བ་སྟེ། གནད་དུ་ཞུགས་པའི་ནད་ལ་འཕང་བ་སྟེ། མིག །སྙིང་ཆུ་འབྱིན་པ། མཆིན་སྐྲན། མཁལ་སྐྲན། སྐྱི་ཕུར་གྱི་རྣག་འབྱིན་པ་རྣམས་ལ་སྦྱར་བར་བྱའོ།།

        བརྒྱད་པ་ལག་ཚོད་ནི། ཐུར་མའི་ཞེས་པ་ནས། བཀྲུལ་ལ་གདོན་ཞེས་པའི་བར་ཚིགས་བཅད་བཅུ་དང་རྐང་པ་གཅིག་གིས་བསྟན་ཏེ། ཐུར་མའི་ལག་ཚོད་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་ཅིང༌། སྤྱིའི་ལག་ཚོད་ནི། པགས་པ་ལ་སྲ་བ་སྟེ། ཤ་ལ་ཟིན་ནས་སྙི་སྟེ་བྱོལ་གྱིས་འགྲོ་བ་ཡིན་ཞིང༌། རུས་པ་ལ་ཐུག་ན་རྟུགས་ཀྱིས་མཐུ་བརྡུགས་ཏེ་མི་འགྲོ་བར་འགྱུར་རོ། །དེ་ལ་རྩིབ་མའི་གོ་བར་བཙལ་ཏེ་དབུལ་བ་དང༌། བྱང་ཁོག་གི་ནང་དུ་རྡོལ་ནས་ཐུར་རྩེ་བྱོལ་གྱིས་འགྲོ་ཞིང༌། སྨན་པའི་ཡིད་ལ་ཐུར་མ་རྟེན་གྱིས་རྡུགས་སྙམ་བྱེད་པ་དང༌། ནད་པ་བཞིན་ལྡོག་སྐད་ངན་འཆོར་བ་སོགས་གསུམ་ལྷན་ཅིག་ཏུ་བྱུང་ན་ཐུར་མཚད་དུ་སླེབ་པའི་རྟགས་ཀྱི་མན་ངག་ཡིན། དེ་ནས་ཀྱང་ཐུར་མ་མི་བརྡུགས་པར་ནང་དུ་ཕྱོལ་ཕྱོལ་འགྲོ་ན་ཕར་ལ་བཏང་བས་ཆོག་ཅིང༌། ནང་དོག་ཅིང་ཐུར་མ་འཐེན་སྡོད་བྱེད་ན་ཡང་ནད་པས་སྲན་བཟོད་པ་འདུག་ན་ཟོ་བླངས་ཏེ་བཏང་བས་ཆོག་ལ། ནད་པས་སྲན་མི་བཟོད་པར་འདུག་ན་ཕར་ལ་དེ་ལས་དབུལ་ཐབས་མེད་པས་ཚོད་ཟིན་པར་བྱ་བ་དང༌། བྱེ་བྲག་ཏུ་ཡང་ཐུར་མ་དོན་ལྔ་གང་རང་ལ་ཉེན། ནད་པ་ཤེས་པ་འཁྲུག ལུས་འདར། མིག་གྱེན་དུ་བཟློག ཐུར་མ་ཕྲིག་ཕྲིག་འཕར་བ་རྣམས་འབྱུང༌། དོན་གཞན་རྣམས་ལ་ཐུར་ཚོད་དེས་ཆོག་ཅིང༌། སྙིང་ཆུ་བཙགས་པ་ལ་ནི་ཐུར་རྩེ་ཚུར་ལ་འཕུལ་སྙམ་བྱེད་ན་སྙིང་ལྤགས་ལ་སླེབ་པའི་རྟགས་ཡིན་པས་ནད་པའི་གདོང་ལ་ཆུ་ལྕག་བརྒྱབ། ནད་པ་དབུགས་བསྡམ། ཐུར་མ་སོར་གཅིག་ཕར་ལ་བསྣུན་ནས་ཕུལ་ཞིང༌། དེ་ཚེ་སྲོག་རྩ་ཐུར་མའི་ལོགས་ལས་འཕར་བ་སྟེ། གློ་ལ་སྣ་བུག་ཧར་ཞིང་གློ་ཆུང་འོང༌། མཆིན་མཆེར་ལ་སྐྱུག་མེར་བྱེད་ཅིང་ཁ་ཆུ་ལྡུགས། མཁལ་མ་ཉིད་ན་ཞིང་མཁལ་རྩ་འབྲལ་སྙམ་བྱེད། མདོར་ན་དོན་རྣམས་སྤྱིར་ཚུར་ཚུར་བསྙེག་ཅིང་བྱ་ཚང་ལ་སྦྲུལ་ཞུགས་པ་འདྲ། འོན་ཀྱང་དམིགས་བསལ་མཆིན་མཆེར་མཁལ་མ་གསུམ་ལ་འབྲོས་སྙེག་གང་ཡང་མེད། སྣོད་རྣམས་ཕར་འབྲོས་ཏེ་ཡོལ་བ་རླུང་གིས་དེད་པ་འདྲ། དེ་ཡང་ཐུར་མ་དལ་བུས་འཕུལ་བས་སྣོད་རྣམས་རིམས་གྱིས་འབྲོས་པར་འགྱུར་ལ། མགྱོགས་དྲགས་ན་འབྲོས་ལོང་མེད་པར་ཐུར་རྩེ་སྣོད་ལ་འཇུག་ཅིང༌། ཕོ་བ་ལ་ཕྱི་ཡི་དར་ཤ་ཕུགས་པ་དང༌། ཕོ་བའི་བར་ན་སྟོང་པ་སོར་གཅིག་ཡོད་པས། དེ་ནས་ཕོ་བའི་རྩར་སླེབ་པའི་ཚེ་ཡིད་ཙམ་སྲ་སྙམ་བྱེད་པ་འབྱུང་བས། སྐབས་འདིར་མཆིན་པས་ཕོ་བའི་ཡུལ་ཕྲོགས་ནས་མཆིན་པའི་ཇ་ལོག་འབྱུང་བ་ཡིན་ནོ། །བྱང་ཁོག་གི་ནང་རྡོལ་ནས་ཡང་སར་ཕྱོལ་གྱིས་འགྲོ་ལ། རྒྱུ་ལོང་པགས་པ་ཕིགས་ནས་ནུར་ནུར་བྱིལ་བྱིལ་འགྲོ་ཞིང༌། ནང་དུ་སླེབ་ན་སྐྱུག་ལོག ན་བ་འགྱུར། ཚ་འབྲབ་བྱེད། སྐྲན་དང་ཕྲད་ན་རེག་པ་སྲ་བ་ལ། ཐད་ཀར་གཟེར་ཞིང་ཁ་ནས་ཨ་ན་ཟེར་བ་འབྱུང༌། སྐྲན་གསར་པའི་དུས་ན་མཐའ་བསྐོར་མ་གཏོགས་དཀྱིལ་མི་དབུག་ལ་རྙིངས་ནས་ནི་རྨ་མང་པོ་གདོན་པས་ཆོག་གོ །རྣག་དང༌། དམུ་ཆུ་དང༌། རླངས་པ་འཁྱིམས་པ་རྣམས་ལ་ནི་དངོས་སུ་གསལ་ཞིང༌། མགོ་དང་ཡན་ལག་གི་ཚིགས་མིག་རུས་པར་ཐུག་པ་དང༌། བཤུལ་ཤའི་ཐུར་མ་རྣམས་ནི་རང་གིས་བསྣུན་པའི་ཚད་དང༌། ལག་ཚོད་བསྟུན་ལ་བྱ་ཞིང༌། ཐུར་མ་ཆག་གང་ནང་དུ་རྡོལ་ནས་རྩ་འཕར་ནའང་དབུལ་ཐབས་མེད་ཅིང༌། ཡན་ལག་ཅུར་འབྱིན་ནི་ཚིགས་པར་ཐུར་མ་བཀྲུལ་བ་སྟེ་བསྐུལ་ནས་གདོན་ནོ། །ཞེས་པའོ། །དགུ་པ་འཆི་རྟགས་ནི། འཆི་བའི་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། འཆི་བའི་རྟགས་ལ་ནད་གཞིས་སླེབ་པ། གནད་ལ་ཉེ་བ། ཐོར་བུའི་རླུང་སྐྱེས་པ་དང་གསུམ་ཡོད་པའི། དང་པོ་ནད་གཞིས་སླེབ་པ་དང༌། གནད་ལ་ཉེ་བ་གཉིས་ཀ་གོང་དུ་ལག་ཚོད་ཀྱི་སྐབས་སུ་བསྟན་ཟིན་ལ། ཁྱད་པར་རྩ་ནད་ན་ཚ་སྦྲེང་ངེ་འོང་བ་དང་ན་ཚ་རབས་ཀྱིས་འོང་བ་དེ་ཡང་ནད་པ་ཉིད་ལ་དྲིས་པས་གསལ་ལ། གསུམ་པ་རླུང་སྐྱེས་ན་གཡལ་བ་དང༌། དངངས་པ་དང༌། འདར་བ་དང༌། སྐྱུག་པར་བྱེད་དོ། །ཞེས་པའོ།།

        བཅུ་པ་ལོག་གནོན་ནི། ལོག་པ་ཅེས་པ་ནས། རྨ་བཞིན་བཅོས་ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ཐུར་མ་ལོག་པ་ལ་ཚ་ལོག་རྣམ་པ་གཉིས་སུ་ཡོད་ཅིང༌། ཚ་ལོག་ནི་ཞག་སུམ་གཉིས་ཙམ་ལ་འབྱུང་བ་སྟེ། འདི་ནི་ཚ་གྲང་ངོས་མ་ཟིན་པར་འཁྲུལ་ལམ། སྐྲན་ནད་ཚ་བར་ལོག་པ་གང་རུང་ཡིན་ལ། གྲང་ལོག་ནི་དཔྱད་བྱས་མ་ཐག་པའི་རྗེས་ལ་འབྱུང་བ་སྟེ། དེ་ཡང་ཐོར་བུའི་རླུང་སྐྱེས་ན་གསུར་དུད་བཏང་བ་དང༌། བྱུག་པ་བྱ་བ། བུར་ཆང་རུས་ཁུ་སོགས་བཅུད་ཆེན་བསྟེན་ཞིང༌། རླུང་གསང་མེ་བཙས་མནན་ནོ། ཐུར་ཤུལ་ནས་ཁྲག་བབས་པ་ནི་འཁྱགས་བའི་སྐྱོན་ཡིན་པས་དུགས་ཀྱིས་བསྲོ། ཆུ་སྐྲན་རྡོལ་བས་སྣོད་འགྲིམས་ཤིང་བྱེར་ནས། ལུས་སྐྲངས་ན། དེ་ལ་དྲོད་སྨན་དང༌། སྦྱོངས་དང༌། སྐེམས་རྣམས་ཀྱིས་བཅོས་དགོས་ཏེ། དེའི་རྟགས་དང་བཅོས་ཐབས་རྣམས་ནི་རང་རང་གི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། མདོར་ན་ཐུར་ནད་ཕལ་ཆེ་བ་ནི་བསིལ་དུགས་ཀྱི་སྦྱོར་བ་མཆོག་ཏུ་བསྔགས་ལ། དོན་སྣོད་གནད་ལ་ཐུར་རྩེས་ཟིན་ན་ནི་དེ་དག་སོ་སོའི་རྨའི་སྐབས་བཞིན་བཅོས་པ་གལ་ཆེའོ། །ཞེས་པའོ། །བཅུ་གཅིག་པ་ཐུར་མའི་ཕན་ཡོན་བསྟན་པ་ནི། ཐུར་མའི་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། དེ་ལྟར་ཐུར་མའི་ཕན་ཡོན་ནི། རླུང་ཁ་གནོན། གྲང་བའི་དྲོད་སྐྱེད། སྐྲན་བཤིག མ་ཞུ་འཇུ། རླངས་པ་འཁྱིམས་པ་དང༌། ཤ་བེམ་གསེང༌། རྣག་ཁྲག ཆུ་སེར། དམུ་ཆུ་རྣམས་ཕྱིར་འབྱིན་པས་དེ་དག་ནི་ཐུར་མ་བྱས་པའི་ཕན་ཡོན་ཡིན་ནོ། །ཞེས་པའོ།།

        གསུམ་པ་མཇུག་བསྡུ་བ་ནི། དང་པོ་ཞེས་པ་ནས། ཅེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་ལྔ་དངརྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་དང་པོར་ཐུར་མ་རྒྱག་ཏུ་རུང་བའི་ཡུལ་མ་ཤེས་ན་དཔྱད་ཀྱི་ལ་འདའ་བ་མི་ཤེས་པས་གཞན་པས་མཁས་པའི་ཁྱད་མི་ཐོན། གཉིས་པ་མི་རུང་བའི་སྤང་ཡུལ་མ་ཤེས་ན་ཐུར་ལོག་བྱུང་ན་རང་ཉིད་ལ་ཁ་སྐྱེངས་ལ་མི་གཞན་གྱིས་འཕྱར་ཁ་འོང༌། གསུམ་པ་ཐུར་མའི་དབྱིབས་སོགས་ཚད་དང་མ་ལྡན་ན་ལག་ཚོད་མི་སྐྱེ་བར་ཡང་ན་དམན་པ་དང་ཡང་ན་ཐལ་བའི་སྐྱོན་འབྱུང༌། བཞི་པ་ཐུར་མའི་གསང་ས་མ་ཤེས་ན་ཐུར་ལམ་འགགས་ནས་ནད་དང་དཔྱད་གཉིས་ཕྲད་པར་མི་བྱེད་པ་དང༌། ལྔ་པ་ཐུར་མའི་དབྱེ་བ་མ་ཤེས་ན་ནད་དང་དཔྱད་དུ་མི་འཕྲོད་པར་འཛོལ་ཞིང་ཐུར་ལོག་འོང་བ་དང༌། དྲུག་པ་ཐུར་མའི་ཆོ་ག་མ་ཤེས་ན་ཐུར་ལམ་འགགས་ནས་མི་དགོས་པའི་གནད་ལ་སྙེག་ཅིང་དགོས་པའི་ནད་ཀྱི་གནས་སུ་མི་འཁྱོལ་བ་དང༌། བདུན་པ་ཐུར་མའི་བརྡེག་ཐབས་མ་ཤེས་ན་ནད་དང་མི་ཕྲད་ཅིང་གནད་ལ་འབྱོལ་བར་མི་ནུས། བརྒྱད་པ་ཐུར་མའི་ལག་ཚོད་མ་ཟིན་ན་ཐུར་མ་ཁ་ཐལ་ནས་སྨན་པའི་ལག་དགྲས་ནད་པ་ཕུང་བར་འགྱུར་བ་དང༌། དགུ་པ་ཐུར་མའི་འཆི་རྟགས་མ་ཤེས་ན་གསོ་ཤིའི་བྱ་ར་མེད་པས་ཚད་དུ་མི་སྐྱོལ། བཅུ་པ་ཐུར་མའི་ལོག་གནོན་མ་ཤེས་ན་གསོ་དཔྱད་ནད་པའི་སྲོག་གཅོད་ཀྱི་བསྐུལ་མར་འགྱུར་བ་དང༌། བཅུ་གཅིག་པ་ཐུར་མའི་ཕན་ཡོན་མ་ཤེས་ན་དཔྱད་མཆོག་ཐུར་མའི་གདེངས་མེད་པས་སྤྱོད་པར་མི་ནུས་པ་དང༌། དེ་བས་ན་དེ་རྣམས་ཐམས་ཅད་ལས་བཟློག་པ་ནི་དེའི་ཡོན་ཏན་ཡིན་པར་བཤད་དོ། །ཞེས་གསུངས་སོ། །ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ལོག་གནོན་ཐུར་མ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། ཞེས་སོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།