སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

སྐབས་བཞི་པ་ལུས་སྟོད་གསོ་བའི་སྐབས་ལ་གཉིས། བསླབ་པར་ཞུས་པ་དང་དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་བསྐུལ་བ། ནང་ཚན་གྱི་རྣམ་གྲངས་བརྗོད་པ། སོ་སོའི་དོན་བཤད་པའོ། །དང་པོ་ནི། ཀྱེ་སྟོན་པ་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ནི། ལུས་སྟོད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་བོ་བསྡུས་པར། ནམ་ཚོང་ཡན་ཆད་རྟོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །ཅེས་དང༌། གང་ལ་དབང་བོ་ཀུན་བརྟེན་ཞིང༌། །གང་ལ་སྲོག་ནི་གནས་བྱེད་པ། །དེ་ནས་ཡན་ཆད་དམ་པ་ཡིས། །བསྲུང་བ་ལ་ནི་འབད་པར་བྱ། །ཞེས་སོ།།

        ནམ་ཚོང་ཡན་ཆད་ལུས་སྟོད་མགོ་སོགས་གསོ་བ་བཤད་པ་ལ། འདིར་ལྦ་བ་ཡན་ལུས་སྟོད་དུ་བསྡུས་ཏེ། ལུས་སྟོད་དབང་པོ་གསོ་ཐབས་མགོ་དང་མིག །རྣ་བ་སྣ་དངཁ་དང་ལྦ་བ་དྲུག །ཅེས་དེ་ལེའུ་དྲུག་གིས་བསྟན་ཏེ། ཉེར་བརྒྱད་པས་མགོ་ནད་གསོ་བ། ཉེར་དགུ་པས་མིག་ནད། སུམ་ཅུ་པས་རྣ་བའི་ནད། སོ་གཅིག་པས་སྣའི་ནད། སོ་གཉིས་པས་ཁའི་ནད། སོ་གསུམ་པས་ལྦ་བའི་ནད་གསོ་བ་བསྟན་ཏོ། །གསུམ་པ་ལ་དྲུག་ལས། དང་པོ་ནི། མགོ་ནད་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་མདོར་བསྟན་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དང་པོ་མགོ་བོའི་ནད་ལ་རྒྱུ་དང་རྐྱེན། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་བཞིར་བསྟན། །ཞེས་པས། རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཞིས་བསྟན་པའོ། །དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མ་གོམས་དྲིས་ཕོག་པ་ནི། སྔར་མ་གོམས་པའི་དྲིས་ཕོག་པའོ། །དེས་ཚ་བའི་དྲིས་ཕོག་ན་ཚ་བ་དང༌། བསིལ་དང་ངད་ཅན་དྲིས་ཕོག་ན་གྲང་ནད་འབྱུང་ངོ༌། །གཉིས་པ་ནི། དབྱེ་བ་ཞེས་རྐང་པ་ལྔས་བསྟན་ཏེ། གཙོ་བོའི་ནད། རླུང༌། མཁྲིས་པ། བད་ཀན། བད་མཁྲིས་ལྡན་པ། རླུང་མཁྲིས་ལྡན་པ། བད་རླུང་ལྡན་པ། མགོ་བོའི་སྲིན་དང་བརྒྱད། ཕལ་བ་ལ་རླུང༌། རྨེན་འབྲས། གློག་པ་ཅན། སྐྲ་བྱི། སྤྱི་ཐེར། སྐྲ་དཀར་དང་དྲུག་སྟེ་བཅུ་བཞིའོ། །གསུམ་པ་ལ་བཅུ་བཞི་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། གཉིས་པ་ནི་མཁྲིས་འགྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཁྲག་འགྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི་བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ།།

        ལྔ་པ་ནི་བད་མཁྲིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། བད་རླུང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བདུན་པ་ནི། རླུང་མཁྲིས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཕྱེད་གོང་བཀྲེས་དུས་ལྡང་ཞེས་པ་ལ། སྙིང་པོ་བསྡུས་པར། ཉི་མ་འཆར་བར་གྱུར་པ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་པ་ན་ནི་ལྷག་པར་ན། །གྲང་དང་དྲོ་ན་ངེས་པ་མེད། །དེ་ནི་ཉི་མར་ཁྲོ་ཞེས་བྱ། །ཞེས་འབྱུང་ངོ༌། །བརྒྱད་པ་ནི། མགོ་སྲིན་ཞེས་རྐང་པ་ལྔས་བསྟན་ནོ། །དཀར་ནག་གང་ཡིན་བརྟག་ནི། །འཁར་གོང་མེ་ལ་བསྲེགས་པའི་དམར་པོ་དེར་ནད་པའི་མཆིལ་མ་བཏབ་པས་གྲངས་ནས་ནག་པོར་སོང་ན་ཡ་མ་ནག་པོ། དེ་གར་སྣང་ན་དཀར་པོར་ཤེས་པར་བྱའོ། །དགུ་པ་ནི། ཕལ་བའི་ནད་མ་རླུང་ནི། མ་རླུང་ཞེས་རྐང་པ་གཅིག་བསྟན་ཏེ། སྦྲུམ་མའི་ཟས་སྤྱོད་ཀྱིས་མངལ་རླུང་བུ་ལ་ཤོར་དུས་བཙས་པའོ། །བཅུ་པ་ནི། དེ་བཞིན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་གཅིག་པ་ནི། སྲིན་ནད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་གཉིས་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་གསུམ་པ་ནི། ཀོར་ལེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་བཞི་པ་ནི། ལུས་དྲོད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། འདི་ལ་སྙིང་པོ་བསྡུས་པར། མྱ་ངན་ཁྲོ་དང་ཉལ་ལས་འབྱུང༌། །ལུས་ཀྱི་དྲོད་ནི་མགོ་ཞུགས་པས། །ནད་དེས་སྲས་ནི་བཅོས་ནས་ནི། །དེ་ལས་སྐྲ་དཀར་སྐྱེ་བར་འགྱུར། །ཅེས་འབྱུང་ཞིང༌། ཉམས་སུ་ལས་ཁ་དོག་སོགས་ཀྱང་རྒྱས་པར་བཤད་དོ། །བཞི་པ་བཅོས་ཐབས་ལའང་བཅུ་བཞི་ལས།

        དང་པོ་ནི། བཅོས་ཐབས་ཞེས་རྐང་པ་དགུས་བསྟན་ཏེ། རླུང་འཇོམས་སྨན་ནི། སྙིང་པོ་བསྡུས་པར། རླུང་འཇོམས་རྩ་བ་བཅུ་པ་ནི། ཞེས་འབྱུང་ལ། གསེར་མཆན་དུ་རྩ་བ་ལྔ་ཞེས་སྣང་ངོ༌། །རས་བལ་ས་བོན་ནི་རས་བྱེད་རྒྱུའི་ཤིང་བལ་གྱི་འབྲུ། ས་བོན་ནི་ལ་ཕུག་གི་ས་བོན་ཡིན་ནོ། །ཧོར་གྱི་མེ་བཙའ་ནི་ཕྱིང་བ་སྣུམ་ལ་བཙོས་པའི་དྲོད་ལྡན་གླན་པའོ། །སྡུད་སྒོ་གསུམ་ནི། འདིར་ལྟག་པའི་སྡུད་སྒོ། སྤྱི་གཙུག མཚོག་མའི་འདུས་སོ་གསུམ། གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་བཞི་ཡིས་བསྟན་ཏེ། བསིལ་བའི་སྐྱུག་འཁྲུས་ནི། བཤལ་སྐྱུགས་ཀྱི་སྨན་ལ། ཏིག་ཏ་གསེར་གྱི་མེ་ཏོག་སོགས་བསྣན་པའོ། །རྒྱ་སྤོས་ནི། སྔོ་རྒྱ་སྤོས་སོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། བད་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་ནི། བད་མཁྲིས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལོ་གྲངས་ཆུས་བྲན་ལོ་རེ་ལ་ཆུ་སྙིམ་པ་རེ་རེས་བྲན་པ་ལོ་གྲངས་བླུག སེ་འབྲུ་ཞེས་པ་གཡུ་ཐོག་པའི་ཕྱག་དྲེག་མ་དང༌། བླ་རྟ་བྱ་བ་རྣམས་མཐུན་པར་སེ་འབྲུ་བརྒྱད་པ་སྦྱོར་བར་བཞེད་དོ། །དྲུག་པ་ནི། བད་རླུང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བདུན་པ་ནི། རླུང་མཁྲིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་ནི། སྲིན་ལ་ཞེས་རྐང་བདུན་གྱིས་བསྟན་ཏེ། མི་དང་སེམས་ཅན་ནད་མེད་ཀྱི་གཏར་ཁྲག་དྲོན་མོ་སྣ་རུ་བླུག་པས་སྲིན་ར་རོ་བ་ལྟར་བརྒྱལ་བར་འགྱུར་རོ། །དེ་འཕྲལ་དུ་སྣ་སྨན་དུ་བ་རྔུབ་སོགས་ཀྱིས་ཞི་ཞིང་འབྱིན་པར་བྱའོ། །དགུ་པ་ནི། མ་རླུང་ཞེས་རྐང་པ་གཅིག་གིས་བསྟན་ཏོ། །བཅུ་པ་ནི། རྨེན་འབྲས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་གཅིག་པ་ནི། གློག་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཅུ་གཉིས་པ་དང་བཅུ་གསུམ་པ་ནི་སྤྱི་ཐེར་ཞེས་རྐང་པ་དགུས་བསྟན་ཏེ། སྦྱོངས་བྱ་བ་ནི་མགོ་བཤལ་བྱ་བའོ། །ཡང་ན་པདྨ་གེ་སར་སྐྱུ་རུ་ར། །ཤིང་མངར་ཏིལ་ནག་སྦྲང་དང་སྦྱར་བ་བྱུགས། །ཞེས་པ་ནི་སྐྲ་འཕྲལ་དུ་ནག་པོར་བསྒྱུར་བར་བཤད་དོ། །བཅུ་བཞི་པ་ནི། སྐྲ་དཀར་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། ལུག་རུའི་ཐལ་བ་ནི་ལུག་ཕོའི་རྭ་ནུས་ལྡན་བསྲེགས་པའོ། །སྟག་ཚེར་ནི་ཀ་ཀ་རིའོ། །གཞན་གོ་སླའོ་ཞེས་གསུངས་སོ། །གསུམ་པ་མཚན་ནི་བདུད་རྩི་ཞེས་པ་ནས་མགོ་ནད་གསོ་བའི་ལེའུ་ཉི་ཤུ་རྩ་བརྒྱད་པའོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།