སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བཞི་པ། འབྲུམ་པའི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཉེར་བཞི་པ། འབྲུམ་པའི་རིམས་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །འབྲུམ་བུའི་རིམས་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས།།

འབྲུམ་བུའི་རིམས་ལ་དང་པོ་རྒྱུ་དང་གཉིས་པ་རྐྱེན་ནི་རིམས་སྤྱི་དང་འདྲ་བ་ལ། །སྤྱི་དོན་གསུམ་པ་ངོ་བོ་ནི་རིམས་ཀྱིས་ཚ་བ་ཆུ་སེར་ལ་བབས་ནས་ལུས་ཀྱི་ཕྱི་ནང་སྟོད་སྨད་ཀུན་ལ་ཁྱབ་ཅིང་། །འབྲུམ་པ་རྣམས་རུས་པ་དང་རྐང་དང་ལྷ་བའི་གཏིང་ཐམས་ཅད་ནས་སྐྱེ་བར་བྱེད་ཅིང་ལུས་ཟུངས་ཐམས་ཅད་རྫོགས་པར་ཁྱབ་པས་མཐར་རྒྱུ་འོང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ།

སྤྱི་དོན་བཞི་བ་ཐོར་པའམ་འབྲུམ་བུ་འོང་ཕྱིར་མིང་ཡང་དེ་སྐད་དུ་བརྗོད། །སྤྱི་དོན་ལྔ་བ་དབྱེ་བ་ནག་པོ་དང་དཀར་པོ་རིགས་གཉིས་ཏེ། །དང་པོ་ནག་པོའི་རིགས་གསུམ་སྐྲངས་པ་གླང་གི་གཉའ་བ་ལྟ་བུ་ཅན་དང༌། །ཁྲག་སྐམ་རྩེལ་ཏེ་ཟངས་གཟེར་གཟེར་གྱི་དབྱིབས་ཅན་སྦུ་གུ་ཅན་དང་གསུམ། །དཀར་པོའི་རིགས་གསུམ་ཤ་ར་སྐྱ་ཤར་དང༌། །རྨོག་མགོ་སྤྱི་ཟླུམ་དང་སིབ་བུ་ཀོབ་ཙེ་འོ།།

སྤྱི་དོན་དྲུག་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་ཚིགས་གཞི་ན་ལ་གྲང་ཤུམ་བྱེད། །ལུས་སྤྱིར་སྙོམ་ལ་དང་ག་མི་བདེ་ཞིང༌། །ཁ་ཁ་ཟ་ཟི་འོང་ལ་སྒྱིད་པ་སྐྱུར། །ཁྱད་པར་མགོ་བོ་ན་ཞིང་གློ་སྙིང་བརྡུང༌། །ཤ་མདངས་དམར་ལ་མཐུག་ཅིང་ལུས་ཀུན་བརྩེ། །མཁྲིས་པ་སྐྱུག་ཅིང་རུས་རྐང་འཆག་སྙམ་སེམས། །དང་པོ་མ་སྨིན་མངོན་ཚུལ་དེ་ལྟར་འབྱུང༌། །བར་དུ་འབྲུམ་པ་ཕྱིར་ཐོན་བདེ་སྙམ་བྱེད། །གཉིས་པ་ཐ་མ་བྱེ་བྲག་རྟགས་ལ་དཀར་ནག་གཉིས་ལས། །དང་པོ་ནག་པོའི་རིགས་ལ་སྐྲངས་པ་གླང་གཉའ་ནི། །ཕྱི་རུ་མི་ཐོན་ཟུག་ཆེ་ལུས་ཀུན་སྐྲངས་ལེབ་མོ་འདབ་འབྲེལ་མའོ། །ཆུ་སེར་ནག་པོ་ཕལ་ཆེར་ཉེས་ཀུན་འདུས་ལས་བསྐྱེད། །ཁྲག་སྐམ་རྩེལ་ཏེ་རྣག་མེད་པར་ནག་ཐིག་བྱུང་ན་འཆི་ཤིག་ནི་དམར་ནག་མཐུག་པའོ། །ཟངས་གཟེར་སྦུ་གུ་ཅན་ནི་དཀྱིལ་དུ་ཀྱོང༌ཀོང་ཀོང་ཡོད་པ། །དེ་གཉིས་ཁྲག་དང་མཁྲིས་པ་ལས་གྱུར་ཡིན། །ཁྱད་པར་མགོ་ན་རྩ་ཆུ་ཕྱི་ཡུལ་ཚ་བར་འོང་། །གཉིས་པ་དཀར་པོའི་རིགས་ལ་རྨོག་མགོ་སྤྱི་ཟླུམ་ཆེ་ལ་འཆོལ། །ཤ་ར་སྐྱ་ཤར་དཀར་ལ་མཐུག་པ་སྟེ། །སིབ་བུ་ཀོབ་ཙེ་ཙམ་ཙེམ་མཐུག་ཀོབ་འབྱུང༌འགའ་ཞིག་འདི་ད་ལྟར་ཡོངས་གྲགས་ཀྱི་སིབ་བི་ཡིན་ཟེར་ཡང་མི་གཅིག་སྟེ་ཐོར་སིབ་གཅིག་ཀྱང་གཅིག་གི་ཐར་གོ་མི་ཆོད་པ་མངོན་གསུམ་དུ་གསལ་བས་སོ། །དཀར་པོ་གསུམ་བད་རླུང་ལས་གྱུར་ནད་ཟུག་ཆམ་པ་འདྲ། །ཚད་པའི་རྟགས་ཆུང་མ་ལོག་བཅོས་མི་དགོས།།

སྤྱི་དོན་བདུན་པ་དེ་དག་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་དང་པོ་མ་སྨིན་པའི་དུས་སུ་སྤུ་སྒོ་དབྱེ། །བར་དུ་ནད་རྒྱས་ཚ་བ་ཁོང་ནས་ཕྱིར་ལ་དབུལ། །འབྲུམ་བུ་ཁོང་ཤོར་ཕྱིར་དྲང་ཐ་མ་འབྲུམ་རྗེས་གསུབ་པ་དང་བཞིའོ། །དང་པོ་སྤུ་སྒོ་དབྱེ་བ་ནི་སླེ་ཏྲེས་འབྲས་བུ་ཨ་བར་སྐྱུར་གསུམ། །ཏིག་ཏ་བ་ཤ་ཀ་དང་ལི་ག་དུར། །བསྡུས་ཐང་དྲོན་མོ་ཕུལ་གང་ཉི་མ་ཕྱེད་ཙམ་ནས་བཏང༌། །སྨན་ཞུ་རྔུལ་གདོན་བལ་དང་ཕྱེ་ཡིས་ཕྱི། །སྤུ་སྒོ་ཕྱེད་པས་འབྲུམ་པ་ཕྱིར་མྱུར་སྐྱེ། །ནད་སྟོབས་ཆུང་ན་གཉིས་ཆེ་བ་རྣམས་ལ་གསུམ་མམ་བཞི་སོགས་ཐེངས་འགའ་བསྔགས། །འདི་དུས་དཔྱད་མཆོག་ཕྱི་ལ་འདྲེན་པས་རྔུལ་ལས་ལྷག་པ་མེད། །ཁ་ཟས་ཆག་ཚེ་ཕྱེ་ཐུག་འོ་མ་བཏབ་པ་དང༌། །འོ་ཟན་དར་གསར་ཆུ་སྐོལ་ཆབ་ཚ་བསྟེན། །ཉིན་མོ་དང་ནུབ་མི་གཉིས་ཀར་མ་ལུས་མི་བསེང་དྲོད་ལ་སྒོར། །གྲང་དང་བསེར་བུས་ཕོག་ན་འབྲུམ་པ་མི་སྐྱེས་པར་ནང་དུ་ལྡོག །ཤ་མར་བུ་རམ་བཅུད་ཤོར་འབྲུམ་པ་མི་སྐྱེ་དོན་ལ་འབབ། །གལ་ཏེ་ཤོར་ན་སྲན་ཁུ་སྲན་ཚོད་སྦྱིན། །དེ་རྗེས་ཐོར་པ་རྩེ་མོ་ཟུག་ཐོན་པ་དང་ཚ་བ་འཕུལ་ལ་ཐང་ཕྱེ་གཉིས། །དང་པོ་མེ་ཏོག་ལུག་མིག་ཆུང་བ་ཨ་ཞང་བཅའ་སྒ་ཡང་ཟེར་སྒོག་ཐོག་འདྲེན་མ་གང་ལུག་ཤོའི་ཨ་ཤོ་ཆུ་ཤོའམ་ཤོ་མང་དངོས་ཏེ་བྱ་ཕོ་ཤོ་མང་ཟེར་ཐང༌བཏང་། །གཡེར་མའི་ཤིང་དངོས་ཀྱི་ཐང་གཅིག་གིས་འབྲུམ་པ་ཕྱིར་ལ་འཕུལ། །གཉིས་པ་ཕྱེ་མས་ཚ་བ་འཕུལ་ལ་རྡོ་རྩི་གཉིས་ལས་། །རྩི་སྦྱོར་ཙན་དན་དཀར་པོ་གི་ཝཾ་ཨ་རུ་ར། །ཛཱ་ཏི་ཅུ་གང་གུར་ཀུམ་གླ་རྩི་དང༌། །བསེ་རུ་དཀར་པོ་ཀ་ར་སྦྱར་ལ་གང་ཆུས་དབུལ། །རྡོ་སྦྱོར་རྒྱལ་པོ་སྦལ་རྒྱབ་དཀར་སྨུག་གཉིས་ཆིག་ཐུབ་སྟེ་མདུང་རྩེ་དཀར་སྨུག་གཉིས་ཏེ་སྡེ་བཞི་དང་ལུགས་གཅིག་ལ་སྦལ་རྒྱབ་གངས་ཐིག་མདུང་རྩེ་ཅོང་ཞི་ཡང་ཟེར་མཚལ་དཀར་དང༌། །གླ་རྩི་ཚ་ལ་ཀར་སྦྱར་ཆང་གིས་དབུལ། །ཐུན་གྲངས་ཐུན་ཚད་ཚ་བ་ནད་སྟོབས་དཔག །རྩི་ཡིས་དོན་སྣོད་ཚ་བ་སེལ་བར་བྱེད། །རྡོ་ཡིས་ཆུ་སེར་སྐེམ་ཞིང་ཕྱིར་ལ་འཕུལ། །ནད་སྟོབས་ཆེ་ན་རྡོ་རྩི་ལྟག་སྤྲོད་མཆོག །འབྲུམ་བུ་མ་ཐོན་ལུས་སྐྲངས་གྲང་ཤུམ་བྱེད་ན་། །འབྲུམ་སྟོད་ནད་འབྲས་དང་ཤིང་མངར་འོ་མར་བསྐོལ་བ་བྱུག །གསུམ་པ་འབྲུམ་པ་སྐྱེ་འཕྲོ་གར་ལོག་པའི་ཐད་ཀ་ནང་དུ་དོན་སྣོད་ནང་དུ་ལོག་པའམ། །འབྲུམ་རྫོགས་ལྕི་བ་ལ་སེར་བ་བབས་པ་འདྲ་སླར་ལོག་ཁོང་ནས་ཕྱིར་དྲང་བ། །འཛིམ་པ་ནས་ཙམ་ཀར་སྦྱར་ཁོང་དུ་བཏང༌ལ་། །གོས་འདྲེན་མཐུག་པ་དང་རྔུལ་འདྲེན་ཞེས་སམ་རྔུལ་དབྱུང་དེ་རྗེས་རྡོ་རྩི་གང་རུང་ལ། །དངུལ་ཆུ་བཞི་དངུལ་ཆུ་མ་རྙེད་ན་མཚལ་དང་གོང་མའི་རྩེ་སྒྲོ་གང་རུ་གཏང་ནམ་བསྣན་ལ་ལྟག་པ་སྤྲད་དྲོ་ཆུང་ངམ་གཡེར་ཤིང་ཐང་གིས་དབུལ་ལོ། །ཐུན་བསྐྱེད་དྲུག་ཡར་སྔ་དྲོ་དགོང་མོ་བཏང་བས་དགུང་ཕྱིར་འཕུལ་བྱེད། །འབྲུམ་པ་རྫོགས་ནས་ཤི་བ་ཕལ་ཆེར་དུ་མེད་དོ། །བཞི་བ་ཐ་མར་ནད་འགོ་ཆོགས་ནས་རྗེས་བསུབ་པ། །འབྲུམ་པའི་ཤུ་བ་རྣག་ཅིང་རླན་ཆེ་ན། །ཤ་རུ་དང་ཕུར་མོང་དངོས་ཡོག་མོ་སྡོང་པོ་ཕུར་མོང་རྩམ་ལ་སོ་མ་སྐྱ་ཤུར་སྒོར་མོ་ཆུང་ངུ་མེ་ཏོག་སྔོ་ནག་ཅན་དེ་དང་རྩ་དྲེས་མའི་ཐལ་བ་དང༌། །ལྕི་བ་སེར་ཀའི་ཐལ་བ་བཏབ་པས་སྐེམ། །མཐིལ་བཞིར་ཐོན་དང་སྔོན་མ་ཕལ་ཆེར་སྐམས། །གཉིད་ཆུང་གཡལ་མང་ལུས་འདར་ཤེས་པ་ཡང༌། །རྩ་ཆུའི་ཚ་བ་བྲི་ནས་ཁ་ཟས་གློད། །ཞུན་མར་གསར་འཇམ་ཤ་གསར་མར་གསར་སྦྲང༌། །དང་པོ་བྲིད་ལ་ཐ་མར་ལྷུག་པར་བཏང༌། །ཆང་མང་ན་འབྲུམ་པ་རྣག་ཏུ་ཤོར་ཏེ་འབྲུམ་ཤུལ་ཟ་བས་ན། །ཁ་ངོམས་ཙམ་ལས་ཡོག་འཐུང་ན་སྤང་བར་བྱ། །འདི་མན་གྱིས་ཁ་ཟས་བཅུད་རིགས་བཟང་ན་བསྲོངས་སྐྲངས་པ་སྐྱེན་པས་རན་པར་བཏང་བར་བྱ། །གདོང་པའི་ཤུ་བ་གོགས་ནས་དྲི་ཆུས་བཀྲུ། །ར་ཕག་ཚིལ་བུ་ལས་གཞན་སྣུམ་རིགས་བྱུགས་མི་བྱ་ཚེར་སྔོན་སྦྱར་བ་བྱུག །གཉིས་པ་བྱེ་བྲག་བཅོས་པ་རིགས་དང་བབས་སྒོ་སྦྱར། །རིགས་ཀྱི་བཅོས་པ་སྐྲངས་པ་གླང་གཉའི་འབྲུམ་པ་ལ། །རི་དྭགས་བསེའི་ཀོ་བ་དང་གླང་མགོ་འབྱར་གྱི་གཉའ་བའི་ཀོ་བ་མེ་ནང་དུ་སེར་ཙམ་བསྲེགས། །སྲན་ཕྱེ་དང་བསྲེས་པ་སྤྱི་སྨན་རྡོ་རྩི་གང་རུང་དང་ལྟག་སྤྲད་སྐེམ། །སྐྲངས་པ་ཆེ་ན་གང་ཉེའི་རྩ་ལ་གཏར། །དུར་བྱིད་ཧོང་ལེན་སྤོས་དཀར་ར་དུག་པའི་མེ་ཏོག་གམ་པུས་པའི། །རིལ་བུ་བ་ཆུས་འཕུལ་བའི་བཤལ་གྱིས་སྦྱང་། །རྩེལ་ཏེ་ཤིག་དང་ཟངས་གཟེར་འདྲ་བ་ལ། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གླ་རྩི་ཕག་རིལ་ཁུ་བ་སྒྲུངས་པ་དང༌། །ར་ཁྲག་སྦྱར་བའི་སྐྱོ་མའི་ལྕག་མདའ་བཏང་བའམ། །ཏིག་ཏ་དུག་ཉུང་ཧོང་ལེན་བ་ཤ་ཀ །གོང་གི་རྩི་སྦྱོར་སྤྱི་ལ་བསྣན་པ་བཏང༌། །ཤིན་ཏུ་ཚ་བ་ཆེ་ན་ག་བུར་བསྣན། །ཤ་ར་སྐྱ་ཤར་དཀར་པོའི་རིགས་ལ་སེ་འབྲུ་སྐྱུ་རུ་རྡོ་སྦྱོར་བསྣན་དང་པོ་ཆང་གིས་དེ་ནས་ཆུ་བསྐོལ་གྱིས་དབུལ་ལོ། །ལུས་སྐྲངས་སྨན་གྱིས་མ་ཐོན་ཞག་མ་བདུན་ན་འཆི། །དམར་ཐིག་བྱུང་ན་འབྲུམ་པར་མ་སོང་ཞག་མ་ལྔ་ན་འཆི། །ནག་ལེབ་རྣག་ཏུ་མ་སོང་ཞག་མ་དགུ་ན་འཆི། །སྐྱ་ཤར་ཟས་བསྡམས་དྲགས་ན་འཆི་བ་ཡིན། །འབྲུམ་རྫོགས་སླར་ནང་དུ་ལོག་ནས་ལས་ཀྱིས་འཆི་ཞེས་བྱ། །གཉིས་པ་བབས་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །སྙིང་ལ་བབས་ན་སྨྱོ་འདར་དངངས་ཆུང་འབྱུང༌། །རྩི་སྦྱོར་སྤྱི་སྟེང་ག་བུར་བསྣན་ལ་བཏང༌། །མ་ཐུབ་སྨྱོ་ཞིང་སྡུག་གིས་འཚིག་ན་འཆི་བ་ཡིན། །གློར་བབས་གློ་མང་གཟེར་ཞིང་རྣག་ཏུ་འབྱུང༌། །སྲོ་ལོ་ཤིང་མངར་རྩི་སྦྱོར་ལ་བསྣན་བཏང་། །མ་ཐུབ་མིད་པ་འགགས་ན་འཆི་བ་ཡིན། །མཆིན་པར་བབས་ན་མིག་དམར་མཆིན་སྟེང་གཟེར། །ཡང་ན་དོམ་མཁྲིས་བྲག་ཞུན་ཁ་ཆེ་གུར་ཀུམ་བསྣན། །འཐེབས་ཀྱིན་ཁྲག་ཏུ་འཁྲུ་སྐྱུག་འཆི་བ་ཡིན། །རྒྱུ་མར་བབས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །བཙོད་དང་སྙ་ལོ་དུག་ཉུང་བསྣན་ལ་བཏང༌། །ཁྲག་ཏུ་འཁྲུ་ན་སྣོད་རྡོལ་འཆི་བ་ཡིན། །དེ་དག་ཀུན་གྱི་འདྲེད་དུ་གཉེན་པོ་དངུལ་གྲང་འདུལ་ཆུ་ཤིས། །མིག་ཏུ་བྱུང་ན་ག་བུར་གླ་རྩི་བྱུག །ཡང་ན་འོལ་མོ་སེ་དང་མིའི་ནུ་ཞོ་བྱུག །དོམ་མཁྲིས་ཏི་ཚ་སེར་པོ་སྐྱེར་ཁཎ་སྐྱེར་བའི་ཁཎྚདང་ར་གན་དུང༌། །མིའི་ནུ་ཞོ་སྦྱར་བྱུགས་མིག་རྣག་འཇབ་འཇིབ་ཕུག་རོན་སྒྲོ་ཡིས་བྱབ། །ག་བུར་གུར་ཀུམ་ཆུས་བཀྲུ་གྲོད་པའི་ནང་དུ་ཆུ་གྲང་གིས་བཀང་པས་བདུག །གྲེ་བར་བབས་ན་ཕྱེ་ཚོད་ཚན་མོས་ཡང་ཡང་བདུག །ཤུ་དག་རུ་རྟ་རྒྱ་ཚྭའི་ཕྱེ་མ་གདབ། །ཚར་བོང་མཁན་དམར་གྱི་རིགས་བོང་ཆུང་བའི་ཐང་བཏང་རྟ་སྦངས་ཁུ་བ་བཏུང༌། །མ་ཐུབ་ཀྱོང་བུས་བཞར་རྗེས་སྨན་ཤུ་དག་གམ་རྒྱམ་ཚའི་ཕྱེ་བཏབ། །ལྒང་པར་བབས་ན་རྒྱ་ཚྭ་རུ་རྟ་དང༌། །ཉི་དགའ་གླ་རྩི་བསྡུས་ཐང་བཏང་བར་བྱ། །རྒྱ་ཚྭ་གླ་རྩི་ཤུ་དག་རུ་རྟ་བཞི། །ཆུས་སྦྱར་གསང་བའི་སྣུམ་བྱུགས་གཅེའུས་ལྒང་པར་བསྐྱལ། །དེ་ལྟར་བཅོས་པ་ཡིས་གདུག་པ་འབྲུམ་པའི་ནད་འཇོམས་པར་བྱེད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྲུམ་པའི་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།