སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བཞི་པ། དཔྱད་ལྔ་པ་བྱུག་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་བཞི་པ། དཔྱད་ལྔ་པ་བྱུག་པ་བསྟན་པ།

ཉི་ཤུ་རྩ་གཉིས་པ་བྱུག་པ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས། ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། དཔྱད་ལྔའི་བཞི་པ་ལུམས་ཀྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། དཔྱད་ལྔ་སོགས་རྐང་པ་གཉིས་ཏེ། དཔྱད་ལྔའི་ཕྱི་མ་བྱུག་པའི་བཅོས་ཀ་ལ། རུང་བའི་མཚན་ཉིད། མི་རུང་བའི་མཚན་ཉིད། བྱ་ཐབས། ཕན་ཡོན་བསྟན་པ་དང་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རུང་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། བྱུག་པ་རུང་བ་ནི། ལུས་རྩུབ་པ་དང༌། ཁྲག་དང་ཁུ་བ་ཟད་པ། ལུས་སྟོབས་ཆུང་བ། རྒས་པ། མྱ་ངན་སེམས་ལས་ཆེས་པ། མིག་འགྲིབ་པ། གཉིད་མེད་པ། འབད་རྩོལ་ཆེན་པོའི་བྱ་བས་ལུས་ངལ་ཞིང་དུབ་པ་རྣམས་དང༌། ཁྱད་པར་རླུང་གི་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ་བ་དང༌། པགས་པའི་ནད་འབྲུམ་བུ་ཐོར་པ་སྐྲངས་པ་རྣམས་ལ་ལྡེ་གུ་བྱུག་པར་བྱ་བ་ཡིན་ནོ་ཞེས་སོ། །གཉིས་པ་མིང་རུང་བ་ནི། མ་ཞུ་སོགས་རྐང་པ་གཉིས་ཏེ། མི་རུང་བ་མ་ཞུ་བ་དང༌། བརླ་རེངས། དབྱིག་དུག །ཡི་ག་འཆུས་པ། དམུ་རྫིང༌། བད་ཀན་སྨུག་པོའི་ནད་རྣམས་ལ་སྣུམ་བྱུག་སྤང་ཞེས་པའོ།།

        གསུམ་པ་བྱ་ཐབས་ལ། མི་ཞུན་གྱི་བྱུག་པ་བྱ་ཐབས་དང་བཅས་ཏེ་རྒྱས་པར་བསྟན་པ། ལྷག་མ་ཞུན་མར་སོགས་བྱུག་པ་ཉེར་བདུན་བསྟན་པ་གཉིས། དང་པོ་ནི། བྱ་ཐབས་སོགས་ཚིགས་བཅད་གཅིག་སྟེ། བྱུག་པ་བྱ་བའི་ཐབས་ནི། སྡུད་སྒོ་དང་ཚིགས་པ་དྲུག་བདུན་རྐང་ལག་གི་མཐིལ་བཞི་ལ་མིའི་ཚིལ་རྐང་སོགས་ཞུན་ཆེན་བྱུགས་ལ་མཉེ་ཞིང་ཕུར་ཏེ་སྐམས་ནས་ཕྱེ་ཡིས་ཕྱི་བ་དང༌། དེས་ནི་སྙིང་རླུང༌། འདྲེ་ཆགས་པ་ཞེས་ལུས་ལ་དོན་མེད་ན་བ་དང༌། ཟ་ཕྲུག་དང་ཐོར་པའི་རིགས། འབྲས་ཚད་རྣམས་འཇོམས་པར་བྱེད་ཅིང༌། བསྐུ་མཉེ་ཀུན་ལ་བྱུག་མཉེ་ཕྱི་གསུམ་དེ་ལྟར་ཤེས་པར་གྱིས་ཤིག །ཅེས་པ་ཡིན་ལ། དྲིལ་ཕྱིའི་ཕན་ཡོན་བརྒྱད་པར། དྲིལ་ཕྱིས་བད་ཀན་སེལ་བ་དང༌། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང༌། །ཡན་ལག་བརྟན་པར་བྱེད་པ་དང༌། །པགས་མདོག་གསལ་བར་བྱེད་པའི་མཆོག །ཅེས་དང༌། བཤད་རྒྱུད་ལས། དྲིལ་ཕྱིས་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །པགས་གསལ་ཡན་ལག་བརྟན་པར་བྱེད་པའི་མཆོག །ཅེས་གསུངས་པས་སྲན་ཕྱེ་ལ་སོགས་པའི་དྲིལ་ཕྱིས་བྱའོ། །དེ་ལྟར་མ་བྱས་ན་བྱུག་པས་རླུང་འཇོམས་ཀྱང༌། མ་ཕྱིས་ན་བད་ཀན་འཕེལ་ཞིང༌། དེ་ཡང་རྩམ་པས་མ་ཕྱིས་ན་བད་རླུང་བསྐྱེད། །ཅེས་ཀྱང་གསུང༌། འདིར་རུས་ཞུན་བཟོ་ཚུལ་ནི། སར་དོང་བྲུས་པའི་ནང་དུ་ཞུན་བཟེད་སྣོད་ཀྱི་རྫ་མ་ཁ་གྱེན་ལ་བཅུག རྫ་གཞན་ཞིག་གི་མཐིལ་དུ་ཞུན་འཛག་པའི་བུག་པ་བྱ་མིག་ཙམ་མང་དུ་བྱས་པའི་ནང་དུ་རུས་རྙིང་ཚོན་པོ་ཁྲམ་ཁྲུམ་བརྡུངས་པ་བླུག་ལ་ཁ་དམ་པར་བཅད་བཟེད་སྣོད་ས་འོག་དང་རུས་པའི་སྣོད་ས་སྟེང་དུ་འོང་བར་བྱས་ཏེ་རྫ་ཉིས་བརྩེགས་ལ་བར་མཚམས་འདག་པས་བཅད་དེ། ཕྱོགས་ཀུན་ནས་མེ་ཆུང་ཡུང་བསྲིངས་ལ་བཏང་བས་རུས་ཞུན་འབྱུང་བར་འགྱུར་རོ། །ཚུ་འདིས་ཙན་དན་མར་ཁུ་དང་བདུད་རྩི་མར་ཁུ་དང་བཅུད་བསྡུས་མར་ཁུ་སོགས་མར་ཁུ་བཟོ་དགོས་ཀྱི་རིགས་ཀུན་ཀྱང་འགྲུབ་པ་ཡིན་ནོ། །ཞེས་སོ།།

        གཉིས་པ་ནི། འབྲུ་མར་དེ་བཞིན་ཞེས་པ་ནས། ཟ་འཕྲུག་སེལ་ཞེས་པའི་བར་ཚིགས་བཅད་བཅུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འབྲུ་མར་གྱི་བྱུག་པ་ནི་ཆོ་ག་དེ་བཞིན་དུ་བྱས་པས་གཉིད་མེད་ཀྱི་རླུང་འཇོམས་པ་དང༌། བློ་རྣོ་ཞིང་དྲན་པ་གསལ་བར་འདོད་པས་རྩི་མར་གསར་འཇམ་གྱི་ཞུན་མར་བྱུག་ཅིང༌། སྨྱོ་འབོག་དང་བརྒྱལ་བའི་ནད་ཅན་ལ་ལོ་མར་རྙིང་པ་བྱུག་པ་དང༌། ཆུ་སེར་ཟ་འཕྲུག་ལ་རྟ་རྐྱང་བོང་བུའི་ཚིལ་བུ་བྱུག་པ་དང༌། མཁལ་མ་གུད་ཅིང་ཉམ་ཆུང་བས་ས་བོན་འཛག་པ་ལ། སྲམ་མམ་ད་བྱིད་ཀྱི་ཚིལ་བུ་རྐེད་པའི་ཚིགས་ལ་བྱུག་པ་དང༌། ཤིག་དང་སྲོ་མ་མང་བ་ལ་ཤ་བའི་ཚིལ་བུ་བྱུག་པ་དང༌། ཁྱིས་རྨུགས་པའི་རྨ་རེད་པ་སྟེ་ནད་གཞན་དང་བསྡོངས་ནས་དྲག་ཏུ་མི་འདོད་པ་ལ་ཁྱིའི་ཚིལ་བུ་བྱུག་པ་དང༌། གླང་གཉའ་དང་ཤུ་ཕ་པགས་མདོག་སྐྱ་བོ་སེང་སེང་པོ་ལ་གཞིགས་ན་འབྲུམ་ཆུང་སྐྱ་སོབ་ཡོད་པ་ལ་ཕག་ཚིལ་དང་མུ་ཟི་ནག་པོ་བྱུག་པ་དང༌། གདོང་པའི་འབྲུམ་ཤུལ་མེད་པར་བྱེད་ན་ར་ཚིལ་དང་འབྲི་མོག་བྱུག་པ་དང༌། ཤུ་བ་རྨ་རྒན་ལ་ཙན་དན་མར་ཁུ་ཚུལ་བཞིན་བཟོས་པ་བྱུག་པ་དང༌། མིག་འགྲིབ་པ་ལ་བྱ་རྒོད་དང་ཕག་པའི་ཚིལ་བུའམ། འབྲི་མར་གོ་སྙོད་སྦྱར་བ་རྐང་མཐིལ་དུ་བྱུག་པ་དང༌། རླུང་ནད་རུས་པར་ཞུགས་པའི་གཏིང་ནས་ལྷང་ལྷང་ན་བ་ལ་བཅའ་སྒ་འབྲུ་མར་དང་སྦྱར་བའི་བྱུག་པ་བྱ་བ་དང༌། ཚ་བས་གཉིད་མེད་ན་གླ་རྩི་དང་མར་དཀར་སྦྱར་པ་མགོ་ལུས་གཉིས་ཀར་བྱུག་པ་དང༌། ཡང་སྡེ་གུ་མུ་ཟི་སེར་ནག ར་དུག་པ། མི་ཁྱིའུ་བྲུན། ཤུ་དག་ནག་པོ། ར་གང་བྱུང་གི་གཞོབ་དྲི་ཆུ་དང་སྦྱར་བའི་བྱུག་པས་ལྷོག་པ་འཇོམས་པ་དང༌། མུ་ཟི་སེར་པོ། ལན་ཚྭ། ཕབས། དུ་བ་རལ་པ་རྣམས་མར་རྙིང་དང་སྦྱར་བའི་ལྡེ་གུ་བྱུགས་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་སེལ་བར་བྱེད་པ་དང༌། བྱི་བྲུན། གསེར་རྡོ་སྟེ་མཐིང་ཆགས་པའི་རྡོ། མིའི་ནུ་ཞོ་དང་སྦྱར་བའི་བྱུག་པས་རྣག་སྣ་འདྲེན་པ་དང༌། རྣག་མེད་པའི་སྐྲངས་པའི་ཟུག་གཟེར་གཅོག་པར་བྱེད་ཅིང༌། སྲད་དཀར་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང༌། རྟ་བོང་གི་འོ་མ་སྦྱར་བས་རྨ་རྒན་རྣག་འཛག་འབྲས་ཐབས་སུ་སོང་བ་སེལ་ཞིང༌། ཏིལ་དཀར་ནག་གི་ཕྱེ་མ་ཆུ་ཁུར་བཏབ་པ་བསྐོལ་ཏེ་བྱུགས་པས་དྲེག་ནད་སེལ་བ་དང༌། ཤུ་དག་ནག་པོ་སོ་མ་ར་ཙ། འབྲས་བུ་གསུམ། སླེ་ཏྲེས། བའི་ལྕི་བ། ས་སྨྱག་གམ་ཀོ་མོག་སྐམས་ཤུལ་གྱི་ས་རྩིའི་བྱུག་པས་ཚ་སྐྲངས་སེལ་བ་དང༌། ཁང་པར་ཆགས་པའི་དུད་པ། ཡུང་བ་སེར་པོ། སྐྱེར་པ། རུ་རྟ། དུག་མོ་ཉུང༌། དར་བ་དང་སྦྱར་བའི་བྱུག་པས་ཤུ་ཐོར། གདོང་པའི་ངོ་ཁབ། ཁྱེ་མ། པགས་ནད་རྣམས་སེལ་བ་དང༌། ཡུངས་ཀར། ཤུ་དག་ནག་པོ། རྒྱམ་ཚྭ། སེང་ཕྲོམ་རྣམས་གདོང་བཀྲུས་ནས་བྱུགས་པས་ངོ་ཁབ་ཁྱེ་མ། འབྲུམ་ཐོར་ཐམས་ཅད་སེལ་བ་དང༌། འོམ་བུ། ཨ་རུ་ར་དྲི་ཆུ་སྦྱར་བའི་བྱུག་པས་དུག་ནད་ཀྱི་ཡན་ལག་སྐྲངས་པ་སེལ་བར་བྱེད་པ་དང༌། ཙན་དན་དཀར་དམར་ཀྱི་ལྕེ་ཧོང་ལེན་གངས་ཆུ་དང་སྦྱར་བའི་བྱུག་པས་ཁྲག་གཟེར་པགས་ནད་ཀྱི་རིགས་ཚ་བ་དང་གཉན་མེ་དབལ་སེལ་བར་བྱེད་པ་དང༌། སྐྱུ་རུ་ར། ཨུཏྤལ་སྔོན་པོ་མར་གསར་དང་སྦྱར་བ་ལུས་ཀུན་ལ་བྱུགས་པས་རྡུལ་བ་མི་སྐམས་པར་འབྱམས་པ་དང༌། རིམས་ནད་ཚ་བ་ཕྱིར་ཤོར་བ་སེལ་བ་དང༌། དུད་པ། རུ་རྟ། ཆུ་རྩ། རེ་ལྕག་རྣམས་ཀྱི་ཐལ་བ། ལན་ཚྭ། ཕབས་ཟོ་མར་དང་སྦྱར་བ་བྱུགས་པས་ལྐོག་ཤུ་ཟ་འཕྲུག་སེལ་བ་དང༌། སྦྲུལ་ནག་ལྷོ་མོན་ནས་བྱུང་བའི་པགས་པ་དུ་བ་མ་ཤོར་བར་བསྲེགས་པ་དང༌། ཕག་ཚིལ་སྦྱར་ཏེ་བྱུགས་པས་ཤ་བཀྲ་བལ་ལྡག་སོགས་པགས་ནད་སེལ་བ་དང༌། སྔོན་བུ་དང༌། སྲུབ་ཀ་ཞོ་དང་སྦྱར་ཏེ་བྱུགས་པས་ཟ་འཕྲུག་སེལ་བར་བྱེད་པ་ཡིན་ནོ། །བཞི་པ་ཕན་ཡོན་ནི། བྱུག་པའི་སོགས་རྐང་པ་གཅིག་སྟེ། དེ་ལྟར་བྱུག་པའི་ཕན་ཡོན་ནི། ནང་གསེས་སོ་སོ་ནས་བཤད་པ་བཞིན་དང༌། སྤྱིར་ནི་ཚེ་རིང་ཞིང་དབང་པོ་གསལ་བར་འགྱུར་རོ་ཞེས་སོ།།

        གསུམ་པ་ལེའུའི་མཚན་སྨོས་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་མཆོག་ལྔ་པ་བྱུག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།