ལེའུ་ཉེར་བཞི་པ། ཉེས་པ་དངོས་སྟོན་བརྟག་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011 |
བཤད་རྒྱུད། >> ལེའུ་ཉེར་བཞི་པ། ཉེས་པ་དངོས་སྟོན་བརྟག་པ། |
ལེའུ་ཉེར་བཞི་པ། ཉེས་པ་དངོས་སུ་སྟོན་པ་བརྟག་པ།
གནས་བརྒྱད་པ་གསུངས་ཚར་བའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཞེས་སྙན་པའི་གདངས་དང་བཅས་པས་མཚན་ནས་བོས་ཏེ། སྔར་བཤད་པའི་རྒྱུད་ལ་གནས་བཅུ་གཅིག་ཡོད་པར་གསུངས་པའི་ནང་ནས་ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བ་ལ་བདག་ཅག་རྣམས་ཅི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་གུས་པ་དང་བཅས་ཏེ་ཞུས་པ་ལས་ཞེས་པའོ། །དེ་ལྟར་ཞུས་པའི་ལན་དུ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་པ་ཡིན་ཏེ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ནས་དོན་དངོས་ནི།
ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བ་ལ་བསླབ་པའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་མེ་དང་དུ་བ་ཇི་བཞིན་དུ་ཞེས་པ་སྟེ་མེ་མེད་ན་དུ་བ་མི་འབྱུང་བའམ། དུ་བའི་རྟགས་ཀྱི་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་ནུས་པ་མེད་ན་མི་འབྱུང་གི་འབྲེལ་བ་ལས་ཤེས་པ་ཡིན་ལ། དེ་ཡང་མེ་དང་འདྲ་བའི་ནད་ཀྱི་ངོས་ནི་དུ་བ་དང་འདྲ་བ་རང་ཉིད་ཀྱི་རྟགས་ལ་བརྟེན་ནས་བཟུང་བར་བྱའོ། །རྒྱུ་མཚན་དེའི་ཕྱིར་འོག་ནས་འཆད་པའི་བརྟག་ཐབས་དེ་ལྟ་བུ་མེད་པའི་སྨན་པ་རྣམས་ཀྱིས་ནི་ནད་རང་རང་གིས་གསལ་བར་བསྟན་པས་རྟགས་འཁྲུལ་མེད་ཉིད་ཀྱང་རྟགས་དེ་ལྟ་བུ་ཡིན་པར་མི་ཤེས་ཏེ། ཅིའི་ཕྱིར་ཞེ་ན་མེ་འདོད་པའི་སྐྱེས་བུ་འགའ་ཞིག་གིས་དུ་བ་མཐོང་དུ་ཟིན་ཀྱང་ཆུ་ཚན་གྱི་རླངས་པའམ་དབྱར་དུས་ཀྱི་རླངས་ཡིན་པ་ལྟར་འཁྲུལ་ནས་མེའི་འབྲས་བུ་མཐོངཡང་མེ་མི་རྙེད་པ་དང་འདྲ་ལ། ཡང་ནི་དབྱར་དུས་སྤྲིན་གྱི་ཁ་དོག་དལ་བྲེལ་སོགས་ཀྱི་ཤེས་བྱེད་གང་ཡང་མེད་པར་སྤྲིན་འདུས་པ་ཙམ་ལས་དེ་རིང་ངེས་པར་ཆར་འབྱུང་བར་འགྱུར་རོ་ཞེས་ཟེར་བ་ལྟར། ལྟར་སྣང་གི་ནད་རྟགས་མ་ངེས་པ་རེ་ལ་འདི་ནི་ནད་འདིའི་རྟགས་ཡང་དག་པ་ཡིན་ནོ་ཞེས་ཡིད་ཆེས་སུ་བྱེད་པ་དག་ཀྱང་ཡོད་པ་དེའི་ཕྱིར་ལྟར་སྣང་དང་ཅལ་སྒྲོག་ཙམ་མ་ཡིན་པའི་ངོས་འཛིན་ཚུལ་འཁྲུལ་པ་མེད་པའི་བརྟག་ཐབས་མན་ངག་དང་བཅས་པ་འདི་ལྟར་གསོ་བ་པོར་ཁས་འཆེ་བ་ཀུན་ལ་གཅེས་པ་ཡིན་ཏེ། དེ་ཡང་ཁ་དམར་གདགས་པ་སྟེ་ནད་པ་ལ་ལུང་སྟོན་པ་དང་ནད་བཅོས་པ་ལ་མི་དགོས་ཀ་མེད་ཡིན་པའི་ཕྱིར་ཉེས་པ་རླུང་སོགས་དངོས་སུ་སྟོན་པའི་སྒོ་ནས་བརྟག་པ་དང༌། དེ་བཞིན་དུ་སྐྱེ་བོ་ཀུན་གྱིས་སྨན་པ་འདི་ནི་ཤིན་ཏུ་མཁས་པ་ཞིག་གོ་ཞེས་ཟེར་ཞིང་ཡིད་ཆེས་པའམ། དགའ་མགུ་རངས་པར་བྱ་བའི་ཕྱིར་སྒྱུ་ཐབས་སམ་ངན་གཡོ་སྐྱོན་ཅན་གྱི་སྒོ་ནས་བརྟག་པ་དང༌། ནད་པ་གསོ་བ་ལ་འཇུག་པའི་ཚེ་བླང་དོར་ཤེས་པར་བྱ་བའི་ཕྱིར་སྤང་བླང་མུ་བཞིར་ཕྱེ་ནས་བརྟག་པ་དང་རྣམ་པ་གསུམ་དུ་ཤེས་པར་བྱའོ།།
བརྟག་ཐབས་གསུམ་གྱི་ནང་ནས་ཉེས་པ་དངོས་སུ་སྟོན་པའི་བརྟག་པ་ལའང་ནད་སློང་བར་བྱེད་པའི་རྒྱུའི་སྒོ་ནས་བརྟག་པ་དང༌། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། སྔར་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པའོ།།
ཐོག་མར་ནད་གང་ཡང་ངོས་འཛིན་པ་ལ་ཞུགས་པ་དེའི་ཚེ་ནད་སློང་བའི་རྒྱུ་རྐྱེན་དུ་གྱུར་པ་ཟས་སྐོམ་དང་སྤྱོད་ལམ་རྣམས་རིམ་པ་བཞིན་གང་དང་ཅི་ལྟ་བུ་ཟོས་ཤིང་འཐུངས། ཉལ་འདུག་འགྲོ་འཆག་གང་དང་ཅི་ལྟ་བུ་བྱས་ཞེས་རྩ་བའི་རྒྱུད་དུ། དྲི་བ་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ལེགས་པར་དྲིས་པས་ཀྱང་ནད་ཀུན་ཚུལ་བཞིན་རྟོགས་པར་ནུས་ལ། ཁྱད་པར་དུ་སློང་བའི་རྐྱེན་དུས་དང་དབང་པོ་དམན་ལྷག་ལོག་པ་སོགས་གོང་དུ་ནད་ཀྱི་རྐྱེན་བསྟན་པའི་སྐབས་དང་བསྟུན་ནས་དྲིས་པ་ཉིད་ཀྱིས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྐྱེན་དེ་ལས་སྐྱེས་པའི་འབྲས་བུ་ནད་རྟགས་འགལ་བར་འབྱུང་བ་མི་སྲིད་དེ། དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་དོན་གྱིས་སོ།།
མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དེ་ལའང་གང་བརྟག་པའི་གཞི་དང༌། གང་ལ་བརྟག་པའི་ཡུལ་དང༌། གང་དུ་བརྟག་པའི་སྒོ་དང༌། ཇི་ལྟར་བརྟག་པའི་ཚུལ་དང་རྣམ་པ་བཞི་ཡོད་དོ། །གང་བརྟག་པའི་ནད་གཞི་ནི་རྣམ་པར་གྱུར་པའི་ནད་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཡིན་ལ། དེ་ཡང་རང་རང་གི་མཚན་ཉིད་དང་འཕེལ་ཟད་གསོག་ལྡང་འཁྲུག་པ་སོགས་འཕེལ་འགྲིབ་ནད་ཀྱི་གནས་སུ་བཤད་པ་རྣམས་ཀྱིས་ནད་རྟགས་སོ་སོར་མ་འདྲེས་པར་མང་དུ་ཕྱེ་ཞིང་དོན་ཐོག་ཏུ། ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད། །ཅེས་པ་ལྟར་ཚ་བ་དང་གྲང་བའི་རྟགས་རྣམ་པ་གཉིས་སུ་ཧྲིལ་གྱིས་དྲིལ་ལ་བརྟག་པར་བྱའོ། །ནད་གང་ལ་བརྟག་པའི་ཡུལ་ནི་དབང་པོ་ལྔ་དང་དེའི་ཡུལ་ལྔ་དང་དྲི་མ་ལྔ་སྟེ་བཅོ་ལྔའོ། །དེ་ཡང་གང་ཞེ་ན། དབང་པོ་ནི་ནད་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ལྔ། ཡུལ་ནི་ནད་པའི་དབང་པོ་དེ་རྣམས་ཀྱི་ཡུལ་རིམ་པ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ། དྲི་མ་ནི་ནད་པའི་ལུད་པ་དང་འཁྲུ་བ་དང་སྐྱུག་པ་དང་དྲི་ཆུ་དང་ཁྲག་དང་ལྔ་ལ་བལྟ་རེག་དྲི་བའི་སྒོ་ནས་བརྟག་པའོ། །ནད་གང་དུ་བརྟག་པའི་སྒོ་ནི་ངད་ཅན་གྲང་བ་ལ་སོགས་པའི་ཡུལ་དང༌། དབྱར་ལ་སོགས་པའི་དུས་དང༌། རླུང་གི་མི་ལ་སོགས་པའི་རང་བཞིན་དང༌། རྒས་པ་ལ་སོགས་པའི་ན་ཚོད་དང༌། ཐོ་རངས་ལ་སོགས་པའི་ཉིན་ཞག་དང༌། བཀྲེས་དུས་སོགས་ཟས་ཟོས་མ་ཟོས་དང༌། དཔྱི་རྐེད་ལ་སོགས་པའི་ནད་ཀྱི་གནས་ཏེ་དེ་རྣམས་ཕན་ཚུན་སྒོ་བསྟུན་ནས་ལེགས་པར་བརྟགས་པ་ལས་ཡུལ་དུས་སོགས་མཐའ་དག་མཚུངས་ན་རྐྱང་པའི་ནད་གསུམ་པོ་གང་རུང་ཡིན་ཞིང༌། འདྲེས་ན་ལྡན་འདུས་ཡིན་པ་ལྟ་བུ་མ་འཁྲུལ་བར་རྟོགས་ནུས་པ་ཡིན་ནོ། །ནད་ཇི་ལྟར་བརྟགས་པའི་ཚུལ་ལ་མིག་གིས་བལྟ་བ་དང༌། སོར་མོས་རེག་པ་དང༌། དྲི་བའི་སྒོ་ནས་བརྟག་པ་སྟེ་རྣམ་པ་གསུམ་མོ། །བལྟ་བའི་སྒོ་ནས་ནད་ངོས་འཛིན་པ་ནི་སྨན་པའི་མིག་གི་ཡུལ་དུ་གྱུར་པའི་བརྟག་པ་ཐམས་ཅད་དེ་ནད་པའི་ལུས་བོངས་ཆེ་ཆུང་དང་དབྱིབས་ཁ་དོག་སོགས་ཀུན་ལ་བརྟག་པར་བྱ་ཞིང༌། ཁྱད་པར་དུ་ལྕེ་དང་དྲི་ཆུ་ལ་བརྟག་པར་བྱ་བ་འདི་ལྟ་བུ་ནི་མངོན་སུམ་དུ་མཐོང་བ་ཡུལ་གྱི་སྒོ་ནས་རིག་པའི་བརྟག་པ་ཞེས་བྱ་བ་ཡིན་ནོ། །སྨན་པའི་ལག་པས་རེག་པའི་སྒོ་ནས་ནད་ངོས་འཛིན་པ་ནི་ལུས་ཀྱི་ཡུལ་ཏེ་རེག་བྱ་ཚ་གྲང་འབུར་འཇམ་སོགས་ལ་བརྟག་ཅིང་ཁྱད་པར་དུ་ནད་དང་སྨན་པ་གཉིས་བརྡ་སྦྱོར་བའི་ཕྲིན་བསྲིང་བ་པོ་ལྟ་བུའི་རྩ་ལ་བརྟག་པར་བྱེད་པ་འདི་ནི་ཤེས་རབ་ཀྱི་དཔྱོད་པ་ཟབ་མོས་ལྐོག་གྱུར་གྱི་དོན་རིག་པའི་བརྟག་པ་ཞེས་བྱ་བ་ཡིན་ནོ། །སྨན་པའི་ངག་གི་དྲི་བའི་སྒོ་ནས་བརྟག་པ་ནི་རྣ་བའི་ཡུལ་དུ་གྱུར་པའི་ཚིག་ཀུན་ཡིན་ཏེ། དེ་ཡང་ཅི་ལྟར་ཞེ་ན། རྐྱེན་གང་གིས་ན། ན་ལུགས་གང་ལྟར་ན། ལུས་ཀྱི་གནས་གང་ན་ན། རི་ཀླུང་སོགས་གང་དུ་ན། སྔ་ཕྱི་གང་གི་ཚེ་ན་ན་ཞེས་འདྲི་ཞིང་ཁྱད་པར་དུ་ནད་ཀྱི་རྒྱུའི་རྐྱེན་དང་གནས་དང་མཚན་ཉིད་ཞིབ་ཏུ་དྲིས་ལ་བརྟག་གོ། །དེ་ཡང་རྒྱུ་རྐྱེན་གང་གིས་བསླང་ཞེས་དྲིས་པ་ལས་ཉེས་པ་གསུམ་པོ་གང་ཡིན་ཤེས་ཤིང༌། དེ་བཞིན་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་སོགས་གནས་གང་ན་ན་ཞེས་དྲིས་པ་ལས་འཇུག་པའི་སྒོ་དྲུག་པོ་གང་ཡིན་ཤེས་ལ། རྩུབ་ཅིང་ཡང་བ་སོགས་མཚན་ཉིད་ཀྱི་སྒོ་ནས་དྲིས་པ་ལས་ནད་རིགས་ཕྲ་མོའི་བྱེ་བྲག་དང་བཅས་པ་མ་འདྲེས་ཤིང་ཕྱེད་པར་འགྱུར་བ་དེའི་ཕྱིར་ན་བརྟག་པ་ཀུན་ལ་དྲི་བ་ཉིད་གཅེས་ཤིང་མཆོག་ཏུ་གྱུར་པ་འདི་ལྟ་བུ་ནི་ཐོས་པ་སྒྲ་རིག་གི་བརྟག་པ་ཞེས་སུ་བཤད་པ་ཡིན་ནོ།།
གང་ལ་ཕན་པ་དང་གནོད་པ་བསྟེན་པའི་སྒོ་ནས་བརྟག་པ་ནི་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དེ་རྣམ་པ་བཞིའི་སྒོ་ནས་ངེས་པར་བྱ་དགོས་པ་ལས། དེ་བཞི་པོ་ཡང་སྔར་བསྟེན་པ་དང་ད་ལྟ་བསྟེན་བཞིན་པའི་ནང་ནས་ནད་སློང་བའི་རྒྱུར་གྱུར་པ་དེ་དང་ནད་ཀྱི་ངོ་བོ་གཉིས་པོ་ཕན་ཚུན་མཚན་ཉིད་མཐུན་ནམ་མི་མཐུན་དང༌། སླད་ནས་ཀྱང་དེ་གཉིས་འཕྲོད་དམ་མི་འཕྲོད་སོགས་ཞིབ་ཏུ་བརྟགས་ཤིང་དཔྱད་པ་ལས་ཀྱང་ནད་རིགས་ཀུན་འཁྲུལ་མེད་དུ་ཤེས་པར་འགྱུར་ལ། དེ་ཡང་ཐེ་ཚོམ་དང་ཕྱོགས་ཙམ་གྱི་རྟགས་ལྟར་སྣང་བ་ཙམ་མ་ཡིན་པར་ལན་མང་པོ་ངེས་ཤེས་མ་འདྲོངས་ཀྱི་བར་དུ་བསྲིངས་པས་རྟོགས་པར་འགྱུར་བ་ཡིན་ཏེ་དེ་ལྟ་བུའི་ཚེ་ན་སྨན་པས་ནད་ཀྱི་ཉམས་རྙེད་ནས་ནད་པའི་གསོ་དོན་བདེ་བླག་ཏུ་ཤེས་པ་ཡིན་ནོ་ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཉེས་པ་དངོས་སུ་སྟོན་པ་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།
མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:21 AM
<< སྔ་མ།