ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022 |
ཕྱི་མ་རྒྱུད། >> ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ། |
ལེའུ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དང་པོ་ནད་ཤུགས་མ་རྫོགས་མངོན་ཚུལ་དུས། །གསོ་བ་བྱས་ཀྱང་ལམ་ནས་མི་ཟློག་ཅིང༌། །བར་དུ་ནད་རྒྱས་གཉེན་པོས་འཕྲལ་མི་ཆོམས། །ཐ་མར་ཡན་ལག་བཅུ་གཉིས་ལྡན་གྱུར་ཀྱང༌། །ནད་ལས་མི་གྲོལ་སྲོག་ནི་ཟད་པར་སྣང༌། །གཞན་དག་དེ་ལས་གོ་ལྡོག་འགྱུར་བའི་ཕྱིར། །གསོ་རིག་སྨན་གྱི་དགོས་པ་ཅི་ཞིག་བྱ། །འཚོ་མཛད་སྨན་པའི་རྒྱལ་པོས་ཐེ་ཚོམ་སོལ། །ཞེས་ཞུས་པ་ལས། སྟོན་པ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དྲང་སྲོང་ཆེན་པོ་དེ་ལ་རྟོག་མི་འཚལ། །ནད་ལ་བཞི་བརྒྱ་རྩ་བཞིར་གྲགས་པ་ལ། །བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །མ་བཅོས་རང་གར་བཞག་པས་འཚོ་བ་ཡོད། །འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། །དཔེར་ན་འགྱེལ་བུབ་ལག་ནས་འཐེན་པ་འདྲ། །དང་པོ་མངོན་ཚུལ་ཆེ་བར་བྱུང་གྱུར་ཀྱང༌། །མ་བཅོས་རང་གར་ལམ་ནས་བཟློག་པ་ཡོད། །དཔེར་ན་མཁའ་ལ་སྤྲིན་འཐིབས་ཆར་འབབ་པ། །གློ་བུར་སངས་ནས་ཐན་པར་འགྱུར་བ་འདྲ། །བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ༌། །བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེ་ཡི་ནད། །མ་བཅོས་འཆི་ལ་བཅོས་ན་འཚོ་བ་ཡོད། །དེ་ཡང་དང་པོ་བར་དང་ཐ་མ་གསུམ། །ཚ་བའི་མངོན་ཚུལ་ལམ་ནས་མི་ཟློག་པ། །གཉེན་པོ་གྲོགས་ཀྱིས་ལེན་དུ་མི་སྟེར་ཕྱིར། །སྟོབས་ཆུང་གྲོགས་མེད་གསར་དུས་མི་ཟློག་མེད། །བར་དུ་ནད་རྒྱས་གཉེན་པོས་ཆོམས་པ་དཀའ། །དཔེར་ན་ཤྭ་ཡི་གདོང་དུ་རགས་བརྩིགས་པ། །ཞར་ལ་ཁྱེར་ཡང་ཞར་ལ་བསྣན་པ་ཡིས། །ཆུ་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང༌། །དེ་བཞིན་ནད་རྒྱས་གཉེན་པོ་འཐབས་པ་ཡིས། །མི་ཆོམས་འདྲ་ཡང་བསྟུད་ན་ནུས་པ་ཐོན། །གྲང་རྒྱས་ལྕི་བ་གཉེན་པོས་ཆོམས་དཀའ་སྟེ། །གོ་མཚོན་བཅས་པའི་ཚོང་པ་དཔུང་བཅས་འདྲ། །དེ་ལ་གཉེན་པོ་ཚན་ཆེ་དར་དྲག་དགོས། །བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལས། །བཅོས་ཀྱང་མི་ཐུབ་འཆི་བའི་ནད་ཡིན་ལ། །དེ་ཡང་བསྡུ་ན་སྲོག་གཅོད་ནད་དགུར་འདུས། །ཚ་བ་ལ་ལས་འདས་དང་མ་འདས་གཉིས། །དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་འདྲ། །མ་ཞུ་ཆུས་སླེབ་ཞུ་ནས་དེས་མི་བཟློག །གྲང་བ་གཏིང་ནས་འཁར་དང་མ་འཁར་གཉིས། །དཔེར་ན་ལྡུམ་བུ་དང་ནི་སྡོང་རྒན་འདྲ། །དང་པོ་ཚོས་སླ་གཉིས་པ་ཚོས་མི་འགྱུར། །རླུང་ནད་སྲོག་རྟེན་ཆད་དང་མ་ཆད་གཉིས། །དཔེར་ན་རྐོན་པ་ནང་གི་བྱ་དང་འདྲ། །མ་ཤོར་ཟིན་ལ་ཤོར་ན་ཟིན་ཐབས་མེད། །ཟུངས་ཟད་ནད་ལ་དེ་སྲོག་གནས་པ་སྟེ། །ནད་བཅོས་གྱུར་ན་སྲོག་ཀྱང་འཇིག་པའི་ཕྱིར། །དཔེར་ན་རྨང་གིས་མ་ཐུབ་རྩིག་པ་འདྲ། །རྣམ་པར་འཚེ་བ་གདོན་གྱིས་བླ་ཁྱེར་བ། །འཚོ་བ་འདྲ་ཡང་ངེས་པར་འཆི་བ་སྟེ། །དཔེར་ན་རྒྱུ་མ་ཕུག་པའི་མི་དང་འདྲ། །འཚོ་བའི་ཚེ་ལས་བསོད་ནམས་གསུམ་ཟད་པ། །ནད་གྲོལ་རྩ་ཤོར་འབྱུང་བ་འགག་པའི་ཕྱིར། །དཔེར་ན་ནམ་གཞུག་ཆད་པའི་ཆར་པ་འདྲ། །གཤེད་དུ་བབས་པ་ཚ་གྲང་གཉིས་འདོམ་པས། །གཅིག་བཅོས་གཅིག་སྐྱེ་གཉེན་པོ་ཀུན་མི་ལེན། །དཔེར་ན་ཐག་ཆོད་མི་ལ་གྲོས་འདེབས་འདྲ། །སྦྱོར་བ་མཚུངས་པ་རྒྱུ་རྐྱེན་གཉེན་པོ་ལོག །གང་བཅོས་གྲོགས་ཀྱི་ཐོག་ཏུ་བབ་པ་སྟེ། །དུག་ཟིན་མི་ལ་བཙན་དུག་བླུད་པ་འདྲ། །གནད་དུ་བབས་པ་སྲོག་གནས་བཅོམ་པ་སྟེ། །སྲོག་རྩ་ཆད་པས་བཅོས་ཐབས་ཅི་ལ་རྙེད། །གྲས་ཁ་བཙན་པོ་དགྲ་ལ་ཤོར་བ་འདྲ། །དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་མི་རུང༌། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །འཚོ་འཆི་ཀུན་ལ་སྨན་ཡོད་མ་ཡིན་ཏེ། །ཀུན་ཏུ་སྨན་མེད་ཅེས་སྨྲ་དེ་མ་ཡིན། །མེ་སྟེང་ཆུ་བླུག་མི་སོད་ག་ལ་སྲིད། །དེ་ཡང་དམན་ན་སོད་པ་ཤིན་ཏུ་དཀའ། །རྩམ་པས་ལྟོགས་པ་མི་སེལ་ག་ལ་སྲིད། །ཆུ་ཡིས་སྐོམ་པ་མི་སེལ་ག་ལ་སྲིད། །གག་ལྷོག་གསོ་བ་མེད་པར་སུ་བདེར་འགྱུར། །ཆུ་འགགས་སྨན་དཔྱད་མེད་པར་ཅི་ལ་ཐོན། །གཉེན་པོ་མེད་པར་དུག་ཟ་སུ་ཡིས་ནུས། །མཆོག་སོགས་ནུས་པ་ལུང་ལས་གྲགས་བཞིན་སེལ། །དེ་ཕྱིར་གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་གསུངས་སོ།།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །མི་ན་གནས་དང་ན་བ་གསོ་དགོས་པས། །དགོས་པའི་ཐབས་ལ་འབྲེལ་བ་ཡོད་དམ་མེད། །འབྲེལ་མེད་ཆོས་ལ་སྤྱད་པས་ཅི་ཞིག་འགྲུབ། །མར་འདོད་བྱེ་མ་བཙིར་བར་མི་འགྱུར་རམ། །འདི་ལ་སྨན་པའི་རྒྱལ་པོས་བཀའ་སྩོལ་ཞིག །ཅེས་ཞུས་པ་ལས། །སྟོན་པས་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེད། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། །གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ། །མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། །ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པ་ནད་མེད་བདེ་བར་འབྲེལ། །ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། །ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། །ཞེས་གསུངས་སོ། །དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ལ་སོགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྡེབས་ནས་སྟོན་པ་ལ་བསྟོད་པ། །ཀྱེ་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད། །སྟོན་པའི་ཐུགས་ལ་མ་རིག་མུན་པ་མེད། །རྟོག་མེད་སྤྲོས་བྲལ་རིག་པའི་ཡེ་ཤེས་ཉིད། །ཐུགས་རྗེའི་འོད་ཀྱིས་འགྲོ་བའི་མུན་པ་སེལ། །ཐམས་ཅད་འདུས་པའི་རྩ་རྒྱུད་ཐུགས་ལས་བྱུང༌། །མཉམ་ཉིད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་སྐུ་ལ་བགྲེས་རྒུད་བསྙེལ་བ་མེད། །གསལ་སྟོང་སྤྲོས་བྲལ་བཻཌཱུརྱ་འདྲའི་སྐུ། །སྐུ་ཡི་འོད་ཟེར་འགྲོ་བའི་ནད་རྣམས་སེལ། །ཐ་སྙད་མ་རྨོངས་བཤད་རྒྱུད་སྐུ་ལས་བྱུང༌། །མཚན་དཔེ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །སྟོན་པའི་ཡོན་ཏན་ཟད་མེད་འཕེལ་བ་མེད། །ཐམས་ཅད་མཁྱེན་པ་སངས་རྒྱས་སྨན་གྱི་བླ། །ཡོན་ཏན་འོད་ཟེར་འགྲོ་བའི་སྡུག་འཕོངས་སེལ། །མན་ངག་རྒྱུད་ནི་ཡོན་ཏན་ཉིད་ལས་བྱུང༌། །རིན་ཅེན་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་ཕྲིན་ལས་གང་ཡང་ཐོགས་པ་མེད། །ཞི་རྒྱས་དབང་དྲག་བཞི་རྫོགས་རྒྱལ་ཆེན་པོ། །ཕྲིན་ལས་འོད་ཟེར་འགྲོ་བའི་ནད་གདོན་སེལ། །ཕྱི་མ་རྒྱུད་ནི་ཕྲིན་ལས་ཉིད་ལས་བྱུང༌། །དཔའ་བོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་གསུང་ནི་འགག་མེད་ཚངས་པའི་གསུང༌། །གཅིག་ལ་ཀུན་གོ་འཁོར་ཚོགས་འདོད་པ་སྐོང༌། །གསུང་གི་འོད་ཟེར་འགྲོ་བའི་ངག་སྒྲིབ་སེལ། །རྒྱུད་བཞིའི་ཞུས་ལན་སྟོན་པའི་གསུང་ལས་བྱུང༌། །གསལ་དག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་མངོན་པར་བསྟོད་དོ། །དེ་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་རྒྱུད་ལ་བསྔགས་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་དྲང་སྲོང་ཡིད་ལས་སྐྱེས། །རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། །འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། །སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ། །ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན། །མན་ངག་ཡོན་ཏན་རྒྱུད་འདི་ནོར་བུ་འདྲ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད། །ཕྱི་མ་ཕྲིན་ལས་རྒྱུད་འདི་ཕ་ལམ་འདྲ། །ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིན། །རིག་པའི་ཡེ་ཤེས་ནམ་མཁའི་མཛོད་དང་འདྲ། །དྲིས་པའི་ལན་ལ་ཟད་མི་ཤེས་པར་སྟོན། །གསུང་སྤྲུལ་ཡིད་ལས་སྐྱེས་ནི་སེང་གེ་འདྲ། །ཞུ་བའི་ཚིག་ལ་ཞུམ་ཞིང་སྐྲག་པ་མེད། །ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ། །ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད། །ཡིད་དུ་འོང་བས་ཁུ་བྱུག་གསུང་སྙན་འདྲ། །འགྲོ་བ་གང་གིས་ཐོས་པས་སྤྲོ་བ་སྐྱེད། །ཀུན་ཏུ་དཀོན་པས་ཨུ་དུམ་ཝ་ར་འདྲ། །ཐོས་མཐོང་སྤྱོད་པ་སྐལ་ལྡན་རེ་རེ་ཙམ། །ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །འདུ་བ་འཕེལ་ཟད་སྙོམས་པའི་སྤྱི་པ་ཡིན། །དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཡིན། །ནད་ཀྱི་ཟུག་གཟེར་གཅོག་པའི་ཐོ་བ་ཡིན། །སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་ཀྱུ་ཡིན། །འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། །འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུངས། །ཞེས་གསུངས་སོ།།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྒྱུད་ཀྱི་རྒྱལ་པོ་གསང་བ་མན་ངག་རྒྱུད། །དུས་ཀྱི་ཐ་མ་ཇི་ལྟ་བུ་ལ་གཏད། །མི་བསྟན་སྦ་བའི་སྣོད་ངན་གང་ལ་གསང༌། །གསང་དང་གཏད་པའི་སྐྱོན་དང་ཡོན་ཏན་གང༌། །འཚོ་མཛད་ཁྱོད་ཀྱིས་བདག་ལ་ལུང་སྟོན་ཅིག །ཅེས་ཞུས་པ་ལས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཁྱོད་ཉོན་ཅིག །གཏད་པའི་སྣོད་ལ་བཟང་ངན་ཅི་སྟེ་མེད། །སྣོད་ངན་རྣམས་ཀྱིས་གདམས་པའི་བཅུད་མི་ཐུབ། །དཔེར་ན་སེང་གེ་དཀར་མོའི་འོ་མ་དེ། །རིན་ཆེན་མ་ཡིན་སྣོད་ངན་ཕལ་པར་བླུག །སྣོད་ཀྱང་ཆག་ལ་འོ་མའི་བཅུད་ཀྱང་འབོ། །དེ་ཕྱིར་གསང་བའི་སྣོད་ངན་འདི་ལྟ་བུ། །སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང༌། །ཐབས་ཀྱིས་བརྐུ་ཞིང་གཞོགས་སློང་བྱེད་པ་དང༌། །དྲིན་མེད་ཁྱད་གསོད་བྱེད་ལ་ཤོར་ར་རེ། །གཡོ་རྒྱུས་འགྲོ་བའི་ནོར་ལ་འཇབ་པ་དང༌། །ང་རྒྱལ་དྲེགས་པས་བཅིངས་དང་སྙིང་རྗེ་མེད། །ཚེ་འདི་གཙོར་འཛིན་ལག་ཏུ་ཤོར་ར་རེ། །གསེར་གཡུ་རྟ་ཁྲབ་ཡོན་གྱིས་མི་བླུ་བར། །ཁ་འཇམ་བྲིད་པོའི་ལག་ཏུ་ཤོར་ར་རེ། །དེ་ལྟར་སྐལ་མེད་སྣོད་དང་མི་ལྡན་ན། །ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་བཞིན། །བསྐལ་པ་འཁྲུགས་ཀྱང་ཁ་རུ་མི་དབྱུང་གསང༌། །སྲོག་སེར་གཏད་དང་དུག་སྦྱོར་ལ་སོགས་པ། །མུ་སྟེགས་ཆོས་དང་རིག་པ་འདི་མི་རྗེ། །རྫུན་ལུང་མོ་གཤེན་གསེར་འགྱུར་བཟོ་ཡི་རིགས། །ཁ་གཤགས་ཐ་སྙད་ཆོས་དང་འདི་མི་རྗེ། །དེ་ལྟར་སྣོད་ངན་རྣམས་ལ་མ་གསངས་སྐྱོན། །གདམས་པ་མ་ཐུབ་སྤེལ་བས་མཁས་ཁྱད་མེད། །དུག་དང་འདྲེས་པས་ཀུན་ལ་ཕན་མི་ཐོགས། །ཁོང་དུ་རུལ་བས་གདམས་པའི་མགོ་མི་ཐོན། །དམ་ཚིག་ཉམས་པས་ཕྱི་མ་ངན་འགྲོར་ལྷུང༌། །དེ་ཕྱིར་ཤིན་ཏུ་གསོངས་ཤིག་དྲང་སྲོང་རྣམས། །རྒྱུད་འདི་གཏད་པར་བྱ་བའི་སྣོད་ལྡན་ནི། །དམ་ཚིག་ལྡན་པས་བླ་མ་སྤྱི་བོར་འཁུར། །ནོར་དང་སྲོག་ལ་ཕོངས་མེད་གཏང་ཕོད་ནུས། །ཤེས་རབ་ཆེ་བས་ཚིག་དོན་འགལ་འབྲེལ་འབྱེད། །བྱམས་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན། །ཆོས་ལ་བྲང་གཏད་གཡོ་རྒྱུ་ཟོལ་ཟོག་མེད། །སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱི། །དེས་ཀྱང་མཉེས་པའི་ཡོན་གྱིས་མི་བླུ་ན། །བྱིན་པར་མི་བྱ་དམ་པར་འཛིན་མི་འགྱུར། །དེ་ལྟར་སྣོད་ལྡན་གཅིག་ལས་གཅིག་བརྒྱུད་ནས། །རྒྱུན་མི་ཆད་པར་འགྲོ་དོན་བྱེད་པར་བསྔོ། །སྣོད་དང་ལྡན་པས་རྒྱུད་འདི་སུས་འཆང་བ། །ཚེ་འདིར་བཙན་ཕྱུག་ཕན་དར་འཛོམ་པ་དང༌། །འགྲོ་བ་སྤྱིས་འཁུར་དཔལ་གྲགས་ཐོབ་པ་དང༌། །ཕྱི་མ་བྱང་ཆུབ་གོ་ཕང་འགྲུབ་པར་བསྔོ། །འགྲོ་ཀུན་ནད་ཀྱི་སྡུག་བསྔལ་བྲལ་བ་དང༌། །དུས་མིན་འཆི་བའི་རྐྱེན་ལས་ཐར་བར་བསྔོ། །ང་ཡི་བཀའ་བཙན་བྱིན་ཆེ་དར་བ་དང༌། །ཇི་ལྟར་བཏབ་པའི་སྨོན་ལམ་འགྲུབ་པར་བསྔོ། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུའི་གསང་བར་ཐིམ་པར་གྱུར་ཏོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་བྱིན་རླབས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་མཛད་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་ཡོངས་སུ་རྫོགས་སོ།། །།
༄༅། །ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང༌། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །ས་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེའི་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་ཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང༌། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང༌། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག།
༄༅། །འདི་གྲ་ཐང་རྒྱུད་སོར་བཞག་གི་དུས་གོང་ནས་པར་བྱང་དུ་སྩལ་བ་བྱིན་རླབས་ཀྱི་ཁྱད་བྲིས་པ།
༄༅། །བཻཌཱུརྱ་ཀུཎྜ་ལི་པྲྀ་ཀྲབཱསུནི་མིཏྟདྷཏུཛྙཱནཻཿཤརཱིརཤཏམསྟུདིཝཱཀརཱཎཱཾ།
ཤྲྱེ་ཀཽཥདྷེསྟཔནརོགཤིབཱནཱཐོནྣཱ་ནཱཉྩཨུཏྟརཙཤནྟབྷཝསྱསཱབྷཿ།
༄༅། །ཡེ་ཤེས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །མཚན་བཟང་བཻཌཱུར་ཞུན་མར་འཁྱིལ་བའི་ཁམས། །སྲིད་ཞིའི་ནད་ཀྱི་གདུང་སེལ་སྨན་གཅིག་པུར། །གྲུབ་པའི་དཔལ་གྱི་བླ་ན་མངོན་མཐོའི་མགོན། །གང་གི་ངོ་མཚར་བཀོད་པའི་ལྟ་ན་སྡུག །ཡིད་འཕྲོག་སྨན་གྱི་གྲོང་ཁྱེར་ཉམས་དགའ་བར། །སྤྲུལ་པའི་དྲང་སྲོང་གཉིས་ཀྱི་དྲིས་ལན་ལས། །བྱིན་རླབས་རོ་བརྒྱའི་བཀའ་ཡི་གཡང་ཞིག་ཆགས། །འཛད་མེད་བསྐལ་པར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོ་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་རྒུའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞི་ཆུ་ཤེལ་དབང༌། །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱར་རྒྱས་བཏབ་སྒོ་འབྱེད་པའི། །སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །དྲི་མེད་རིང་ལུགས་ཆད་མེད་གངྒའི་རྒྱུན། །ཐོས་བསམ་ཚངས་པའི་རལ་ཀླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་སྡུའི་བྱེད་པོར་ངེས། །གང་དེའི་ལེགས་བཤད་མ་དྲོས་ཆུ་བོ་ལས། །འཆི་མེད་ལྷ་ཡི་རྗེ་བོ་དལ་འགྲོའི་རྒྱུན། །གངས་ཅན་འཛིན་མའི་ཁྱོན་ཀུན་མ་ལུས་པར། །བབས་པས་ཚངས་པ་ཨོཾ་ཡིག་ཟོལ་གྱིས་རྫུ། །འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱང་སྟེ། །འགྲོ་བའི་སྲོག་ལ་རྒོལ་བའི་གདུག་པའི་སྦྲུལ། །འཆི་བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང༌། །དེའི་ཚེ་བཻཌཱུརྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །དེ་ཕྱིར་གནའ་བོའི་ལུགས་ཞེས་ཕྱོགས་འཛིན་གྱིས། །རིས་སུ་མ་བཅད་ལུས་ཅན་སྤྱི་ཡི་ནོར། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་དབང་གི་རྒྱལ། །བློ་གྲོས་རྒྱལ་པོས་དྲུངས་པ་འདི་ཀོ་མཚར། །བོད་ཡུལ་ཚེ་ཡི་རིག་བྱེད་མཐའ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མི་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛ་ཧྣུས། །སླར་སྐྱུགས་གསོ་རིག་གངྒ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་གྲང༌། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྗོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་བསྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེས་ཞུས་ཆེན་བགྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲིབ་མི་མཉམ་རྣོན་པོའི་ཆེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེངས་གསོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་སྨིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིང་པའི། །རིང་པོར་འཚོ་བའི་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །འགྲོ་རྣམས་སྔོན་ལས་འཕྲལ་རྐྱེན་དུཿཁའི་ནད། །ཚོར་བ་དྲག་པོས་མནར་བའི་ཉམ་ཐག་ཀུན། །ཙན་དན་དྲིས་བགོས་ཚ་གདུང་མཐར་བྱས་བཞིན། །སིམ་པའི་བདེ་བ་ནམ་ཡང་གཏོང་མིན་ཤོག། རོ་ནུས་ཞུ་རྗེས་བསྡེབས་པའི་འཕྲུལ་འཁོར་གྱིས། །ནད་སེལ་སྲོག་གི་ཀ་བ་ལེགས་འཛུགས་པའི། །རིས་མེད་ཀུན་ལ་བརྩེ་བའི་གསོ་རིག་གི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །འཁོར་འདས་ཀུན་གྱི་འདུ་བ་འཁྲུགས་བྱེད་གཞི། །སྒྲིབ་གཉིས་ནད་ཀྱི་རྩ་བ་དྲུངས་འབྱིན་པའི། །བླ་མེད་བྱང་ཆུབ་མཆོག་གི་སྨན་ཆེན་པོར། །མཁའ་མཉམ་འགྲོ་བ་མ་ལུས་སྤྱོད་གྱུར་ཅིག །འདི་ལ་ཡོངས་འབད་བརྒྱ་བྱིན་གཙུག་གི་ནོར། །རིན་ཅེན་སེམས་ཀྱིས་ཟིན་པའི་སྤྱི་བོ་རུ། །རེག་པས་ལས་ཉོན་གྱིས་འཕངས་མི་ཡི་རྟེན། །སྒྲིབ་བྲལ་ལྷ་ཡི་ལུས་སུ་མངོན་གྱུར་ཤོག །བློ་གྲོས་རྒན་པོའི་རྩལ་འཆང་འཇམ་པའི་དབྱངས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཆོས་དཀར་འཕྲིན་ལས་གྲགས་པའི་སྒྲ་དབྱངས་སུ། །ལེན་པའི་པུཀྵའི་ཀླུང་དེ་རྟག་འབབ་ཤོག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་བར། །འཇིག་རྟེན་མེས་པོའི་དབང་ཐང་ཐོབ་གྱུར་ཅིག །རིང་པོའི་ཚེ་དང་ཕུན་ཚོགས་འབྱོར་པའི་དཔྱིད། །ལུས་སེམས་ཀུན་ལ་བདེ་སྐྱིད་རོ་བདའ་བའི། །རྣམ་སྨིན་དཀར་པོའི་འབྲས་བཟང་ཁོ་ན་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་རྒོད་གྱུར་ཅིག །དེ་ལྟར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན་གྱིས་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་དང་རྟོགས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་སུ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཙུག་ལག་རྣམས། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་ཀུན་ལ་བསླབ་དགོས་པ་ཡིན་ཞིང༌། དེར་མ་ཟད་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་འཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་ཆས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱི་བྱེད་པོས་འདུ་བ་ཆ་མ་སྙོམས་པར་ནད་སྣ་ཚོགས་ཀྱིས་གཙེས་པའི་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་ཀྱི་ལེའུར། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་བ་གཟའ་ལས་གྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པར་དགོངས་ཏེ་མཐའ་དབུས་ཀྱི་སྨན་པ་མཁས་པ་རྣམས་བསྡུས་ནས་གསོ་རིག་གི་གཞུང་འགྲེལ་མང་དུ་བསྒྱུར་བའི་ནང་ནས། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྟོན་པ་སྨན་གྱི་བླས་བྱིན་གྱིས་བརླབས་པའི་བཀའ་དྲི་མ་མེད་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད། ཇི་སྐད་དུ། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར་ཚིག་ཉུང་ལ་དོན་རྒྱས་པ་གསོ་རིག་ཀུན་གྱི་ཡང་རྩེར་སོན་པ་འདི་མ་འོངས་པ་ན་ལུས་ཅན་ཀུན་གྱི་སྲོག་འཚོའི་བཅུད་ལེན་ཏུ་འགྱུར་བར་དགོངས་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་ཟབ་མོའི་གཏེར་དུ་གསང་བའི་རྒྱས་བཏབ་པ་སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་གདན་དྲངས། རིགས་འདུས་སྨན་རྒྱལ་མིའི་གཟུགས་སུ་སྤྲུལ་པ་གཡུ་ཐོག་ཡོན་ཏན་མགོན་པོས་དར་རྒྱས་སུ་མཛད་དེ་ཕྱོགས་ཀུན་ཏུ་འཕེལ་རྒྱས་སུ་གྱུར་ནའང༌། དུས་ཀྱི་དབང་གིས་གསོ་རིག་གཅིག་པོར་མ་ཟད་རིག་པའི་གནས་གང་ལའང་ཚུལ་བཞིན་དུ་སློབ་པ་ཆེས་ཉུང་ཞིང༌། མི་ཆེ་གེ་མོ་དང་དུད་འགྲོ་ཆེ་གེ་མོའི་སྤྲུལ་པ་དང་སྐྱེ་བ་ཡིན་ནོ་ཞེས་པ་ཙམ་དང༌། བླ་མ་ཆེ་གེ་མོ་དང་རྒྱལ་རིགས་ཆེ་གེ་མོ་དག་གི་རིགས་རུས་ལས་བྱུང་བ་ཡིན་ནོ་ཞེས་པ་ཙམ་གྱི་ཟོལ་ཟོག་ལ་བརྟེན་ནས་ཚེ་འདིའི་འབྱིང་ཐབས་ལྷུར་ལེན་པ་མང་ཞིང༌། མཁས་པར་རློམ་པ་རྣམས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པ་ལྟར་མདོ་སྔགས་ཐ་སྙད་རིག་པའི་ནང་ཚན་སྣ་རེ་ཙམ་ཤེས་པ་ལ་ཐམས་ཅད་མཁྱེན་པ་དང་པཎྜི་ཏ་སོགས་མིང་སྙན་པོར་འབོད་པ་རྣམས་ཀྱིས་ཕྱོགས་འདི་དག་སྤྱན་གྱིས་གཟིགས་དཀྱུས་ཐུང་ངུར་གྱུར་ཅིང་ལུགས་སྲོལ་འདི་ལ་སྦྱངས་པའི་རྒན་པོའི་ཁུར་ལྡན་རྣམས་ཀྱང་གཞུང་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲ་བར་ཚུད་དེ་གསོ་བ་རིག་པའི་གཙུག་ལག་གི་ཚུལ་དྲི་བཅས་སུ་གྱུར་པ་ལས་དུས་རིང་པོ་ཞིག་ནས། འཇམ་དབྱངས་ཐོན་མི་སམ་བྷོ་ཊའི་གདུང་འཛིན་པ་ནང་སོ་ཡར་རྒྱབ་པས་མཐུན་པའི་རྐྱེན་སྦྱར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་རྒྱུད་ཀྱི་དབོན་པོ་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་ཞུས་ཆེན་མཛད་དེ་པར་དུ་བརྐོས་པའི་གྲྭ་ཐང་གི་རྒྱུད་བཞི་འདི་ཉིད་ཤིན་ཏུ་ཁུངས་བཙུན་པའི་གསོ་རིག་གི་བསྟན་པའི་སྲོག་ཤིང་དུ་འདུག་ནའང་འཕྲིན་ལས་ཧ་ཅང་ཆེས་པས་ཡི་གེའི་ཚོགས་མི་གསལ་བ་མང་དུ་འདུག་ཅིང༌། དྭགས་པོ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱན་པས་གསར་བརྐོས་ཤིག་མཛད་པ་འདི་གའི་བུ་དཔེ་ཡིན་ཁུལ་དུ་འདུག་ཀྱང༌། མཆན་བུ་རྣམས་ལོགས་སུ་བཀོལ་ཏེ་བྲིས་པས་རྩ་མཆན་ངོ་འཕྲོད་དཀའ་བའི་སྐྱོན་དང༌། རྟག་བརྟན་སྤྲུལ་སྐུས་གསར་བརྐོས་གྲྭ་ཐང་རྒྱུད་བཞིའི་བུ་དཔེ་ཡིན་ཁུལ་དེ་ལ་ལུགས་སྲོལ་འདི་དང་མི་གཅིག་པའི་རིགས་ལྡན་ཆེན་པོ་སོགས་བྱང་སྨན་མཁས་པའི་ལུགས་དང་རྣམ་པར་བསྲེས་ཏེ་ལུགས་གཉིས་གང་དུ་ཡང་ངོས་བཟུང་དཀའ་བའི་རང་གི་མཛད་སྲོལ་ཉམས་མེད་དེ་ག་ཡོད་འདུག་པ་ནས། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བྱང་ངོས་པ་བསྟན་འཛིན་རྒྱལ་པོའི་རིགས་བརྒྱུད་འཛིན་པ་དཔོན་ཚང་ནང་སོ་དར་རྒྱས་ཀྱིས་ཟླ་གཞོན་ལྟ་བུར་དཀར་བའི་ལྷག་བསམ་གྱིས་གྲྭ་ཐང་གི་རྒྱུད་བཞི་འདི་ག་འབྲུ་ལེན་བྱས་པའི་བརྐོ་དགོས་ཚུལ་གྱིས་བསྐུལ་བ་དང༌།སྙིགས་མར་སྤྱོད་པའི་དུས་ཀྱི་དབང་གིས་མདོ་རྒྱུད་ཐ་སྙད་ཀྱི་དོན་ལ་ཐོས་བསམ་བྱེད་རློམ་ཕལ་ཆེར་གཞུང་གི་སྟོད་ནས་ལེའུ་གྲངས་ཁ་ཤས་ལས་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་བསམ་བྱེད་པ་ཆེས་ཉུང་བས་ན། གསོ་དཔྱད་རྣམས་ཀྱང་རྩ་བཤད་ཕྱི་གསུམ་དང་མན་ངག་ཕྲན་བུ་ཙམ་ཐོས་པ་ལ་དྲང་སྲོང་ཆེན་པོར་རློམ་པའི་དུས་འདིར་པར་མཁན་རྣམས་ཀྱི་སོར་མོའི་འདུ་བྱེད་སྒྱུར་བ་ངལ་བའི་རྒྱུ་ཙམ་དུ་འདུག་ནའང༌། རྒྱལ་བ་སྨན་གྱི་བླའི་ཐུགས་རྗེ་དང་འགྲོ་བའི་ལེགས་བྱས་ཀྱི་བྱེད་པོས་ལྷ་རྗེ་མིང་དང་དོན་མཐུན་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པ་འགའ་འབྱུང་སྲིད་སྙམ་སྟེ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་ཡིག་གི་སུམ་བིཏྲ། དབུ་ལྷ་དང་རྒྱུད་སོ་སོའི་མཇུག་ཏུ་པར་བྱང་སྨོན་ལམ་དང་བཅས་པ་གསར་དུ་བསྒྲིགས་བཞིན། དངོས་གཞི་གྲྭ་ཐང་གི་པར་རྙིང་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་བྱས་པ་བཞིན་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་གྱི་བཀོད་པས་ཁྱབ་པར་བྱས་ཤིང༌།འདི་ལོ་པར་ལ་བརྐོ་སྐབས་ལས་བྱེད་ཐོག་འཕོས་པ་ནས་ངོ་ཐོག་གི་མིང་བྲིས་པར། ཞུས་དག་དང་དོ་དམ་གཉིས་ཀ་བྱེད་མི་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། རྩ་སྐོར་བ་དགེ་སློང་བློ་གསལ་མཁས་པ། བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག པར་ཡིག་པ་བློ་བཟང་དམ་ཆོས། ཐོགས་མེད་རྒྱ་མཚོ། གྲགས་པ་སྙན་གྲགས། ཆོས་ཀྱི་ཉི་མ། བཟང་པོ་རྒྱལ་མཚན། པར་རྐོས་པ། དབུ་མཛད་ཕུན་ཚོགས། དབུ་ཆུང་དོན་དབང༌། བྱིངས་གྲ་ནམ་རབ། དཔལ་ཆེན། ཚེ་རིང་དར་རྒྱས། དཔལ་ཁང་པ། གྲགས་པ་ཚེ་འཕེལ། བླ་མ་དབང་པོ། འོམ་སྦུག་དཔལ་འབར། ཟང་དཀར་པད་མ། དོན་གྲུབ། རྣམ་རྒྱལ། འཛིམ་དབང༌། སྒྲོལ་དབང༌།ཚེ་དབང་རྟ་མགྲིན། ཀུན་བཟང༌། སྨོན་ཀུན། ནོར་བུ་ལྷ་སྐྱབ། བླ་མ་ཚེ་བརྟན། བདེ་ལེགས་སྙིང་པོ། དབང་ལྡན། བཀྲས་རབ། རྒྱལ་མཚན། ལྷུན་རྡོར། སྲུང་མོ་པད་མ། བླ་མ་རྒྱ་མཚོ། ནོར་བུ་ཚེ་བརྟན། ལྔ་དར། གསུམ་པ། རབ་རྒྱས། གསུམ་དར། ཤིང་བཟོ་དར་རྒྱས་རྣམས་དང༌། ཕོགས་སོགས་དགོས་ཆ་སྤྲོད་མི་མདའ་ཐང་པ་ཚེ་བརྟན་རྡོ་རྗེ་དང་རྒྱ་ཡགས་པ་བློ་བཟང་རབ་བརྟན་གྱིས་བགྱིས་ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ཁྱི་ལོ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་གསར་དུ་བསྐྲུན་པ་འདི། གསོ་བ་རིག་པའི་རྒྱུད་ཆེན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ། བཻ་སྔོན་དང་ཁོག་འབུགས་སུ་དྲངས་པ་ལྟར་སྟོན་པ་ཐུབ་པའི་དབང་པོའི་བཀའ་དྲི་མ་མེད་པ་ལོ་ཆེན་བཻ་རོའི་འགྱུར་ལ་གངས་ཅན་ཡུལ་གྱི་དབང་པོ་དང་འཚམ་པར་རིགས་འདུས་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་གོ་བདེ་བ་དང་ཚིག་གསལ་མ་ཚང་བ་ཕྲན་བུའི་བསྣན་ཁ་གནང་བའི་དཔལ་ལྡན་རྒྱུད་བཞིར་གྲགས་པ་གསོ་རིག་ཀུན་གྱི་གཙོ་བོ་རྒྱལ་མཚན་གྱི་ཏོག་ལྟར་མཐོ་ཞིང་གཅེས་པ་ཞིག་སྣང་ཡང༌། བྱང་ཟུར་མཁས་པའི་དབང་པོ་གཉིས་ཙམ་ལས་སྔ་རབས་པ་རྣམས་ཀྱིས་ཚོང་འདུས་ཀྱི་འོ་མ་བཞིན་བསླད་ཅིང༌། ཅི་རིགས་སུ་གྱུར་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་པའི་གྲྭ་ཐང་རྒྱུད་བཞི་ཞེས་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བའི་དར་རྒྱས་སུ་མཛད་ལ ལྷ་དང་བཅས་པའི་སྐྱབས་མགོན་དམ་པ་ྋཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་འདིས་ཤེས་བྱ་ཇི་ལྟ་བ་དོན་དམ་པར་ལག་མཐིལ་སྐྱུ་རུ་ར་ལྟར་གསལ་ལེར་གཟིགས་ཤིང་མཁྱེན་པ་གཞིར་བཅས་ཀྱང༌། བློ་དམན་ངོར་རྣམ་ཐར་རིན་པོ་ཆེར་གསལ་བ་ལྟར་གསོ་བ་རིག་པ་འདིའི་རྩ་བཤད་ཕྱི་གསུམ་ྋཐུགས་འཛིན་ལས་སྤྲོས་མི་མཁྱེན་པའི་ཚུལ་བསྟན་ཅིང༌། གནང་རིགས་ཀྱི་སྨན་རྒྱལ་བྱང་ངོས་ནང་སོ་དར་རྒྱས་དེ་ཉིད་ཁོ་བོས་ཕྲད་དུས་ན་ཚོད་ཇེ་མཐོར་གྱུར་ཀྱང་རྒྱུད་ངེས་ཤིང་ཕྱག་ལེན་ཀྱང་རྒྱུད་ཀྱི་དགོངས་པ་གཙོར་བཏོན་ངོས་བརྟན་ཆ་ཆེ་བས་དུས་དབང་གི་སྨན་རྒྱལ་གཉིས་པར་སེམས་ཀྱང་འགྲེལ་བའི་རིགས་ཞིབ་མ་ཆུག་གམ། རང་གི་ཕའི་གསོལ་ཞལ་དུ་སོང་བ་ཇི་ལྟར་རུང༌། སློབ་འཁོར་སོགས་ལྷ་རྗེ་དཀྱུས་མ་གཞན་དང་མཐུན་པར་བྱང་ཟུར་གཉིས་བཞེད་པ་ཐ་དད་པ་ལྟ་བུ་དང༌། གྲྭ་ཐང་རྒྱུད་བཞི་འདི་ག་ཆེས་ཁྱད་པར་དུ་འཕགས་ཚུལ་ཞུས་པ་སྣང་ངོ་དང་བསྟུན་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོ་གྲ་ཐང་སོར་བཞག་པར་དུ་བརྐོ་བ་གནང་བ་དང༌། པར་བྱང་སོགས་སྩལ་ནའང་རབ་བྱུང་དེ་གའི་ལྕགས་ཁྱི་ལོ་པར་ཕུད་ཀྱི་ཐོག་ནས་ཁོ་བོས་རྒྱུད་ཆུང་བ་གསུམ་བློ་འཛིན་སྐབས་རྣམ་རྟོག་ཇི་སྙེད་ཅིག་ཤར་བ་ྋརྗེ་བླ་མ་ཉིད་ལ་ཡང་ཇོ་ནང་ཀུན་སྙིང་ལ་བཀའ་སྐྱོན་གནང་བའི་ཞོར་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ་ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་གྱི་བབས་ཀྱི་ངོས་འཛིན་མི་འདྲ་བ་དང༌། ལག་ལེན་གྱི་ཁྱད་པར་སྟོད་སྨད་ལུགས་ཕྲན་བུ་ལས་གཞུང་དོན་དུ་རིམ་པར་སྔ་མའི་ལམ་ལ་ཕྱི་མ་བརྟེན་པས་མི་འདྲ་བ་མི་འདུག་ཚུལ་དང༌། གྲ་ཐང་རྒྱུད་འདི་ལ་ཡང་བཅོས་བསྒྱུར་གྱིས་ས་བཅད་འཁྲུགས་པ་ཚིག་ཆད་པ་སོགས་ཧ་ཅང་ཆེ་བས་ཁུངས་དེ་ཙམ་གྱི་ཆོད་པར་མ་སེམས་ཤིང༌། ད་ལམ་གྱི་པར་བྱང་བཀའ་རྩོམ་འདི་ཡང་ཅུང་ཟད་འཐལ་ལུས་བྱུང་ཚུལ་སོགས་ཞིབ་པར་སྙན་དུ་ཕུལ་བས་དགྱེས་པའི་ཚུལ་དང་བཅས་ཏེ་བྱང་ངོས་ནས་སོགས་དེ་བཞིན་གསུང་བས་དེ་ག་སོར་བཞག་ཏུ་བགྱིས་ནའང༌། ད་ལམ་ཁྱོད་ཀྱིས་ཇི་ལྟར་ཟེར་བ་བཞིན་བལྟས་ན་བདེན་འདུག་པ་སླར་བཅད་བརྡར་ཞིག་ཐུབ་ན་བགྱིས་ཤིག་ཅེས་བཀའི་གནང་བའང་ཐོབ་རུང་དེ་འཕྲལ་དུ་གང་ཅི་ནས་ཞུས་དག་པར་མ་ཐུབ། ཕྱིས་རང་ཉིད་བཻ་སྔོན་རང་གི་གཤམ་དུ་བགྱིས་པ་ལྟར་མན་རྒྱུད་བློ་འཛིན་དང་ལག་ལེན་གྱིས་ནད་པ་སྐྱོང་བ་སོགས་མ་ཐུབ་ཅིང་དུས་དབང་གིས་སློབ་དཔོན་མཁས་པ་ཡང་མ་རྙེད་པས་ཚུལ་བཞིན་དཀའ་ནའང༌། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེར་སྡོང་འགྲེམས་དང་རྩ་ཡུལ་གྱི་ཐིག་སྨན་ངོ་རྣམས་དྲི་བཅད་བགྱིས། གཞན་ཡང་སྨན་པའི་རིགས་གཞིས་བྱེས་ཀུན་ལ་གཞུང་དོན་དུ་ལེགས་བཤད་མི་སྣང་ཡང་འགྲེལ་པ་གྲུབ་ནས་དྲི་བ་བགྱིས་པ་སོགས་རྒྱུད་བཞི་གའི་འབྲུ་འགྲེལ་བཻཌཱུརྱ་སྔོན་པོ་བརྩམ་པ་དང་སྦྲགས་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་དཀོན་བརྩེགས་སོགས་མདོ་སྡེ། ལུང་བཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛོད་རྩ་འགྲེལ་སོགས་མངོན་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་པ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་རྒྱ་གར་ནས་འགྱུར་བའི་ཕྱོགས་འདིའི་དོན་གནས་པའི་བཀའ་བསྟན་གྱི་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་འགྱུར་བའི་རིགས། འཁོར་ལོ་རྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་འགྱུར་རིགས། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་གཞུང་ལུགས། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་ནས་གསུངས་རིགས། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང༌། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཆ་ལག་བཅོ་བརྒྱད་དང་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས་རྩ་བཤད་ཕྱི་གསུམ་ལ་འགྲེལ་བའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན། མན་རྒྱུད་དུ་སྔ་ཕན་འབྲུ་འགྲེལ་ཚད་ལྡན་མཛད་མི་ཆེར་མ་བྱུང་འདུག་ཅིང༌། གཡུ་ཐོག་པའི་གསེར་མཆན་དེ་ལ་ཡང་ཟོང་མཆན་སྨར་མཆན་གཉིས། བུ་དོན་མ། ཕྱག་དྲེག་མ། ཟུར་མཁར་རྙིང་པའི་རྒྱུད་བཞི་སྒམ་ནང་མ། བྱང་ལུགས་མཁས་པས་མཛད་པའི་དགོས་འདོད་ཀུན་འབྱུང་སོགས་དང༌། རྒྱུད་རྙིང་རྫོང་ཁ། རྟག་བརྟན། བོ་དོང་པའི་རྒྱུད་སོགས་དང༌། ལྕགས་སྨྱུག་གིས་བྲིས་པའི་རྒྱུད་རྙིང་ལེ་ཚན་འདྲ་དང་ཡང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། ཁྱད་པར་ཟུར་མཁར་རྙིང་པའི་རྒྱུད་སྒམ་ནང་མ་དང་ཕྱག་དྲེག་མ་གདན་དུ་བཏིང༌།གྲྭ་ཐང་གི་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་པ་རྣམས་མཐུན་པར་འདུག་རིགས་རང་གི་རིག་པས་ཀྱང་བརྟགས་ཏེ། དཔེར་ན་སྡོམས་ཚིག་ཏུ་བཤད་པ་ནང་གསེས་དུས་མ་ཚང་རིགས། ནད་རྟགས་བཤད་པར་བཅས་ཆད་པ། ས་བཅད་འཁྲུགས་པ་སོགས་དང༌། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཅུང་ཟད་འཁྲུལ་རིགས་འོལ་སྤྱི་རྟོག་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་སྟེ་རང་ལོ་སོ་བརྒྱད་པ་ལྕགས་རྟ་ལོ་ས་རས་ཞུས་ལེགས་པར་དག་པ་འདིས་ཀྱང་གསོ་རིག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་འགྲོ་ཀུན་ནད་ཀྱི་ཟུག་རྔུ་ལས་ཐར་བར་གྱུར་ཅིག །ཅེས་ྋམི་རྗེ་ས་རས་སོ་སོའི་སྨོན་ཚིག་དང་བཅས་སྩལ་བ་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་མཛད་པ་བཞིན་སླར་ཡང་རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་བགྱིས་སྐབས་ཀྱི་ལས་བྱེད་དོ་དམ་པ་མཁན་ཆུང་བློ་བཟང་བློ་ལྡན། ལས་བྱ་རྩེ་གཉེར་ངག་དབང་བློ་གསལ། ཞུས་དག་པ་གཞན་ཕན་འོད་ཟེར་དང༌། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། པར་ཡིག་འབྲི་མི་སྙེ་མོ་ཡོན་བདག་བཀྲ་ཤིས་རབ་བརྟན་ཅན་དབུ་བྱིངས་མི་ལྔ། པར་བརྐོས་པ་དབུ་ཆུང་བུ་ཚེ་རིང་ཅན་དབུ་བྱིངས་མི་སུམ་ཅུ་སོ་ལྔ་ནས་སྒོ་གསུམ་དྭངས་བས་བསྐྲུན་པའི་སྨོན་ཚིགས་སུ།
ཨོཾ་སྭ་སྟི། གངས་རིའི་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐུབ་བསྟན་རྒྱ་མཚོའི་ཐུགས་བསྐྱེད་མཁའ་དབྱིངས་སུ། །སྙིང་རྗེ་ཆུ་ཡི་ཁུར་གྱི་རླབས་ཕྲེང་འཛུམ། །སྐྱེ་དགུའི་གདུང་བ་སེལ་ལ་རིངས་པའི་ཆར། །གྲངས་མེད་རྒྱུན་གྱི་ཟློས་གར་འདི་བྱས་སོ། །འཕྲིན་ལས་རྣམ་བཞིའི་རྒྱུད་ཆེན་སེངྒེའི་སྒྲ། །གངས་ལྗོངས་རི་བོའི་སྤོ་ལ་མངའ་གསོལ་བ། །ཁྲི་སྲོང་རྣམ་རོལ་དེ་མོ་རྒྱལ་བས་བསྐྲུན། །ཕན་བདེའི་སྒོ་འཕར་འབྱེད་འདི་ཨེ་མ་ཧོ། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ། །སྤང་རྟོགས་རིན་ཆེན་གདེང་ཀ་དབྱིངས་སུ་འདེགས། །བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །གསལ་གསལ་ཡིད་མཚོ་འཆར་བའི་མངོན་དགའི་ཞིང༌། །བཟང་བཟང་མཚན་དཔེ་བཀྲ་བའི་བསིལ་ཟེར་ཅན། ཡང་ཡང་དྲན་པས་ཐུགས་རྗེ་ལྕགས་ཀྱུའི་ཕྲེང༌། །དུང་དུང་བརྩེ་བས་རྗེས་སུ་འཛིན་པར་ཤོག །ཅེས་དེ་ལྟར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཁམས་གསུམ་ཟིལ་གནོན་མཆོད་ཡོན་གྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་སྨན་གྱི་རྒྱུད་བཞི་གྲྭ་ཐང་མར་གྲགས་པ་འདི་ཉིད་འཕྲིན་ལས་ཤིན་ཏུ་རྒྱས་པས་ཡི་གེའི་ཚོགས་མི་གསལ་བར་བརྟེན། རབ་ཚེས་ཀུན་འཛིན་ཞེས་པ་བྱི་བ་གསེར་གྱི་གོས་ཅན་གྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་སྐབས་མདོ་ཁམས་པ་ཆོས་ཀྱི་སེང་གེས་སྨོན་ཚིགས་སུ་སྤེལ་བ་དགེ་ལེགས་འཕེལ། །
སླར་ཡང༌། ཆུ་འབྲུག་ལོར་བཀའ་བསྒྱུར་དགོངས་དོན་ཉེ་ཆར་གསར་བརྐོས་སྨན་དཔེ་རྒྱུད་བཞི་རྩ་འགྲེལ་ལེ་ལག་དང་བཅས་པར་སྐབས་དེར་རྟོག་ཞིབ་ཆུང་སྐྱོན་གྱིས་ཤོ་ལོ་ཀ་སོགས་ཆད་པ་དང༌། ཚིག་འབྲུ་ནོར་སྐྱོན་ལྷག་ཆད་ཇི་སྙེད་ཅིག་འདུག་པར་བརྟེན་སྐྱེ་འགྲོའི་སྲོག་བཟུང་གི་རྩ་བར་སོང་གཤིས་དེ་ལམ་དུ་བཞག་པས་མ་འཐུས་ཤིང་བསྐྱར་ཞུས་ནན་ཏན་དགོས་རྒྱུ་སྤྱི་ཕེབས་བཞིན་ཀུན་མཁྱེན་ྋརྒྱལ་བའི་དབང་པོ་ཕྱག་ན་པདྨོའི་བླ་སྨན་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང༌། ལྕགས་རིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགསབཅས་ནས་ཞུས་དག་ཞུ་སྐབས་ཤོ་ལོ་ཀ་སོགས་ཆད་པ་པར་ཤིང་གསར་བརྗེས་དང༌། ཚིག་འབྲུར་ལྷག་ཆད་ནོར་འཁྲུལ་ཡོད་རིགས་རྣམས་བཅོས་ཏེ་ཞུས་ལེགས་པར་དག་པས་སརྦ་ཛ་ག་ཏཾ། དགེའོ། །
ཞེས་འགྲོ་ཕན་སྨན་རྩིས་ཁང་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་སྤྱིར་བོད་གངས་ཅན་གྱི་ཆོས་སྲིད་སྤྱི་དང་སྒོས་སུ་གསོ་བ་རིག་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཡུན་གནས་དང་དར་ཁྱབ་ཆེད་ད་ལྟ་ལྡན་སྨན་རྩིས་ཁང་གི་པར་མར་གྲགས་པའི་རྒྱུད་བཞི་དེ་ཉིད་མ་ཕྱིར་བཅོལ་ནས་པར་རྩ་རུ་བཅུག་ཅིང་སྤེལ་བའོ།། །།
མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 12:14 PM
<< སྔ་མ།