སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བདུན་པ། ཡོངས་གཏད་ཀྱི་དོན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉེར་བདུན་པ། ཡོངས་གཏད་ཀྱི་དོན་བསྟན་པ། 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དང་པོ་ནད་ཤུགས་མ་རྫོགས་མངོན་ཚུལ་དུས། །གསོ་བ་བྱས་ཀྱང་ནད་དེ་ལམ་ནས་མི་ཟློག་ཅིང༌། །བར་དུ་ནད་རྒྱས་པའི་ཚེ་གཉེན་པོས་འཕྲལ་དུ་མི་ཆོམས། །ཐ་མར་གསོ་བ་ཡན་ལག་བཅུ་གཉིས་སྨན་པ་སྨན་དང་ནད་གཡོག་ནད་པ་བཅས་བཞི་བཞི་སྟེ་བཤད་རྒྱུད་ལྟར་དང་ལྡན་གྱུར་ཀྱང༌། །ནད་ལས་མི་གྲོལ་བར་སྲོག་ནི་ཟད་ནས་འཆི་པར་སྣང༌བ་དང་ ཡང་གཞན་ལ་ལ་དག་ནི་དེ་ལས་གོ་ལྡོག་པར་འགྱུར་བའི་ཕྱིར །གསོ་རིག་སྨན་གྱི་དགོས་པ་ཅི་ཞིག་བྱ། །འཚོ་མཛད་སྨན་པའི་རྒྱལ་པོས་ཐེ་ཚོམ་སོལ། །ཞེས་ཞུས་པ་ལས།

སྟོན་པ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དྲང་སྲོང་ཆེན་པོ་དེ་ལྟ་བུ་ལ་རྟོག་པ་ཟ་མི་འཚལཏེ །ནད་ལ་བཞི་བརྒྱ་རྩ་བཞིར་གྲགས་པ་ལ། །བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །མ་བཅོས་རང་གར་བཞག་པས་ཀྱང་འཚོ་བ་ཡོད། །འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེརབར་བྱེད་དོ །དཔེར་ན་མི་ལ་ལ་ཞིག་འགྱེལ་ཞིང་བུབ་ལག་ནས་འཐེན་པ་འདྲ། །དང་པོ་མངོན་ཚུལ་ཆེ་བར་བྱུང་གྱུར་ཀྱང༌། །མ་བཅོས་རང་གར་བཞག་པས་ལམ་ནས་བཟློག་པ་ཡོད། དེ་ནི་དཔེར་ན་མཁའ་ལ་སྤྲིན་འཐིབས་ཆར་འབབ་པལྟར་སྣང་ཡང་ །གློ་བུར་དུ་སངས་ནས་ཐན་པར་འགྱུར་བ་དང་འདྲའོ །བརྒྱ་དང་རྩ་གཅིག་ནི་ཀུན་བརྟགས་གདོན་གྱི་ནད་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོདཔས ཐོག་མར་གདོན་དེ་བཅོས་ལ་དེ་རྗེས་སྨན་མེད་པར་གྱུར་ཀྱང་འཚོ་བ་ཡང་ཡོདདེ །དཔེར་ན་ཟླ་གྲོགས་མང་པོའི་དཔུང་པ་རོགས་སུ་གཡར་བའི་བཙོན་བུ་དེ་ཉིད་འདོམ་ནུས་པ་དང་འདྲ༌བ་ཡིན་ནོ བརྒྱ་དང་རྩ་གཅིག་ནི་ཡོངས་སུ་གྲུབ་པ་ཚེ་ཡི་ནདཡིན་པས དེ་ནི་མ་བཅོས་ན་འཆི་ལ་བཅོས་ན་འཚོ་བ་ཡོདདོ །དེ་ཡང་དང་པོ་བར་དང་ཐ་མ་གསུམ། །ཚ་བའི་མངོན་ཚུལ་ལམ་ནས་མི་ཟློག་པསྟེ ཚ་བའི་གཉེན་པོ་བཏང་ཡང་ཚ་བའི་གྲོགས་ཀྱིས་ལེན་དུ་མི་སྟེར་བའི་ཕྱིར། །སྟོབས་ཆུང་ཞིང་གྲོགས་མེད་པ་གསར་བུའི་དུས་དེར་མི་ཟློག་མེད། དེ་ལས་འགྱངས་ན་བར་དུ་ནད་རྩལ་རྒྱས་ནས་གཉེན་པོས་ཆོམས་པ་དཀའབ་ཡིན་ཏེ །དཔེར་ན་ཤྭ་ཆུ་སྦུད་ཡི་གདོང་དུ་རགས་བརྩིགས་པ དེ་ཉིད་ཆུས་ཞར་ལ་ཁྱེར་ཡང་ཞར་ལ་རགས་དེ་ལ་རྡོ་སོགས་བསྣན་པ་ཡིས། །ཆུ་དེའི་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང༌ངོ་ །དེ་བཞིན་དུ་ནད་རྒྱས་པ་དང་གཉེན་པོ་གཉིས་འཐབས་པ་ཡིས། ནད་དེ་མི་ཆོམས་པ་འདྲ་ཡང་གཉེན་པོ་བསྟུད་ན་རྗེས་སུ་ནུས་པ་ཐོནཔ་ཡིན་ལ །གྲང་བ་རྒྱས་པ་ནི་ལྕི་བ་གཉེན་པོས་ཆོམས་དཀའ་བ་ཡིན་སྟེ། དེ་ནི་གོ་མཚོན་དང་བཅས་པའི་ཚོང་པ་དཔུང་དང་བཅས་པ་དང་འདྲབས །དེ་ལ་གཉེན་པོ་ཚན་ཆེ་ལ་དར་དྲག་པ་དགོསསོ །བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལསནད་ཡིན་པས །བཅོས་ཀྱང་མི་ཐུབ་དུས་ལ་བབས་པས་འཆི་བའི་ནད་ཡིན་ལ། །དེ་ཡང་བསྡུ་ན་སྲོག་ཀྱི་གཅོད་ནད་དགུར་འདུསཏེ་གང་ཞེ་ན །ཚ་བ་བཅོས་འཕྱིས་དུས་ལས་འདས་པ་ལ་ལས་འདས་དང་མ་འདས་པ་གཉིསནི །དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་དང་འདྲསྟེ དེ་མ་ཞུ་ན་ཆུས་སླེབ་པས་མེ་ལ་ཞུ་ཟིན་ནས་ཆུ་དེས་མི་བཟློགཔ་བཞིན་ནོ། །གྲང་བ་བཅོས་འཕྱིས་པས་གཏིང་ནས་འཁར་བ་དང་མ་འཁར་བ་གཉིསནི །དཔེར་ན་ལྡུམ་བུ་དང་ནི་སྡོང་རྒན་འདྲ། །དང་པོ་སྔོ་ལྡུམ་བུའི་དུས་ཚོས་པ་སླ་ལ་གཉིས་པ་སྡོང་རྒན་ནི་ཚོས་པར་མི་འགྱུརབ་བཞིན་ནོ །རླུང་གི་ནད་བཅོས་འཕྱིས་པས་སྲོག་རྟེན་དབུ་མའི་ནང་གི་རླུང་རྒྱུ་བ་ཆད་པ་དང་མ་ཆད་པ་གཉིསནི །དཔེར་ན་རྐོན་པ་ནང་གི་བྱ་དང་རྐོན་པ་ཤིང་གི་འཕར་འཛུག་ཞེས་ཤིང་ལ་བཅོས་པའི་སྣོད་དེ་བྱ་འཛིན་པ་དང་འདྲསྟེ བྱ་དེ་མ་ཤོར་ན་ཟིན་ལ་ཤོར་ན་སླར་ཟིན་ཐབས་མེདཔ་བཞིན་ནོ །ཟུངས་ཟད་པའི་ནད་པ་ལ་ནི་ནད་དེ་ལ་དེའི་སྲོག་གནས་པ་ཡིན་སྟེ། །ནད་བཅོས་པར་གྱུར་ན་སྲོག་ཀྱང་འཇིག་པའི་ཕྱིར། །དཔེར་ན་རྨང་གིས་མ་ཐུབ་པའོ་རྩིག་པ་འདྲསྟེ་སྟེང་དུ་བཅོས་པས་སྟེང་འོག་གཉིས་ཀ་འཇིགས་པ་བཞིན་ནོ །རྣམ་པར་འཚེ་བའམ་གདོན་གྱིས་བླ་ཁྱེར་བནི འཕྲལ་དེར་འཚོ་བ་འདྲ་ཡང་ངེས་པར་འཆི་བ་ཡིན་སྟེ། །དཔེར་ན་རྒྱུ་མ་ཕུག་པའི་མི་དང་འདྲའོ རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང་སྔོན་བསགས་པའི་ལས་ཀྱི་ལྷག་མ་དང་བསོད་ནམས་ཀྱི་མཐུ་དང་གསུམ་ཟད་པནི་མངོན་པ་འོག་མར་ཚེ་དང་ལས་ཟད་ནས་འཆི་བར་བཤད་ཅིང་གོང་མར་དེ་གཉིས་ཀྱི་སྟེང་དུ་བསོད་ནམས་ཏེ་གསུམ་ག་ཟད་ནས་འཆི་བར་བཤད་དོ །ནད་ལས་གྲོལ་ཡང་རྩ་ཆད་ལུས་སྟོབས་ཤོར་ཞིང་འབྱུང་བ་ལྔ་འགག་པའི་ཕྱིར། །དཔེར་ན་ནམ་གཞུག་ཆད་པའི་ཆར་པ་ཡང་རིམ་གྱིས་ཆད་པ་དང་འདྲའོ ནང་གི་འདུ་བ་གཤེད་དུ་བབས་པ་ན་ནི་ཚ་བ་གྲང་བ་གཉིས་ཀ་ནད་པ་གཅིག་ལ་འདོམ་པས། ཚ་གྲང་གཉིས་གཅིག་བཅོས་ཀྱང་གཅིག་སྐྱེ་གཉེན་པོ་ཀུན་མི་ལེནཔ་ནི །དཔེར་ན་རང་ཐག་ཆོད་པའི་མི་ལ་གྲོས་འདེབས་པ་དང་འདྲའོ ཚ་བའི་ནང་ལ་སྨན་དཔྱད་ཟས་སྤྱོད་ཐམས་ཅད་དྲོད་དུ་སོང་བ་ནི་ནད་དང་བཅོས་ཐབས་སྦྱོར་བ་མཚུངས་པ་ནི་རྒྱུ་རྐྱེན་དང་གཉེན་པོ་གོ་ལོགཔ་སྟེ། །གང་བཅོས་ཀྱང་ནད་ཀྱི་གཉེན་པོར་མི་འགྲོི་བར་གྲོགས་ཀྱི་ཐོག་ཏུ་བབ་པ་སྟེ། དཔེར་ན་དུག་གིས་ཟིན་པའི་མི་ལ་སླར་བཙན་དུག་བླུད་པ་དང་འདྲའོ །གནད་དུ་བབས་པ་ནི་ཤིན་ཏུ་གཉན་པའི་དམིིགས་སུ་མཚོན་ཕོག་པ་སོགས་སྲོག་གི་གནས་བཅོམ་པ་སྟེ། །སྲོག་རྩ་ཆད་པས་དེ་སླར་བཅོས་ཐབས་ཅི་ལ་རྙེདདེ་དཔེར་ན ཆུ་དང་བྲག་གི་གྲས་ཁ་བཙན་པོའི་རྫོང་དགྲ་ལ་ཤོར་བ་དང་འདྲསྟེ དེས་ན་དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་མི་རུང༌།

གསོ་བར་བྱས་པ་དང་མ་བྱས་པ་མཉམ་པོར་བྱ་མི་རིགསཏེ །འཚོ་བ་དང་འཆི་བ་ཀུན་ལ་སྨན་ཡོད་པ་ཡང་མ་ཡིན་ཏེ། དེ་རྣམས་ལ་ཀུན་ཏུ་སྨན་མེད་ཅེས་སྨྲ་ན་དེ་ཡང་མ་ཡིནཏེ དཔེར་ན་མེའི་སྟེང་དུ་ཆུ་བླུག་ན་མི་སོད་པ་ག་ལ་སྲིད། འོན་ཏེ་ཆུ་དེ་ཡང་ཉུང་ཤིང་དམན་ན་སོད་པ་ཤིན་ཏུ་དཀའབ་ལྟར་དང་ །རྩམ་ཟོས་པས་ལྟོགས་པ་མི་སེལ་བ་ག་ལ་སྲིད། །ཆུ་འཐུངས་པ་ཡིས་སྐོམ་པ་མི་སེལ་བ་ག་ལ་སྲིད། །གག་ལྷོག་སོགས་གསོ་བ་མེད་པར་སུ་ཞིག་བདེར་འགྱུར། །ཆུ་འགགས་པ་ལ་སྨན་དཔྱད་མེད་པར་ཅི་ལ་ཐོན། སྨན་དང་གཉེན་པོ་མེད་པར་དུག་ཟ་བ་སུ་ཡིས་ནུས། གྲུབ་མཆོག་བརྒྱད་ཅུ་སོགས་ཀྱི་ནུས་པ་ནི་ལུང་དེ་ལས་གྲགས་པ་བཞིན་དུ་ནད་སེལལོ །དེ་ཕྱིར་གསོ་བ་ལ་ཐེ་ཚོམ་དང་བཅས་པས་མི་བྱའོ །ཞེས་གསུངས་སོ

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །མི་ན་གནས་དང་ན་བ་གསོ་དགོས་པས། །དགོས་པའི་ཐབས་ལ་འབྲེལ་བ་ཡོད་དམ་མེད། །འབྲེལ་མེད་ཆོས་ལ་སྤྱད་པས་ཅི་ཞིག་འགྲུབ། །མར་འདོད་བྱེ་མ་བཙིར་བར་མི་འགྱུར་རམ། །འདི་ལ་སྨན་པའི་རྒྱལ་པོས་བཀའ་སྩོལ་ཞིག །ཅེས་ཞུས་པ་ལས།

སྟོན་པས་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེདངེས་པར་དུ་ཡོད་དེ །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབཅིང་ །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིདཡིན་པའི་ཕྱིར །ལུས་དང་ནད་དང་གཉེན་པོ་རྣམས་ཀྱི་བདག་ཉིད་ནི་འབྱུང་བ་བཞི་ཡིན་པར་གཅིག་པར་འབྲེལ །གནོད་བྱ་དང་གནོད་བྱེད་ཀྱང་རྟེན་དང་བརྟེན་པར་འབྲེལལོ །གསོ་བར་བྱ་རྒྱུའི་ནད་པ་དང་གསོ་བར་བྱེད་པ་པོ་སྨན་པ་དེ་ཡང་བསོད་ནམས་ལས་ཀྱིས་དབང་གིས་འབྲེལབ་ཡན་ཏེ་དཔེར་ན །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ། །མི་ཤེས་པ་ཤེས་པར་བྱེད་པ་ནི་གསོ་བ་རིག་པའི་གཞུང་དང་ཐབས་སུ་འབྲེལ །ཐབས་དེ་ལས་བྱུང་བ་ནི་འདུ་བ་སྙོམས་པར་འབྲེལཞིང་ །འདུ་བ་སྙོམས་པ་དེ་ནི་ནད་མེད་པ་བདེ་བར་གནས་པ་དང་འབྲེལ །ཐབས་ཏེ་གསོ་དཔྱད་གཞུང་དང་ཐབས་བྱུང་དེ་དང་དེ་ལས་བྱུང་བར་མི་ན་བས་དག་འབྲེལ དེ་ཅིའི་ཕྱིར་ཞེ་ན་གསོ་བྱའི་ནད་དང་གསོ་བྱེད་ཀྱི་དོན་བྱེད་པར་ནུས་པ་དེའི་ཕྱིར་དེ་ལ་རག་ལུས་པའི་ཕྱིརརོ །ཞེས་གསུངས་སོ།

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ལ་སོགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྡེབས་ནས་སྟོན་པ་ལ་བསྟོད་པ། །ཀྱེ་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད། །སྟོན་པའི་ཐུགས་ལ་མ་རིག་མུན་པ་མེད། །རྟོག་མེད་སྤྲོས་བྲལ་རིག་པའི་ཡེ་ཤེས་ཉིད། །ཐུགས་རྗེའི་འོད་ཀྱིས་འགྲོ་བའི་མུན་པ་སེལ། །ཐམས་ཅད་འདུས་པའི་རྩ་རྒྱུད་ཐུགས་ལས་བྱུང༌། །མཉམ་ཉིད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་སྐུ་ལ་བགྲེས་རྒུད་བསྙེལ་བ་མེད། །གསལ་སྟོང་སྤྲོས་བྲལ་བཻཌཱུརྱ་འདྲའི་སྐུ། །སྐུ་ཡི་འོད་ཟེར་འགྲོ་བའི་ནད་རྣམས་སེལ། །ཐ་སྙད་མ་རྨོངས་བཤད་རྒྱུད་སྐུ་ལས་བྱུང༌། །མཚན་དཔེ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །སྟོན་པའི་ཡོན་ཏན་ཟད་མེད་འཕེལ་བ་མེད། །ཐམས་ཅད་མཁྱེན་པ་སངས་རྒྱས་སྨན་གྱི་བླ། །ཡོན་ཏན་འོད་ཟེར་འགྲོ་བའི་སྡུག་འཕོངས་སེལ། །མན་ངག་རྒྱུད་ནི་ཡོན་ཏན་ཉིད་ལས་བྱུང༌། །རིན་ཅེན་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་ཕྲིན་ལས་གང་ཡང་ཐོགས་པ་མེད། །ཞི་རྒྱས་དབང་དྲག་བཞི་རྫོགས་རྒྱལ་ཆེན་པོ། །ཕྲིན་ལས་འོད་ཟེར་འགྲོ་བའི་ནད་གདོན་སེལ། །ཕྱི་མ་རྒྱུད་ནི་ཕྲིན་ལས་ཉིད་ལས་བྱུང༌། །དཔའ་བོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྟོན་པའི་གསུང་ནི་འགག་མེད་ཚངས་པའི་གསུང༌། །གཅིག་ལ་ཀུན་གོ་འཁོར་ཚོགས་འདོད་པ་སྐོང༌། །གསུང་གི་འོད་ཟེར་འགྲོ་བའི་ངག་སྒྲིབ་སེལ། །རྒྱུད་བཞིའི་ཞུས་ལན་སྟོན་པའི་གསུང་ལས་བྱུང༌། །གསལ་དག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་མངོན་པར་བསྟོད་དོ

དེ་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་རྒྱུད་ལ་བསྔགས་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་དྲང་སྲོང་ཡིད་ལས་སྐྱེས། །རྩ་བ་ཐུགས་ཀྱི་རྒྱུད་འདི་ནི་ས་བོན་འདྲསྟེ །འདི་ལས་མ་སྐྱེས་པའི་གསོ་དཔྱད་ནི་གང་ཡང་ཡོད་པར་མ་ཡིནནོ །སྐུ་ཡི་བཤད་རྒྱུད་ནི་བར་སྣང་གི་ཉི་ཟླ་དང་འདྲསྟེ །ཚིག་དོན་མ་ལུས་པ་སྒྲིབ་པ་མེད་པར་གསལ་བར་སྟོནཔ་ཡིན་ནོ །མན་ངག་ཡོན་ཏན་གྱི་རྒྱུད་འདིནི་ནོར་བུ་དང་འདྲསྟེ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེདདོ །ཕྱི་མ་ཕྲིན་ལས་ཀྱི་རྒྱུད་འདི་ནི་རྡོ་རྗེ་ཕ་ལམ་དང་འདྲསྟེ །ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིནཔས་སོ །རིག་པའི་ཡེ་ཤེས་ནམ་མཁའི་མཛོད་དང་འདྲ། །དྲིས་པའི་ལན་ལ་ཟད་མི་ཤེས་པར་སྟོན། །གསུང་སྤྲུལ་ཡིད་ལས་སྐྱེས་ནི་སེང་གེ་འདྲ། །ཞུ་བའི་ཚིག་ལ་ཞུམ་ཞིང་སྐྲག་པ་མེད། །ཐམས་ཅད་འདུས་པའི་རྒྱུད་འདི་ནི་བྱ་ཁྱུང་ནམ་མཁར་ལྡིང་བ་དང་འདྲསྟེ །ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད། །ཡིད་དུ་འོང་བས་ཁུ་བྱུག་གསུང་སྙན་འདྲ། །འགྲོ་བ་གང་གིས་ཐོས་པས་སྤྲོ་བ་སྐྱེད། ཀུན་ཏུ་དཀོན་པས་ཨུ་དུམ་ཝ་ར་འདྲ། །ཐོས་མཐོང་སྤྱོད་པ་སྐལ་ལྡན་རེ་རེ་ཙམ། །ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། རྒྱུད་འདི་ནི་སྔགས་ལ་ལྟོས་པ་མེད་པ་ཡི་འགྲོ་བའི་ཉེར་འཚེ་སྲུང་ཐུབ་པའི་སྲུང་སྐུད་མཆོག་ཏུ་གྱུར་པ་ཡིན། །འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །འདུ་བ་འཕེལ་ཟད་སྙོམས་པའི་སྤྱི་པ་ཡིན། །དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཡིན། །ནད་ཀྱི་ཟུག་གཟེར་གཅོག་པའི་ཐོ་བ་ཡིན། །སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་ཀྱུ་ཡིན། །འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུང །ཞེས་གསུངས་སོ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྒྱུད་ཀྱི་རྒྱལ་པོ་གསང་བ་མན་ངག་རྒྱུད། །དུས་ཀྱི་ཐ་མ་ཇི་ལྟ་བུ་ལ་གཏད། །མི་བསྟན་སྦ་བའི་སྣོད་ངན་གང་ལ་གསང༌། །གསང་དང་གཏད་པའི་སྐྱོན་དང་ཡོན་ཏན་གང༌། །འཚོ་མཛད་ཁྱོད་ཀྱིས་བདག་ལ་ལུང་སྟོན་ཅིག །ཅེས་ཞུས་པ་ལས།

སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཁྱོད་ཉོན་ཅིག །གཏད་པའི་སྣོད་ལ་བཟང་ངན་ཅི་སྟེ་མེད། །སྣོད་ངན་རྣམས་ཀྱིས་གདམས་པའི་བཅུད་མི་ཐུབ། །དཔེར་ན་སེང་གེ་དཀར་མོའི་འོ་མ་དེ། །རིན་ཆེན་མ་ཡིན་སྣོད་ངན་ཕལ་པར་བླུག །སྣོད་ཀྱང་ཆག་ལ་འོ་མའི་བཅུད་ཀྱིང་འབོ། །དེ་ཕྱིར་གསང་བའི་སྣོད་ངན་འདི་ལྟ་བུ། །སློབ་དཔོན་འདི་ཡིན་གསང་ཞིང་རང་ཉིད་མཁས་འདོད་ཀྱིས་ཆེ་བ་འབྱིན་པ་དང༌། སློབས་དཔོན་ལ་མན་ངག་ཐབས་ཀྱིས་བརྐུ་ཞིང་ཇི་ལྟ་བར་མི་ཞུ་བས་གཞོགས་སློང་བྱེད་པ་དང༌། སློབ་དཔོན་ལ་དྲིན་ལན་མེད་པ་དང་ཁྱད་གསོད་བྱེད་པ་སོགས་ལ་ཤོར་ར་རེ། ཕན་སེམས་མེད་པར་གཡོ་དང་རྒྱུས་འགྲོ་བའི་ནོར་ལ་འཇབ་པ་དང༌། རང་མཁས་འདོད་ཀྱིས་ང་རྒྱལ་དང་དྲེགས་པས་བཅིངས་པ་དང་སྙིང་རྗེ་མེདཔ་དང་ །ཚེ་འདི་ཉིས་ཀྱི་ཁེངས་གྲགས་སམ་འདོད་པ་གཙོར་འཛིན་པའི་ལག་ཏུ་ཤོར་ར་རེ། །གསེར་གཡུ་དང་རྟ་དང་ཁྲབ་ལ་སོགས་པའི་ཡོན་གྱིས་མི་བླུ་བར། །ཁ་འཇམ་པོས་བྲིད་བ་ལྟར་བྱེད་པ་པོའི་ལག་ཏུ་ཤོར་ར་རེ། དེ་ལྟར་སྐལ་མེད་སྣོད་དང་མི་ལྡན་ན། །ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་བཞིན། །བསྐལ་པ་འཁྲུགས་ཀྱང་ཁ་རུ་མི་དབྱུང་གསང༌། གཞན་ཡང་སྲོག་གཅོད་པ་དང་སེར་བ་འབེབས་པ་དང་གཏད་མནན་དང་དུག་སྦྱོར་ལ་སོགས་པ། །མུ་སྟེགས་ཀྱི་ཆོས་སམ་དེ་དང་འདྲ་བའི་ཆོས་དང་གསོ་བ་རིག་པ་འདི་ཉིད་མི་རྗེ། །རྫུན་རིས་ཀྱིས་ལུང་སྟོན་པ་མོ་སོགས་གཤེན་རབ་བོན་གྱི་གཞུང་དང་གསེར་འགྱུར་སོགས་བཟོ་ཡི་རིགསཔ་དང་ །ཁ་གཤགས་འཇིག་རྟེན་པའི་བསྟན་བཅོས་དང་ཐ་སྙད་རྟོག་གེའི་ཆོས་དང་གསོ་བ་རིག་པ་འདི་མི་རྗེ། །དེ་ལྟར་སྣོད་ངན་རྣམས་ལ་མ་གསངས་སྐྱོནགང་ཡོད་ཅེ་ན་ །གདམས་པ་མ་ཐུབ་སྤེལ་བས་རང་ལ་མཁས་ཁྱད་མེདཔ་དང་ སློབ་མ་དེའི་རྒྱུད་མ་དག་པའི་དུག་དང་འདྲེས་པས་གཞན་དག་འགྲོ་བ་ཀུན་ལ་ཕན་མི་ཐོགས། སེམས་མ་རུང་པས་ཁོང་དུ་རུལ་བས་གདམས་པའི་མགོ་མི་ཐོན། རང་གཞན་གཉིས་ཀ་དམ་ཚིག་ཉམས་པས་ཕྱི་མ་ངན་འགྲོར་ལྷུང༌བར་འགྱུར་བས །དེ་ཕྱིར་ཤིན་ཏུ་གསོངས་ཤིག་དྲང་སྲོང་རྣམས།

རྒྱུད་འདི་གཏད་པར་བྱ་བའི་སྣོད་ལྡན་ནི། །དམ་ཚིག་ལྡན་པས་བླ་མ་སྤྱི་བོར་འཁུར། །ནོར་དང་སྲོག་ལ་ཕོངས་པ་མེད་པར་སློབ་དཔོན་ལགཏང་ཕོད་ནུས། །ཤེས་རབ་ཆེ་བས་ཚིག་དོན་འགལ་འབྲེལ་འབྱེདཤེས་ཤིང་ །བྱམས་སེམས་ཆེ་བས་སེམས་ཅན་གཞན་དོན་གཙོ་བོར་ལེནནུས་པ ཆོས་ལ་བློ་སེམས་བྲང་གསུམ་གཏད་ཅིང་གཡོ་རྒྱུ་ཟོལ་ཟོག་མེད། དེ་ལྟར་སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱིཤིག སློབ་མ་དེལྟ་བུས་ཀྱང་སློབ་དཔོན་མཉེས་པའི་ཡོན་གྱིས་མི་བླུ་ན། གསོ་བ་རིག་པའི་རྒྱུད་འདི་བྱིན་པར་མི་བྱ་སྟེ་སློབ་མ་དེས་སློབ་དཔོན་དམ་པར་འཛིན་མི་འགྱུརབའི་ཕྱིར། །དེ་ལྟར་སྣོད་ལྡན་གཅིག་ལས་གཅིག་བརྒྱུད་ནས། །རྒྱུན་མི་ཆད་པར་འགྲོ་དོན་བྱེད་པར་བསྔོ། །སྣོད་དང་ལྡན་པས་རྒྱུད་འདི་སུས་འཆང་བ། །ཚེ་འདིར་བཙན་ཕྱུག་ཕན་དར་འཛོམ་པ་དང༌། །འགྲོ་བ་སྤྱིས་འཁུར་དཔལ་གྲགས་ཐོབ་པ་དང༌། །ཕྱི་མ་བྱང་ཆུབ་གོ་ཕང་འགྲུབ་པར་བསྔོ། །འགྲོ་ཀུན་ནད་ཀྱི་སྡུག་བསྔལ་བྲལ་བ་དང༌། །དུས་མིན་འཆི་བའི་རྐྱེན་ལས་ཐར་བར་བསྔོ། །ང་ཡི་བཀའ་བཙན་བྱིན་ཆེ་དར་བ་དང༌། །ཇི་ལྟར་བཏབ་པའི་སྨོན་ལམ་འགྲུབ་པར་བསྔོ། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུའི་གསང་བར་ཐིམ་པར་གྱུར་ཏོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།།  །།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་བྱིན་རླབས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་མཛད་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་ཡོངས་སུ་རྫོགས་སོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།