སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།




ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ། 

གག་ལྷོག་གི་ལེའུ་གསུངས་པའི་མཇུག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཆམ་པའི་རིམས་ལ་རྒྱུ་དང་རྐྱེན་དང་དབྱེ་བ་དང་དེའི་རྟགས་དང་བཅོས་པའི་ཐབས་སོགས་ཇི་ལྟར་ཡོད་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་སྟོན་པས་ལན་གསུངས་པ།

ཆམ་པའི་རྒྱུ་ནི་ངོ་བོ་རིམས་སྤྱི་དང་ཕྱོགས་འདྲ་བ་ཡིན་ལ། རྐྱེན་ནི་ཁྱད་པར་མི་གཙང་བའི་ཟས་དང་སྤྱོད་ལམ་དང་ཁ་ཟས་སོགས་འདྲེས་པ་དང་སྣ་བུག་གཡས་གཡོན་གཉིས་ནས་མར་རྩ་རོ་རྐྱང་གི་སྣ་ཟངས་དུང་ཁ་གདངས་པ་ལྟ་བུ་ཡོད་པ་ལས་དེ་ལ་རྡུལ་འཚུབ་དང་གྲིབ་ཕོགགདོན་སོགས་ཀྱིས་རྐྱེན་ལས་འབྱུང་བ་ཡིན་ཅིང་རྩ་དེ་ཆམ་ལ་ཕབ་པས་ཆམ་པར་ཀྱང་གྲགས་པ་ཡིན། དབྱེ་བ་ཕྱེ་ན་གྲེ་ཆམ་དང་གློ་ཆམ་དང་རིམས་ཆམ་དང་སྣ་ཆམ་ཞེས་པ་དག་དང་རྣམ་པ་བཞི་ཡིན་ནོ།།

དེ་རྣམས་ངོས་འཛིན་པའི་རྟགས་གྲེ་ཆམ་དང་པོ་གྲེ་བ་དང་རྐན་མཚུལ་རྣམས་ཚ་ལ་བར་དུ་སྣ་ནས་ཆུ་འཛག་ཅིང་མཚུལ་པ་འགགས་པ་དང་ཐ་མ་ལ་སྦྲིད་པ་མང་པོ་ཡང་ཡང་དུ་བསྟུད་ཅིང་འོང་ངོ༌། །བྱེ་བྲག་གློ་ཆམ་ལའང་གྲེ་ཆམ་འདྲ་བར་དང་པོར་གྲེ་བ་ཚ་ཞིང་འཛེར་ལ་བར་དུ་གློ་མང་ཞིང་མགོ་དང་བྲང་རྒྱབ་ན་བ་དང༌། ཐ་མ་ལུད་པ་རྣག་ཏུ་ལུ་ཞིང་གློ་གཅོང་དུ་འགྱུར་རོ། རིམས་ཆམ་ནི་མགོ་དང་ཚིགས་གཞི་དང་བྱིན་པ་ཉྭ་སོགས་ན་ལ་རོ་སྟོད་མི་བདེ་ཞིང་བརླ་དང་རྐེད་པ་བརྡུངས་སྙམ་བྱེད་པ་དང་ཁ་ཁ་ལ་དང་ག་མི་བདེ་ཞིང་གྲང་ཤུམ་བྱེད་ཅིང་སྲོད་ལ་ཤ་ཚ་ཞིང་རྨི་ལམ་དུ་ཟ་ཟི་མང་བ་འབྱུང་ཞིང༌། དེ་ལ་དྲག་ཤུལ་གྱི་རིགས་དང་བཅུད་ཤོར་བས་རྒྱས་པར་གྱུར་ན་ཆམ་པར་སྐྱུར་ཤོར་བ་ཞེས་སུ་བྱ་སྟེ་ཤི་བ་མང་ངོ༌། །སྣ་ཆམ་ནི་སྣ་ཚ་ཞིང་ཟ་གཡའ་བྱེད་ན་སྣ་ཆུ་མང་ངོ༌།།

བཅོས་པའི་ཐབས་ནི་གྲེ་ཆམ་ལ་ཟས་དང་སྤྱོད་ལམ་གཟབ་པས་འཚོ་ཞིང༌། གློ་ཆམ་ལ་ཨ་རུ་རའི་ཁམ་མུར་བྱ་བ་དང་སྲོ་ལོ་དཀར་པོ་དང་ཤིང་མངར་དང་སྤང་རྒྱན་རྣམས་ཀྱི་གྲང་ཐང་བཏང༌། གྲེ་བ་ཚ་ཞིང་འཛེར་ན་ལི་ཤི་དྲུག་པ་ཕྱི་རྒྱུད་ལྟར་སྦྱར་བ་དང་མཇུག་ཏུ་ཆམ་རྒན་ལ་སོང་ནས་ལུད་པ་མ་ཆོད་ན་རྒྱུད་ཕྱི་མའི་ག་བུར་ཉི་ཤུ་རྩ་ལྔས་ཚ་བའི་གཏིང་བཏོན་ལ་བུར་དཀར་དང་གསར་འཇམ་གྱི་རིགས་བསིལ་བཅུད་ཀྱིས་གློ་རླུང་གསོའོ། །ཆམ་རིམས་ལ་དང་པོ་ཟས་མེད་པར་སྨྱུང་བར་འདུག་ལ་ཆུ་བསྐོལ་བཏུང་བ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་སླེ་ཏྲེས་དང་ཏིག་ཏ་དང་མ་ནུ་དང་ཧོང་ལེན་གྱི་ཐང་བཏང་ལ་གོས་ཀྱིས་བྱིབས་པའི་རྔུལ་དུ་དབྱུང་ཞིང་ཚ་བ་སྨིན་པ་དང་གསོད་པ་དུས་གཅིག་ཏུ་བྱེད་པ་ཡིན་ཏེ་དྲི་བཟང་བཞི་ཞེས་པར་མཆན་ལ་ལར་ད་ལིས་སུག་སྨེལ་གནྡྷ་པ་ཏྲ་གེ་སར་བཞི་དང༌། ཡང་སུག་སྨེལ། མ་ནུ་པ་ཏྲ། པདྨ་གེ་སར། ལི་ཤི་ཟེར་བ་དང༌། བྱ་པ་བཀྲ་ཤིས་རྣམ་རྒྱལ་བ་ནི། དྲི་བཟང་ཞེས་པ་ག་དུར་བཞི་ཞེས་པར་ཤིང་ཚ་སུག་སྨེལ་གནྡྷ་པ་ཏྲ་གེ་སར་ཞེས་བཀོད་འདུག་པ་དང༌། ཡན་ལག་བརྒྱད་པར། ཤིང་ཚ་སུག་སྨེལ་པ་ཏྲ་དང༌། གེ་སར་དང་བཅས་དྲི་བཟང་བཞི། ཞེས་སོགས་འདུག་ཀྱང༌། ཟླ་ཟེར་དུ་ནི། ཤིང་ཚ་ཞོ་དོ། །སུག་སྨེལ་ཞོ་གསུམ། གནྡྷ་པ་ཏྲ་ཞོ་དྲུགཅུ་གང་ཞོ་བརྒྱད་དོ་གསུངས་པ་དེ་ཞོ་དང་སྦྱར་བས་ཆམ་པ་སེལ་ལོ། །ཡང་ན་སེ་འབྲུ་དང་སྐྱུ་རུ་ར་ཞོ་དང་སྦྱར་བས་ཀྱང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །ཡང་བ་ལུ་དང་ད་ཏྲིག་དང་སྟར་བུ་དང་སྒ་སྐྱ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ། ཟི་ར་དཀར་པོ་དབྱི་མོང་ཙི་ཏྲ་ཀ་རྣམས་བསྲེས་པ་ཆ་གཉིས། གོང་གི་དྲི་བཟང་བཞི་ལ་ཆ་ཕྱེད་དེ་ཀ་ར་དང་སྦྱར་བས་ལུད་པ་དང་ཆམ་པ་རྒྱས་པ་དང་དབུགས་མི་བདེ་བ་རྣམས་འཇོམས་པར་བྱེད་ཅིང་སྐད་སྙན་ལ་ཡི་ག་འབྱེད་དོ། །སྣ་ཆམ་ནི་ཡོས་ཀྱི་རླངས་པས་བདུགས་ན་ཕན་ཞིང༌། ཆུ་འཕྲུལ་ཞེས་ཨ་སྦྱར་ཆུ་གྲོག་གཉིས་དང་འདྲ་བ་ཟས་ཀྱི་ནད་ཆེན་དུ་དོགས་པའི་མཆན་བུ་དང་བཤད་པ་སོགས་རེ་གཉིས་སྣང་ཡང་མཁྲིས་པའི་བཅོས་སུ་བཤད་པའི་ཆུའི་འཁྲུལ་འཁོར་གྱི་རིགས་ཀྱི་དཔྱད་དམ་སྤྱོད་ལམ་དང༌། ཟས་ནི་ཆབ་ཚ་སྟེ་ཇ་འཇམ་པ་དང་ཕྱེ་ཚོད་དང་བ་རའི་ཞོ་དར་བསྟེན་པ་དང༌། དྲག་ཤུལ་གྱི་རིགས་དང་ཉིན་པར་གཉིད་ལོག་པ་དྲོད་དང་བཅུད་ཀྱི་རིགས་སྤང་པར་བྱ་ཞིང༌། དེ་དག་ཟས་སྤྱོད་ལོག་པས་འགྲམས་ནས་རིམས་སམ་ཡང་ན་འཁྲུགས་སུ་ཤོར་བ་ཡིན་ན་བརྩོན་པས་འགྲམས་འཁྲུགས་རང་རང་གི་གཞུང་བཞིན་དུ་བཅོས་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆམ་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །འདི་ཡན་གྱི་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་གསུམ་པ་ཚད་པའི་སྐོར་རྣམས་བཤད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།